ཚུལ་ཁྲིམས་ཟླ་བ།
དབང་ཕྱུག་དཀའ་ཐུབ་བསྐྱེད་དེ་མཚམས་ལ་འདུག་དུས། །
དབུ་མས་འཇོ་སྒེག་ངོམ་ནས་ཞབས་ཏོག་སྒྲུབ་དུས། །
རིག་བྱེད་སྟོང་གི་སྟི་གནས་གངས་དཀར་ལྷུན་པོ། །
ཚོགས་བདག་གླང་སྣ་འཁྲུངས་སའི་སྐྱེས་ཡུལ་ཡིན་སོང་། །
རུ་བཞི་ས་ཡི་གཤོང་མོ་ཆུ་ཡིས་གང་དུས། །
ཀོང་པོའི་ཆུ་ལག་ཞིག་ཏུ་རིམ་གྱིས་ཐིམ་དུས། །
མཐོན་པོའི་གནམ་ལ་སྙེགས་པའི་གངས་དཀར་ལྷུན་པོ། །
ཁ་བ་གངས་ཅན་ཐོགས་སའི་གཞི་མ་ཡིན་སོང་། །
ཐོན་མི་རྒྱ་ལ་སོང་ནས་བོད་ཡིག་བཟོ་དུས། །
པན་གྲུབ་བོད་དུ་ཕེབས་ནས་རྒྱ་ཆོས་བསྒྱུར་དུས། །
གཟི་མདངས་ཕྱོགས་སུ་རྒྱས་པའི་གངས་དཀར་ལྷུན་པོ། །
གངས་ཅན་བོད་པ་ཚང་གི་སྙིང་ནོར་ཡིན་སོང་། །
བོན་རྒན་ཞེ་སྡང་ལང་ནས་ཏི་སེར་འཛེགས་དུས། །
མི་ལ་རས་ཀྱང་དགུན་དུས་ཚ་བ་འབར་དུས། །
ཤེལ་གྱི་མཆོད་རྟེན་གྲགས་པའི་གངས་དཀར་ལྷུན་པོ། །
བན་བོན་གྲུབ་རྟགས་འགྲན་སའི་རྩ་བ་ཡིན་སོང་། །
བྱིན་རླབས་ལྷོ་སྤྲིན་བཞིན་དུ་དགུང་ནས་འཐིབ་དུས། །
དད་པའི་ཕྱག་རྒྱ་འཇོང་མོ་སྙིང་ཁར་སྦྱར་དུས། །
བུ་ཡུག་རྡུལ་ལྟར་འཚུབ་པའི་གངས་དཀར་ལྷུན་པོ། །
རྐང་བགྲོད་ཨ་སྐྱོ་སྟོང་གི་སྐོར་ས་ཡིན་སོང་། །
ང་དགུའི་སྡུག་གི་ལོ་ནག་གནམ་ལ་ཚེས་དུས། །
ཁ་བའི་རྣམ་ཤེས་ཁྲི་སྟོང་གཞན་ཡུལ་རྫངས་དུས། །
དམར་པོ་ཁྲག་གིས་གཡོག་པའི་གངས་དཀར་ལྷུན་པོ། །
གངས་ཅན་བོད་པ་ཚང་གི་དུར་ས་ཡིན་སོང་། །
སྟོང་ལོ་བརྒྱད་པའི་རུ་བསྟར་མདུན་ལ་སྒྲིག་དུས། །
ཁ་བའི་དཔའ་རྒོད་ལུས་ནས་དུ་བ་འཕྱུར་དུས། །
མེ་ལྕེ་དམར་པོའི་ཀློང་གི་གངས་དཀར་ལྷུན་པོ། །
གངས་བུའི་སྙིང་སྟོབས་སྟོང་གི་ཨ་མ་ཡིན་སོང་། །
རྩོམ་སྙན་པོ་འདུག་ཐུགས་་རྗེ་ཆེ་ལགས།
རྩོམ་སྙན་པོ་འདུག་ཐུགས་་རྗེ་ཆེ་ལགས།
ལགས་སོ་བསྟོད་བསྔགས་གནང་བར་ཐུགས་རྗེ་ཆེ།
མི་ལ་རས་ཀྱང་དགུན་དུས་ཚ་བ་འབར་དུས། །ཞེས་པ། མི་ལའི་རས་རྐྱང་དགུན་དུས་དྲོད་ཀྱིས་ཁྱབ་དུས། །ཞེས་པར་བཅོས། མི་ལ་རས་ཀྱང་ཞེས་པ་མི་ལའི་རས་རྐྱང་ཞེས་སུ་ངེས་པར་བཅོས། གཞན་ལེགས་སོ།།
ཚོགས་བདག་གླང་སྣ་འཁྲུངས་སའི་སྐྱེས་ཡུལ་ཡིན་སོང་། །ཞེས་འཁྲུངས་ས་དང་སྐྱེས་ཡུལ་དོན་གཅིག་ཟློས་པ་གང་ཞིག་ཡུལ་གཅིག་ལ་ཞེ་ས་ཡོད་མེད་གཉིས་ཅུང་མི་མཛེས།
བོད་ཀྱི་དོད་ཁ་བ་ཞེས་པ་ཡང་ཅུང་མི་བདེ། ད་དུང་ཅུང་བཅོས་དགོས་པ་ཡང་རིག རྩོམ་གྱི་སྒྲོམ་ལེགས་པར་སྣང་བས་དགའ་འོ།།
ལགས་སོ། །བཅོས་རོགས་གནང་།
ཧཧཧཧ
གངས་རིན་པོ་ཆེས་མཁྱེན་ནོ།
གངས་དཀར་ཏི་སེས་གཟིགས་རོགས།
ཀེ་ལ་ཀྰ་ཤ་དང་ན་མོ་བུདྷ་ཡ།
རི་རྒྱལ་ལྷུན་པོར་ཕྱག་འཚལ་ལོ།
དཔེ་ཡག་པོ་བྲིས་འདུག་རྗེས་སུ་ཡི་རང་ཡོད།
ངོ་མ་མཁྱེན་ཚ། གླིང་བཞི་ཀུན་ལ་ཞི་བདེ། དྲང་བདེ། འདྲ་མཉམ། འཆམ་མཐུན། གཅིག་སྒྲིལ། ལ་སོགས་ཀྱི་དཔྱིད་བསིལ་རླུང་བུ་ལྡང་ནས་ཕྱོགས་ཀུན་ལ་ཞི་བདེ། དྲང་བདེ། འདྲ་མཉམ། སོགས་ཀྱི་མེ་ཏོག་རྣམ་པ་དཀྲ་ལ། འགྲོ་ཀུན་ལ་སྤྲོ་སྣང་བག་ཡངས་བའི་་བདེ་སྐྱི་འོད་སྣང་གསར་པ་ཞིག་སྤྱིན། འོན་ཀྱང་མི་རབས་ནས་མི་རབས་དང་ལོ་རབས་ནས་རབས་འགྱུར་བ་མེད་པའི་དཀར་གཙང་གངས་རི་ལ་ དེ་འདྲ་བའི་བསིལ་རླུང་ལྡང་རྒྱུ་ལྟ་ཅིག། ད་ངུང་། ཡང་འཇིག་སྐྲགས། དངངས་སྐྲག། གདུག་རྩུབ།སོགས་ཀྱི་བར་ནས་དབུགས་བརྒྱུད་ཀྱང་གཏོང་དཀའ་བའི་གནས་སུ་གྱར། མདོར་ན་དཀར་གཙང་གི་གངས་རི་དེ། དུས་དེ་རིང་ནི། དམར་གདངས་སྐྲ་བའི་ཁྲ་དྲི་འཁྱིལ། ལ་ཡར་ཀླུངས་གཙང་བོའི་ཆུ་བོ་ཡང་
དམར་ལང་ལོང་དུ་རྒྱུགས། དེ་ནི་། གཟུགས་ཁྲག་སྟེ། ཁ་བ་རིགས་པའི་བོད་མི་རྣམས་ཀྱི་ཁུར་ཁྲགས་ཡིན། འོ་་་་་བྱས་ན།ཅི་ཞིག་ལ་བརྩོན་ན་ ཁ་བ་གངས་རི་དེ་ལ་ཞི་བདེ་། དྲང་བདེ། འདྲ་མཉམ། མདོར་ན་ཐོབ་འདོད་པའི་འབྲས་བུ་དག་ཐོབ་སྲིད་དམ། གང་ལྟར། མུ་མཐུན་ལམ་འདིར་འགྱུར་ལྡོག་མེད་ན། ནམ་ཞིག་གངས་རི་དེ་ཁུ་ཁྲག་དང་མཉམ་དུ་ལྷོག་ལྷོག་དུ་ལྡང་བའི་ཡར་ཀླུངས་གཙང་བའི་ཆུ་བོ་མཉམ་དུ་འཇིག་རྟེན་དེ་ནས་་ཁ་བྲལ་སྲིད། འཇིག་སྣང་ལ་ཨ། དུས་ནམ་ཞིག་ལ་གངས་རིའི་ཁྲག་དྲི་དག་གཙང་སེལ་ཐུབ་ནས་ སྔར་བཞིན་ལྷད་མེད་པར་དཀར་གཙང་ཞིག་ཆགས་ཐུབ། རྡོ་ཚེ་ནས།