སྐྱོ་བྲག་དགའ་དབང་།
ས་འཛམ་གླིང་ཡང་རྩེ་བོད་ཡུལ་གྱི། །
རི་མཐོན་པོ་དགུང་ལ་རེག་པ་འདི། །
བོད་མེས་པོའི་བླ་རི་ཏི་སེ་སྟེ། །
ཕ་མི་ལ་རས་པའི་སྒྲུབ་གནས་རེད། །
ཕྱི་གངས་དཀར་ལྷུན་པོ་གཟི་བརྗིད་འབར། །
ནང་ཞི་ཁྲོ་རབ་འབྱམས་ལྷམ་མེ་བཞུགས། །
མཚན་སྙན་པ་ཤིན་ཏུ་གྲགས་ཆེ་བས། །
རིའི་རྒྱལ་པོ་རི་རབ་ཅེས་ཀྱང་ཟེར། །
རང་ས་ནས་དར་བའི་བོན་པོ་དང་། །
ཕྱིའི་ཡུལ་ནས་བྱུང་བའི་ནང་པ་སོགས། །
ཆོས་སྨྲ་བ་མང་པོའི་གནས་རི་སྟེ། །
ཕྱོགས་ཀུན་ནས་མཇལ་སྐོར་ཡོང་ས་རེད། །
མཐོ་ནམ་མཁའ་གུར་ཁྱིམ་བཞིན་དུ་ཕུབ། །
སྤྲིན་དཀར་པོ་བླ་རེ་བཞིན་དུ་བྲེས། །
སྤང་སྔོན་པོ་གཡུ་ཞུན་བཞིན་དུ་བྱུག །
རྩི་མེ་ཏོག་འཇའ་ཚོན་བཞིན་དུ་ཤར། །
བྱ་བྱིའུ་རི་དྭགས་བག་ཡངས་རྒྱུ། །
ཆུ་རྫ་ཆབ་སིལ་མ་ལྷུང་ལྷུང་འབབ། །
གངས་ཁ་བའི་འདབ་ལོ་ཐར་ཐོར་བྲུལ། །
རླུང་བསིལ་བུའི་སྒྲ་དབྱངས་ལྷང་ལྷང་སྒྲོག །
ཁམས་དྭངས་ཤིང་རིག་པ་གསལ་བས་ན། །
ཕོ་བཀའ་བརྒྱུད་བླ་མའི་གཞིས་ཁྱིམ་སྟེ། །
བུ་བདག་ཀྱང་མཉམ་བཞག་ངང་དུ་ཕྱོགས། །
སེམས་ཆོས་སྐུར་མཐོང་བའི་བྱིན་རློབ་ཞུའོ། །
རི་བླ་རི་གངས་དཀར་ཏི་སེ།
མཚོ་བླ་མཚོ་མ་པང་གཡུ་མཚོ།
བྲག་བླ་བྲག་རྟ་སྒོ་ངོ་དམར།
ཞང་རྒྱལ་པོ་ཡི་བླ་རྟགས་ཡིན།
ཁྱོད་སྲིད་པ་གཤེན་གྱི་གངས་དཀར།
དུས་དེང་སང་ཆགས་པའི་བ་མོ།
མིང་བསྒྱུར་མ་ནུས་ད་དུང་ཡང།
ཞང་སྐད་མིང་དུ་མངོན་པར་བརྗིད།
རི་རྒྱལ་ཏི་སེ་ང་ཡི་ལྷ་རི་ཡིན།།
མ་ཕམ་གཡུ་མཚོ་ང་ཡི་ཀླུ་མཚོ་ཡིན།།
སྨན་མོ་ནགས་སྙིལ་ང་ཡི་རྒྱབ་རི་ཡིན།།
སྤོས་རི་ལྔ་ལྡན་ང་ཡི་སྐྱེད་ཚལ་ཡིན།།
རི་རྒྱལ་ཏི་སེ་བདེ་མཆོག་ཕོ་བྲང་ཡིན།།
མ་ཕང་གཡུ་མཚོ་ཀླུ་རྒྱལ་གནས་གཞི་ཡིན།།
སྨན་མོ་ནགས་སྙིལ་དྲང་སྲོང་བསྟི་གནས་ཡིན།།
སྤོས་རི་ལྔ་ལྡན་ཤཱཀ་ཐུབ་བཞུགས་གནས་ཡིན།།
གངས་དཀར་ཏི་སེ་ཤེལ་གྱི་མཆོད་རྟེན་རེད།།
མ་དྲོས་མཚོ་མོ་གཡུ་ཡི་མཎྜ་རེད།།
ཧོར་བར་འབྲོག་ཚོཊ་གནས་དེའི་གནས་བདག་རེད།།
པུ་རང་མཚོ་དྲུག་གནས་དེའི་སྦྱིན་བདག་རེད།།
ཏི་སེ་གླིང་འདིའི་འགྲན་མེད་མཆོད་རྟེན་རེད།།
མ་དྲོས་ཆུ་ཕྲན་རྡོལ་བའི་དཀྱིལ་འཁོར་རེད།།
འབྲོག་ཚོགས་གནས་དེ་མཆོད་པའི་གནས་བདག་རེད།།
པུ་རང་འབྲས་དྲུག་འབུལ་བའི་སྦྱིན་བདག་རེད།།
མངའ་རིས་སྤུ་ཧྲེང་རྫོང་གི་གངས་ཆེན་འདི། །
བོད་ནང་བོན་གྱི་ལྷ་རི་ཡིན་པར་གྲགས། །
རྒྱ་གར་མུ་སྟེགས་ཤི་བའི་ཞིང་ཁམས་གྲགས། །
ནང་པར་བདེ་མཆོག་གསང་སྔགས་གནས་རིར་གྲགས། །
ཏི་སེ་ཀེ་ལ་ཤ་དང་རིན་ཆེན་གངས། །
ཀུན་གྱི་མཆོད་གནས་གྱུར་འདི་ཤིན་ཏུ་བཟང་། །
གངས་རི་བསྐོར་དུ་ཡོང་ཡོད།།
ཏི་སེ་བསྐོར་དུ་ཡོང་ཡོད།།
བསྐོར་བ་ལན་གསུམ་རྒྱབ་ནས།།
རྒྱལ་ཁམས་འགྲིམ་དུ་ཆས་འགྲོ།།