རྫ་ཚེ་རིང་བཀྲ་ཤིས།
(སྤྱི་ལོ༢༠༡༧ཟླ་༩ཚེས་༡༡་སྔ་དྲོའི་ཆར་ཨོ་གླིང་ནས་བྲིས། འདི་ནི་ང་ཁྱིམ་སར་བབས་རྗེས་བྲིས་པའི་རྩོམ་ཡིག་ཐོག་མ་དེ་ཡིན།)
ཉེ་བའི་ཆར། ཆོས་ཀྱི་གྲོགས་པོ་གཞན་ཞིག་བརྒྱུད་ནས་རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་སྤྱི་ཁྱབ་ལྷན་ཁང་གིས་གུས་པའི་མིང་ཐོག་ཏུ་གནང་བའི་རྩོམ་སྐུལ་ཕྲིན་ཡིག་ཅིག་ལག་ཏུ་འབྱོར་བྱུང་།
འཕྲིན་ཡིག་དེར་འདི་ལོའི་སྤྱི་ཟླ་བཅུ་པར་འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་མྱ་ངན་ལས་འདས་ནས་ལོ་ངོ་ཧྲིལ་པོ་བརྒྱད་བརྒྱ་འཁོར་བར་དྲན་གསོའི་རྗེས་དྲན་རྩོམ་ཡིག་ཆེད་དེབ་ཏུ་རྩོམ་ཡིག་ཅིག་འབྲི་རོགས་གསུངས་འདུག ང་ལ་ཆེ་མཐོང་དང་གོ་སྐབས་དེ་ལྟ་བུ་ཞིག་གནང་བར་དགའ་སྤོབས་ཀྱང་བྱུང་། དགའ་སྤོབས་བྱུང་བ་ཙམ་མ་ཟད། སེམས་ནང་ལ་བཀའ་གནང་དེ་ནི་ངེས་པར་ལྡོག་མི་རུང་བ་ཞིག་ཡིན་པར་ཚོར། དེ་མ་ཐག་ངས་ཁས་ལེན་ཞུས། འོན་ཀྱང་། དེ་ནི་རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་ལྷན་ཚོགས་ཀྱིས་བཀའ་གནང་བ་ཡིན་པའི་རྒྱུ་མཚན་ཙམ་མ་རེད། ངས་ནམ་རྒྱུན་རང་ཉིད་དང་དཔལ་རྒྱལ་བ་འབྲི་གུང་པའི་བརྒྱུད་པ་འདིའི་བར་དུ་དམིགས་བསལ་གྱི་ལས་འཕྲོའི་འབྲེལ་བ་བཟང་པོ་ཞིག་ཡོད་པའི་ཡིད་ཆེས་ཞུ་གིན་ཡོད།
ངས་ལོ་བཅུའི་ཡར་སྔོན་དུ་གནས་མཆོག་མཚོ་པདྨ་ནས་ཕག་ལོའི་བཀའ་ཆོས་ཆེན་མོའི་སྐབས་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེའི་མདུན་ནས་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ཕ་ཆོས་འབྲི་གུང་སེམས་བསྐྱེད་ཆེན་མོ་ཞུས་པ་ནས་སྔ་ཕྱིར་འབྲི་གུང་འཕོ་བ་ཆེན་མོ་སོགས་ཆོས་ཀྱི་བྱིན་རླབས་མང་དུ་ཞུས་ཡོད། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་ནི་ངའི་སེམས་ལ་འགྱུར་བ་བསྐྱེད་པའི་བླ་མ་ཡིན། ངས་རྒྱ་གར་བྱང་ཕོགས་བྷིར་སྨྱུང་གནས་ལྷ་ཁང་ནས་མི་ཚེའི་ནང་ཐོག་དང་པོར་རྗེ་ཁོང་དང་མཇལ་ཞིང་། བཀའ་ཆོས་དང་བྱིན་རླབས་ཞུས་རྗེས་དགོང་མོ་གཅིག་པུར་ཅོན་ཏ་རའི་ས་གནས་ཡུལ་མིའི་རྩྭ་ར་དང་ཞིང་ཁ་བརྒྱུད། རྫོང་སར་བཤད་གྲྭའི་རང་གི་སྡོད་གནས་སུ་ལོག་སྐབས་ངའི་སེམས་ལ་སྨྲ་རུ་མི་བཏུབ་པའི་དགའ་སྣང་ས་མི་ནོན་པ་ལྟ་བུ་ཞིག་བྱུང་མྱོང་། ཧི་མ་ཅལ་གྱི་རི་སུལ་གྱི་གྲོང་ཁྱིམ་དག་གི་སྒེ་ཁུང་ནས་མཚེར་བའི་གློག་ཞུ་དང་། གཡའ་དག་པའི་མཁའ་དབྱིངས་སུ་བཀྲ་བའི་སྐར་ཚོགས་ཀྱི་བཀྲག་མདངས་སྣོལ་བའི་མཚན་ལྗོངས་ཀྱི་གནམ་སའི་བར་ནས་རང་ཉིད་གཅིག་པུར་ལམ་མཐའ་ནས་དགའ་བས་ས་ལྡིང་གནམ་ལྡིང་བྱས་པ་དྲན་ཡོང་། སྐབས་དེའི་ངའི་སེམས་ནི་ཤིན་ཏུ་བདེ་ལ་འབོལ་བ་ཞིག་སྟེ། ཉམས་མྱོང་དེ་ནི་ཧ་ཅང་བརྗེད་པར་དཀའ་བ་ཞིག་རེད། ང་རང་ངོས་ནས་འདི་ཡོད་ཚད་བཀའ་བརྒྱུད་འདི་དང་བཀའ་བརྒྱུད་འདིའི་བླ་མ་རྣམ་པའི་བར་དུ་བྱུང་བའི་ལས་འཕྲོ་བཟང་པོའི་རྟེན་འབྲེལ་དུ་གོ་བ་ལེན་གྱི་ཡོད། དེ་ནི་ང་བརྒྱུད་པ་རིན་པོ་ཆེ་འདིར་ལྷག་ཏུ་དད་པའི་རྒྱུ་མཚན་ཡིན།
ང་བོད་ན་ཡོད་པའི་སྐབས་སུ། ལོ་ངོ་ཉི་ཤུའི་སྔོན་གྱི་དུས་བཟང་དེར། ང་ལ་འཕགས་པ་ཉེ་བ་འཁོར་ལྟ་བུའི་ཆོས་གྲོགས་བཟང་པོ་ཞིག་ཡོད། ཁོང་ནི་སྒྲུབ་བརྒྱུད་སྤྲུལ་སྐུ་རིན་པོ་ཆེ་སྐྱེ་སྔ་བསྟན་པའི་རྒྱལ་མཚན་རེད། ༧རྒྱལ་བ་མགར་ཆེན་པའི་ཞལ་སྔ་ནས་ཕྲན་ལ་དངོས་སུ། ཁོང་ནི་ངེད་འབྲི་གུང་ཚང་གི་སྐྱོབ་པ་རིན་པོ་ཆེ་སླར་ཡང་བྱོན་པ་དངོས་དེ་ཡིན་ཞེས་གསུང་མྱོང་།
ངས་སྐྱེ་སྔ་རིན་པོ་ཆེའི་སྤྱོད་ལམ་གྱི་མཐའ་ལས་དཔལ་འབྲི་གུང་བའི་བརྒྱུད་པ་རིན་པོ་ཆེ་འདིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་བཅས་ཟུང་དུ་འབྲེལ་བའི་བྱིན་རླབས་ཀྱི་བབས་གཞན་དང་མི་འདྲ་བ་ཞིག་ཡོད་པ་དེ་ཚོར་མྱོང་།
ཉིན་འདི་གའི་རིང་གི་ང་ནི་གཤོག་ཡ་ཆད་པའི་བྱ་བཞིན་དུ་སེམས་པ་འཕང་དམའ་བའི་དུས་ཚོད་ཅིག་ཡིན། རྩོམ་ཡིག་འདི་འབྲི་བཞིན་པའི་དེ་རིང་ང་གཅིག་པུར་ཁ་ཁུ་སིམ་པའི་རི་སུལ་ཞིག་ན་རི་དྭགས་རྨས་མ་ལྟ་བུའི་སྐྱོ་ཉམས་དང་བཅས་བསྡད་ཡོད། མ་གཞི་ཡིན་ན་ང་ལ་ད་ཆ་སྐད་ཆ་འདི་འདྲ་བཤད་རྒྱུའི་འོས་བབས་ཡོད་མེད་ཀྱང་མ་ཤེས། འོན་ཀྱང་། རང་ཉིད་ཀྱི་ཁ་སྟབས་གང་ཡིན་ལ་མ་ལྟོས་པར་ཡང་དག་པའི་བསྟན་པ་དང་བསྟན་པའི་དེ་ཉིད་ལ་ཤེས་ནས་བྱུང་བའི་གུས་པ་ཅུང་ཟད་ཅིག་ཡོད་པ་འདི་ལ་ཐེ་ཚོམ་གང་ཡང་མེད།
གུས་དང་སྤྲུལ་སྐུ་སྐྱེ་སྔ་རིན་པོ་ཆེའི་བར་ལ་ཡུན་རིང་པོར་དམིགས་བསལ་སེམས་ཐག་ཉེ་བའི་ཆོས་གྲོགས་ཀྱི་འབྲེལ་བ་རྒྱུན་སྐྱོང་ཞུས་ཡོད། གུས་ཅག་གསེར་རྟ་མཁན་པོ་ཆོས་ཁྱབ་ཀྱི་སྒར་ན་བཞུགས་སྐབས་མ་གཞི་ཁོང་བླ་བྲང་དང་དགོན་པ་སོགས་ཡོངས་སུ་སྤངས་ནས་བྱ་བྲལ་གྱི་བརྟུལ་ཞུགས་ཁོ་ན་ལ་གནས་ན་ཡང་། ཁོང་གི་བཞུགས་ཤག་ཏུ་དཔེ་དེབ་ཧ་ཅང་མང་པོ་ཡོད་པ་དེའི་ཆ་ནས་ང་ལས་ཕྱུག་པ་ཡོད། ངས་ཁོང་གི་ས་ནས་དཔེ་ཆ་མང་པོ་གཡར་པོ་ཞུས་ནས་ཀློག་གིན་ཡོད། མཚམས་མཚམས་ཉེ་གནས་བསོད་ནམས་ཚེ་རིང་གིས་བསྐོལ་གནང་བའི་རྫ་སྟོད་ཀྱི་ཇ་ནག་དྭངས་ཚྭ་ཅན་འཇམ་ལ་ཞིམ་པ་ཞིག་ཡོད་པ་ཚ་དམ་གང་ངེད་གཉིས་ཀྱི་བར་དུ་བཞག་ནས། ལོ་རྒྱུས་དང་རྩོམ་རིག ལྟ་གྲུབ་དང་ཉམས་ལེན། སྤྱི་ཚོགས་རྒྱུན་ཤེས་དང་དུས་ཐོག་གསར་འགྱུར་ཚང་མ་མོལ་གྱི་ཡོད།
ངས་ཁོང་གི་ས་ནས་ཁོང་གིས་རྒྱ་གར་ནས་བསྣམས་ཕེབས་པའི་དགོངས་གཅིག་རྩ་བ་དང་འགྲེལ་པ་རིག་འཛིན་ཆོས་གྲགས་ཀྱིས་མཛད་པ་མཉམ་དུ་དཔར་པའི་དེབ་སྤུས་ལེགས་རྒྱབ་ཤ་དམར་པོ་ཅན་ཞིག་ཡོད་པ་དེ་ཡང་ནམ་རྒྱུན་གཡར་པོ་ཞུས་ནས་ཡུན་རིང་པོར་ངའི་ས་ལ་ཉར་གྱི་ཡོད། རྗེས་མ་ཞིག་ལ་ང་ལ་དེབ་ཅིག་གནང་བྱུང་། ད་དུང་། གཉོས་རྒྱལ་བ་ལྷ་ནང་བའི་རྣམ་ཐར་དང་། ཆོས་འཁོར་འོང་གེའི་ཞུས་ལན་རྩ་འགྲེལ་སོགས་འབྲི་གུང་བཀའ་བརྒྱུད་ཀྱི་བླ་མའི་རྣམ་ཐར་དང་། གསུང་གཞན་ཡང་གཡར་པོ་ཞུས་པ་དྲན། བར་སྐབས་ཤིག་ན་ངས་ཁོང་གི་མདུན་ལས་དགོངས་གཅིག་རྩ་འགྲེལ་གྱི་ལུང་ཡང་ཞུས། རྗེས་སོར་ངས་གཞན་ལ་ལུང་རྒྱུན་རེ་ཡང་བཏོན་པ་ཡིན། ད་དུང་ཁོང་ལ་འབྲལ་སྤང་ལྟ་བུའི་སྐྱོབ་པ་རིན་པོ་ཆེའི་མགུར་ཚོ་ཕྱོགས་བསྡུས་ལག་བྲིས་མ་རྙིང་པ་པོད་ཆུང་ཁ་འདོན་དཀྱུས་མ་ཞིག་གི་ཚད་ཙམ་རྩ་ཆེན་པོ་ཞིག་ཡོད། དེ་ཡང་ང་ལ་གཡར་གནང་གི་རེད། དེ་དུས་ངེད་དཔོན་གཡོག་ཨ་རིག་བཤད་གྲྭ་ཆེན་མོར་ཡོད་པའི་སྐབས་ཏེ། སྤྱི་ལོ་ཉིས་སྟོང་ལོ་གཡས་གཡོན་གྱི་ལོ་གསུམ་ནང་ཡིན། ངེད་དཔོན་གཡོག་གྲྭ་ཤག་ཁང་མཚེ་ཡིན་སྟབས་ནང་ནས་དཔེ་ཆ་རྩ་བ་སྐྱོར་འདོན་བྱེད་པ་སོགས་ཀྱང་ཕན་ཚུན་གོ་ཐུབ།
སྤྱིར་བཏང་ང་རང་ཉིད་ཆུང་ནས་བཀའ་བརྒྱུད་གོང་མ་དེ་ཚོའི་རྣམ་ཐར་དང་མགུར་འབུམ་ཀློག་རྒྱུར་ཧ་ཅང་དགའ་པོ་ཡོད། མར་པའི་རྣམ་ཐར་མཐོང་བ་དོན་ལྡན་ནང་གི་མགུར་ཕལ་ཆེ་བ་བློ་ནས་སྐྱོར་ཐུབ་པ་ཙམ་དུ་བྱང་བ་ཡོད། དེ་བཞིན། ཏེ་ལོ་དང་ན་རོ། མི་ལ་དང་སྒམ་པོ་བ་སོགས་ཀྱི་མགུར་གླུ་དེ་ཚོ་ཡང་མང་པོ་གྱེར་གྱི་ཡོད།
དུས་ཕྱིས་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་མགུར་ཚོ་རིན་པོ་ཆེ་དེ་ཚོ་ཡང་ཡང་དང་ཡང་དུ་ལྟ་ཀློག་ཞུས་པ་ཡིན།
དེའི་ནང་དུ་རྟེན་ཕྱགས་ཐང་གི་མགུར་དང་། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་མགུར། འཛེ་འུར་འདེད་ཆེན་མོའི་མགུར། བྱང་ནམ་ར་ཀླགས་མ་བྲག་དཀར་དུ་རྒྱལ་པོ་འོད་ལྡེར་གསུངས་པའི་མགུར་སོགས་ཚུད་ཡོད་ཅིང་། མགུར་གླུ་དེ་དག་གི་ནང་གི
ཐག་པ་བཅད་པའི་བྱ་བཞིན་དུ། ལྷོ་ཡི་ཕྱོགས་སུ་འགྲོ་བ་དེ།། བསམ་གྱིན་གློ་བ་མ་བདེ་ལགས། སོགས་དང་། གཉན་ཆེན་པོ་ཐང་ལ་ཡར་ལྷ་ནི། །སེང་ཆེན་གནམ་དུ་འཕྱོ་བ་འདྲ། །ཞེས་དང་། བྱང་གི་གནམ་མཚོ་ཕྱུག་མོ་དེ། །གཡུ་ཡི་མནྡར་བཀོད་ལེགས་འདྲ། །པདྨ་རྒྱལ་པོ་ལ་སོགས་པའི། །གྲུབ་ཐོབ་གོང་མའི་གདན་ས་ཡིན། །སོགས་ཚིག་སིལ་བུ་བ་དག་ད་ལྟའང་དྲན་ཡུལ་ན་འདུག
སྐབས་དེའི་གངས་རིའི་ཁྲོད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གཞན་དག་དང་འདྲ་བར། དཀྱེལ་ཡངས་ལ་གཏིང་ཟབ་པ། ཡུལ་དུས་སྣོད་བཅུད་ཀྱི་རྟེན་འབྲེལ་གཞི་གཅིག་ཏུ་བསྲེས་པའི་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་མགུར་གླུ་དེ་ཚོས་ང་ལ་ཚད་མེད་པའི་སྤྲོ་བ་འདྲེན་པར་བྱས་ཡོད།
འབྲི་གུང་སྐྱོབ་པ་རིན་པོ་ཆེ་ནི་མདོ་བརྒྱུད་ཀྱི་ལུང་མང་པོར་བརྟེན་ནས་བོད་དུ་སངས་རྒྱས་ཀྱིས་དངོས་སུ་ཞབས་ཀྱིས་བཅགས་པར་སྒྲུབ་གནང་མཁན་ཞིག་ཡིན་ཞིང་། དེང་སང་གི་བཤད་སྟངས་བྱས་ན། ཁོང་ལ་ལོ་རྒྱུས་བསྐྱར་ཞིབ་ཀྱི་སྙིང་སྟོབས་ཆེན་པོ་མངའ།
ཡང་ཁོང་ནི། མི་ཆོས་དང་ལྷ་ཆོས་ཟུང་དུ་འབྲེལ་བའི་འཇིག་རྟེན་ཡང་དག་པའི་འཚོ་བ་དང་། ཆེན་པོ་གསུམ་གྱིས་མ་རེག་པའི་ངེས་པ་དོན་གྱི་མཐའ་ཐུག་གི་ལྟ་བའི་བར་དུ་ཚང་ལ་མ་ནོར། གསལ་ལ་མ་འདྲེས་པར་འཆད་མཁན་གྱི་སྨྲ་བའི་དབང་ཕྱུག་བླ་ན་མེད་པ་ཞིག་ཡིན།
དཔེར་ན། ཁོང་གིས་མཛད་པའི་དཔལ་གྱི་ཤིང་ལྗོན་པ་ལྟ་བུའི་བྱ་བའི་རིམ་པ་ཞེས་བྱ་བའི་གསུང་དུ་མི་གཞན་གྱི་ལམ་སྟོན་གྱི་བཤེས་གཉེན་དང་སློབ་སྟོན་པ་བྱེད་པར་དགོས་པའི་ཆ་རྐྱེན་སྐོར་འདི་འདྲ་ཞིག་གསུང་ཡོད་དེ།
འདི་ལ་ཡང་འཇིག་རྟེན་གསུམ་གྱི་མགོན་པོ་གོང་མ་དེ་རྣམས་སམ། རྒྱལ་པོ་མེ་ལོང་གདོང་ཅན་ནམ། དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བ་ལྟར་འགྲོ་བ་མང་པོའི་བློ་གྲོས་དང་མདུན་མ་འདྲི་བའི་གནས་སུ་གྱུར་པ་ཞིག་དགོས། དེ་ལྟར་མ་གྱུར་ན་འཇིག་རྟེན་གྱི་མི་མང་པོ་ཞིག་དང༌། རང་ལ་བརྩེ་ཞིང་གུས་པ་མང་པོ་ཞིག །འདི་ལ་ཕོ་ཚོད་ཅིག་ཡོད་དེ་འོང་སྙམ་ནས་མདུན་ཕུགས་སུ་བྱས། གྲོས་དྲིས། རང་ཉིད་བསམ་པ་བབས་ལ་མི་གནས་པར་བྱས་ཤིང༌། གཟུ་ལུམ་(ཚུལ་འཆོས་)དང༌། རས་གཅོད་(སྣང་ཆུང་)ལ་དགའ། བློ་ཉེས་ཀྱི་མདུན་མ་གཅིག་པུ་ཞིག་གིས། རང་སྐད་ཅིག་མ་གཅིག་གིས་ནག་ཧྲུལ་གྱིས་འགྲོ་བ་ལ་ཚེགས་མེད། ཅེས་སོགས་དཔེ་དང་བཅས་པར་བཞུགས།
ཁོང་གིས་སངས་རྒྱས་ཀྱི་དགོངས་པ་འགྲེལ་སྟངས་ལ་ཧ་ཅང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད། ཁོང་གིས་དམ་པའི་ཆོས་དགོངས་པ་གཅིག་པའི་གྲུབ་མཐའ་ནི་བསྟན་པ་ཡོངས་སུ་རྫོགས་པའི་གནད་རང་སྟོབས་ཀྱི་འགྲེལ་བའི་བླ་ན་མེད་པའི་རྡོ་རྗེའི་ཚིག་ཡིན།
ང་ནི་གཞུང་ལུགས་ལ་སྦྱངས་པ་དམན་ཞིིང་དཔྱོད་པ་ཞན་པ་ཞིག་ཡིན་ན་ཡང་། སངས་རྒྱས་རང་གི་དགོངས་པ་མང་པོ་ཞིག་ང་ཚོའི་རྒྱུན་ལྡན་འཆར་ཅན་གྱི་སེམས་ལ་ཤར་སྟངས་དང་གོ་བ་ལེན་སྟངས་ཀྱི་ཁོངས་སུ་རྦད་དེ་བཅུག་ན་ཉེན་ཁ་ཡིན་པར་བསམ་གྱི་ཡོད། ད་དུང་འཆར་ཅན་གྱི་མཚན་ཉིད་དང་རྩོད་སྒྲུབ་ཀྱི་རིགས་འགྲེ་ཁོ་ནས་ལད་ཟློས་མི་ཡོང་བར་རྟོགས་ཀྱི་ཡོད། བོད་ཀྱི་སྲོལ་རྒྱུན་གྱི་དཔྱོད་པ་མང་པོ་ཞིག་ཕྱོགས་གཅིག་ནས་དབྱེ་མཚམས་ཀྱི་ནང་གསེས་དེ་ཚོར་དོགས་སློང་དང་དགག་སྒྲུབ་ཀྱི་སྤུ་རིས་ཧ་ཅང་མང་པོ་བྱེད་ཀྱི་ཡོད་ན་ཡང་། སྤྱིའི་སྒྲོམ་གཞི་ལ་དོགས་སློང་བྱེད་པའི་གོམས་གཤིས་དེ་དེ་ཙམ་མང་པོ་མེད་པའི་ཞན་ཆ་ཞིག་ཡོད། དེ་ལ་དཔྱད་ཞིབ་གོམས་གཤིས་ཅན་དུ་གྱུར་པ་ཞེས་བརྗོད་ན་འགྲིག་གི་ཡོད་མེད་མ་ཤེས། གཅིག་བྱས་ན། དཔྱད་གཞི་དང་སྐད་ཡིག་སོགས་ཀྱི་ཚད་བཀག་གི་ཞན་ཆ་ཞིག་ཀྱང་ཡིན་སྲིད།
གང་ལྟར་དམ་ཆོས་དགོངས་པ་གཅིག་པའི་དམ་བཅའ་མང་པོ་ཞིག་ནི་ནམ་རྒྱུན་གྱི་གོ་བ་ལེན་སྟངས་དང་ཡོངས་སུ་མ་འདྲ་བ་ཞིག་ཡིན།
ཁོང་གིས་གཙོ་རྒྱུག་རང་བཞིན་གྱི་དཔེ་ཆ་བའི་གཞུང་ལུགས་ཀྱི་བཤད་སྟངས་མང་པོ་ཞིག་རྩིས་མེད་དུ་བཏང་ཡོད། ལུང་མང་པོ་ཞིག་གི་རྒྱུན་ལྡན་གྱི་གོ་བ་ལེན་སྟངས་ལ་བསྐྱར་དུ་ཞིབ་འགྲེལ་གནང་ཡོད།
ཁོང་གིས་སྒེར་གྱི་མྱོང་རྟོགས་ཀྱི་གྲུབ་དོན་དང་འོས་མེད་ཀྱི་ཆོས་ཉིད་དང་འབྲེལ་བའི་ཐོག་ནས་སངས་རྒྱས་ཀྱི་གསུང་ལ་གོ་བ་བླངས་ཡོད། ད་ལྟའི་ང་ཚོའི་དུས་རབས་ཉེར་གཅིག་པ་འདིའི་མིའི་དཔྱོད་ཐབས་ཀྱི་བསམ་བློ་གཏོང་སྟངས་ལྟར་བྱས་ན་ཡང་། འཛིན་མཚམས་མང་པོ་ཞིག་ཧ་ཅང་ངོ་མཚར་སྐྱེ་འོས་པ་དེ་འདྲ་རེད། དེས་ན། ཁོང་ནི་བོད་གངས་ཅན་གྱི་ནང་བསྟན་དར་འཕེལ་ཁྲོད་ཀྱི་གལ་ཆེ་བའི་ནང་བསྟན་ལྟ་གྲུབ་སྨྲ་བ་ཆེན་པོ་ཞིག་རེད།
ད་དུང་། ཁོང་ནི་སྙན་ངག་པ་ཞིག་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན། དཀར་ཟས་རང་ལུགས་པ་ཞིག་ཀྱང་རེད། ཁོང་ནི་ཇི་ཙམ་དུ་ནང་གི་རྟོགས་པ་མཐོ་རུ་སོང་བ་དེ་ཙམ་དུ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གལ་ཆེན་དུ་འཛིན་ཅིང་། དོན་དམ་གྱི་རྟོགས་པས་ཀུན་རྫོབ་ལ་སྐུར་བ་མི་འདེབས་པར་བབས་ལས་བྱུང་བའི་རྟེན་འབྲེལ་གྱི་གནད་ལ་རང་དབང་ཐོབ་པ་ཞིག་རེད།
ཁོང་ནི་བོད་གངས་ཅན་གྱི་བསྟན་པའི་གཞི་མ་ཚུལ་ཁྲིམས་དང་། བསྟན་པའི་གཞུང་ཤིང་བྱང་སེམས། བསྟན་པའི་སྙིང་པོ་གསང་སྔགས་བཅས་ཀྱི་མདོ་སྔགས་ཡོངས་རྫོགས་གང་ཟག་གཅིག་གི་ཉམས་ལེན་གྱི་གནད་དུ་འཁྱེར་བ་སྟོན་མཁན་མགོན་པོ་ཀླུ་སྒྲུབ་གཉིས་པ་ཡིན།
ཕྱག་རྒྱ་ཆེན་པོ་དང་ཚུལ་ཁྲིམས་དོན་གཅིག་པ། སངས་རྒྱས་ཀྱི་གསུང་ལ་ངེས་དོན་གྱིས་ཁྱབ་པ། ལྟུང་བ་དང་སྡིག་པ་དོན་གཅིག་པ། གནང་བ་ཡེ་གནང་དང་བཀག་པ་ཡེ་བཀག་ཏུ་གནས་པ། ཆོས་ཐམས་ཅད་བསམ་པ་སྐད་ཅིག་མའི་རང་གཟུགས་ཡིན་པ། བཀའ་དང་འགལ་བའི་ཉམས་མྱོང་ལོག་རྟོག་ཡིན་པ། ཚུལ་ཁྲིམས་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པ། འདུག་ཚུལ་དང་ལས་འགའ་ཞིག་སྨན་ཟབ་པ། སྡོམ་པ་ཉམས་པ་ལས་མ་ཐོབ་པ་ཉེས་པ་ལྕི་བ། བསྟན་པ་གནས་དང་མི་གནས་ཀྱི་དུས་ཀྱི་ཚད་བྱར་ཡོད་ཡིན་པ་སོགས་ཐུན་མོང་མ་ཡིན་པའི་ཆོས་སྐད་ཧ་ཅང་མང་། དེ་དག་ཚང་མ་སྐྱོབ་པ་རིན་པོ་ཆེའི་གསུང་ཡོངས་སུ་གྲགས་པ་དགོངས་གཅིག་རྡོ་རྗེའི་ཚིག་རྐང་གི་དོན་ལགས། ཁོང་གི་རྡོ་རྗེའི་ཚིག་དེ་དག་ནི་དངོས་གནས་རྡོ་རྗེའི་ཚིག་རང་སྟེ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མི་ཕམ་པ་བཅས་ཡིན།
ཡང་ཁོང་གིས་རང་གི་སློབ་མ་དེ་ཚོར་ཡང་སྐབས་སྐབས་སུ་རྣལ་འབྱོར་གྱི་དབང་ཕྱུག་སོགས་ཀྱིས་བོས་ནས་ཆེ་བསྟོད་དང་བཅས་པའི་གསུང་མང་པོ་གནང་ཡོད་ཅིང་། ཁོང་གི་སློབ་མ་དགེ་བའི་བཤེས་གཉེན་ཁ་རག་རྩ་ཞེས་པ་རྒྱ་གར་དུ་ཕེབས་དགོངས་པར་བཤོལ་བཏབ་པའི་སྤྲིངས་ཡིག་ཅིག་གི་མཇུག་ཏུ་འདི་འདྲ་ཞིག་ཀྱང་གསུང་ཡོད།
རྟ་རྗེ་གླིང་བཞི་བདེ་འཁོར་ལ། །བུ་གཅིག་ཆིབས་ལ་ཡར་ལ་སྤྱོན། །འདོད་པའི་དོན་རྣམས་གྲུབ་པ་པོ། །དོན་ཀུན་གྲུབ་པ་ཡར་ལ་སྤྱོན། །ཆགས་བྲལ་ཆེན་པོའི་དབང་ཕྱུག་གཙོ། །ཚུལ་ཁྲིམས་རྒྱན་གྱིས་མཛེས་པ་ཁྱོད། །བཟོད་པའི་གོ་ཆ་བརྟན་པ་པོ། །བརྩོན་འགྲུས་རྟ་ལ་བཞོན་ནས་ནི། །བསམ་གཏན་དབེན་པའི་ནགས་ཁྲོད་འདིར།། ཤེས་རབ་ཆེན་པོའི་དྲུང་དུ་ཤོག །བུ་གཅིག་ཕ་ཡི་དྲུང་དུ་ཤོག །ཡབ་སྲས་མཇལ་བའི་ཆོས་ཤིག་བཤད། ། གཉུག་མའི་ངང་དུ་ངལ་གཅིག་གསོ། །འོད་གསལ་ཆེན་པོར་གཉིད་ལོག་པས། །དུས་གསུམ་རྒྱལ་བའི་ཡོན་ཏན་རྣམས། །རྨི་ལམ་ཚུལ་དུ་མཐོང་གྱུར་པ། །གོང་མ་རྣམས་ཀྱིས་བལྟས་པ་ཡི། །ལྟད་མོ་ངོ་མཚར་རྨད་འདི་ལ། །ཡར་སྤྱོན་གཟིགས་མོ་མཛད་པར་ཞུ།། ཞེས་སོ།། འདི་དང་འདི་འདྲ་བ་ཧ་ཅང་མང་། ངས་ཁར་རྩང་ཉིན་གང་རིང་བོད་ཀྱི་འཕྲུལ་དེབ་ཁང་གི་དྲ་ངོས་ནས་སྐྱོབ་པ་རིན་པོ་ཆེའི་བཀའ་འབུམ་དབུ་ནས་པོད་འགའ་བམ་ཀློག་བྱས་ཞིང་བཀའ་འབུམ་རིན་པོ་ཆེའི་ནང་དུ་འདི་དང་འདི་ལྟ་བུའི་ངོ་མཚར་ཆེ་བའི་གསུང་ཤིན་ཏུ་མང་བ་མཆིས་དེ་འབྲིར་མི་ལངས།
མདོར་ན། ཁོང་གིས་ཁ་བ་ཅན་གྱི་སྐྱུ་རའི་གདུང་དུ་སྐུའི་སྲིད་པ་བཟུང་ཞིང་། ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་འགྲོ་བའི་མགོན་པོ་ཕག་མོ་གྲུ་པ་མཉེས་པས་བསྟེན། ཐོས་བསམ་བསྒོམ་པའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་ཕྱིན་ཏེ་འགྲོ་བ་མང་པོའི་དོན་བླ་ན་མེད་པ་མཛད། འབྲི་གུང་སེ་བ་བྱང་ཆུབ་ཀྱི་གླིང་སོགས་སུ་འཁོར་ལོ་གསུམ་དང་རྗེས་སུ་མཐུན་པའི་ཆོས་དཔག་ཏུ་མེད་པ་གསུངས། གངས་ཅན་ཙམ་ན་ཆེ་བའི་དགེ་འདུན་གྱི་སྡེ་དང་ཆོས་འཁོར་ཆེན་པོ་མཐའ་ཡས་པ་བཙུགས། ཕྱག་རྒྱ་ཆེན་པོ་ལྔ་ལྡན་ལ་ལམ་གྱི་སྲོག་ཏུ་བྱེད་པའི་དཔལ་རྒྱལ་བ་འབྲི་གུང་པའི་བསྟན་པའི་སྲོལ་བཏོད་པ་བཅས་མཛད་ནས་ད་ལྟའི་བར་དུ་གངས་ལྗོངས་སྤྱི་དང་ཁྱད་པར་དྭགས་བརྒྱུད་རིན་པོ་ཆེའི་བསྟན་པའི་གཙུག་རྒྱན་དུ་གྱུར་པ་སོགས་སྟེ། འདི་ནི་རང་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་འགྲོ་བའི་མགོན་པོ་༧སྐྱོབ་པ་རིན་པོ་ཆེའི་ཆེ་བའི་ཡོན་ཏན་གྱི་ཆ་ཤས་ཙམ་ཞིག་བརྗོད་པ་ཡིན་ནོ།།
དེ་ཡང་སྐྱེས་བུ་དམ་པ་སྐུ་བལྟམས་པ་དང་གཤེགས་པ་ལ་རྗེས་སུ་དྲན་པ་ནི་སྐྱེས་བུ་དམ་པའི་རླབས་ཆེན་གྱི་སྐུ་ཚེ་ལ་ཕུ་དུད་དུ་བྱས་པ་ཡིན། བླ་མར་བྱས་པ་ཡིན། རིམ་འགྲོར་བྱས་པ་ཡིན། མཆོད་པ་བྱས་པ་ཡིན། བསོད་ནམས་དང་ལེགས་པ་ཚད་མེད་པའི་འབྱུང་གནས་ཡིན། ཁྱད་པར་དུ། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ནི། གངས་རིའི་ཁྲོད་ཀྱི་དཔལ་དང་ལེགས་པའི་ཡོན་ཏན་བཟང་པོ་ཐམས་ཅད་ཀྱི་གཞི་མ་ཡིན་པས་ན་དང་། བཀའ་དྲིན་དང་ཐུགས་རྗེ་ཚད་མེད་པའི་བདག་ཉིད་ཡིན་པས་ན་དང་། ལྷག་པའི་གདུལ་བྱ་རྣམས་ཀྱི་སེམས་ཀྱི་མགོན་དང་དཔུང་དང་སྐྱབས་ཀྱི་དམ་པ་ཡིན་པས་ན་དང་། ཁོང་གི་རྣམ་པར་ཐར་པ་དང་ཡོན་ཏན་གྱི་མཐའ་ལ་རྗེས་སུ་དྲན་པ་ནི་ཁོང་གི་རྣམ་ཐར་ལ་རྗེས་སུ་སློབ་པའི་ཐབས་དམ་པ་ཡིན་པས་ན་སྟེ། རྒྱུ་མཚན་འདི་དག་གིས་ཀྱང་། སོ་སོའི་ནུས་པ་དང་རྗེས་སུ་མཐུན་པས་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་བ་རིན་ཆེན་དཔལ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་བརྒྱད་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་པ་ཧ་ཅང་བསྐལ་པ་བཟང་པོ་ཡིན་ནོ།།
རྫོགས་སོ།།
་་་་་་་ རྩོམ་ཡིག་འདི་འབྲི་བཞིན་པའི་དེ་རིང་ང་གཅིག་པུར་ཁ་ཁུ་སིམ་པའི་རི་སུལ་ཞིག་ན་རི་དྭགས་རྨས་མ་ལྟ་བུའི་སྐྱོ་ཉམས་དང་བཅས་བསྡད་ཡོད། ་་་་་་་་
་་་་་་ སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ནི། གངས་རིའི་ཁྲོད་ཀྱི་དཔལ་དང་ལེགས་པའི་ཡོན་ཏན་བཟང་པོ་ཐམས་ཅད་ཀྱི་གཞི་མ་ཡིན་པས་ན་་་་་་་་་་་་
འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་མཆོག
་
འབྲི་དང་གཡག་སོགས་རྒྱུ་བའི་གནས་སུ་འཁྲུངས། །
གུང་ཐང་མི་ལ་རས་སོགས་རྗེས་སུ་བཞུགས། །
སྐྱོབ་མཁན་ཡོད་མེད་ཐམས་ཅད་རྗེས་སུ་ཆགས། །
པ་ཕའི་ཚུལ་གྱིས་འབྲི་གུང་ཆོས་བརྒྱུད་སྤེལ། །
འཇིག་གནས་སྐྱེ་གསུམ་གཅིག་ཆར་མི་རྟག་རྟོགས། །
རྟེན་ལྟོས་འབྲེལ་གསུམ་རྟག་ཆད་མཐའ་གཉིས་བྲལ། །
གསུམ་གཉིས་ཕ་རོལ་ཕྱིན་པ་སྟོན་མཁས་པས། །
གྱི་ན་པ་ང་ཁ་བརྡའི་མཆན་རྒན་ཡང་། །
མགོན་པོ་མཆོག་གིས་རྗེས་སུ་བཟུང་དུ་གསོལ། །
་
འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་མགོན་མཁྱེན། །
རྩོམ་ཤིན་ཏུ་སྙན་ཀྱང་ཁོང་ཁྱིམ་སར་བབས་པར་ཡིད་ཅུང་ཟད་བློང་བློང་པོར་གྱུར། ཀརྡོའི་མཆན་ནང་། འབྲི་དང་གཡག་སོགས་རྒྱུ་བའི་གནས་སུ་འཁྲུངས།། ཟེར་བ་འོལ་ཚོད་དུ་སྣང་། འབྲི་གུང་འདི་ལ་འབྲི་གུང་དང་། འབྲི་ཁུང་འབྲི་བའི་སྲོལ་གཉིས་འདུག གང་ལྟར་བྲིས་ཀྱང་དག་པ་ཡིན་ཅེས་གསུང་སྲོལ་འདུག དང་པོ་ལྟར་ན་ཡུལ་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་འབྲི་བསེ་རུ་གུང་བཙན་གྱི་སྒོས་གཞིས་ཡིན་པས་འབྲི་གུང་དང་། གཉིས་པ་ལྟར་ན་དཔལ་ཕག་མོ་གྲུ་པ་སྐུ་མྱ་ངན་ལས་འདའ་ཁར་འབྲི་ཁུང་བྱང་ཆུབ་ཆོས་གླིང་དགོན་པ་འདེབས་སའི་ས་ཁུང་ཞིག་ཏུ་འདིར་དགོན་པ་ཐོབས་ཤིག་པའི་བརྡར་འབྲི་མོ་ཞིག་ཏུ་སྤྲུལ་ཏེ་བཞུགས་སར་དགོན་པ་བཏབ་པས་འབྲི་ཁུང་དགོན་དུ་གྲགས་ཞེས་ཡིག་ཆ་རྙིང་པ་འགར་འདུག
རྫ་ཚེ་རིང་བཀྲ་ཤིས་མཆོག་གིས་བྲིས་པ་ལྟར་གྱི་འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལ་གུས་ཕྱག་འཚལ། ལ་དྭགས་སུ་ཆོས་ལུགས་འདིའི་དགོན་པ་འགའ་ཞིག་ཡོད།་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ཞབས་ཀྱང་ལོ་ངོ་བཅུ་ཕྲག་སྔོན་དུ་ཕྱི་དབང་དུ་མཇལ་བའི་སྐལ་བ་བཟང་པོ་བྱུང་།
གཉིས་པ༏
འབྲི་ཁུང་དགོན་དུ་གྲགས་ཞེས་ཡིག་ཆ་རྙིང་པ་འགར་འདུག་ཅེས་པར་ཡིག་ཆ་དེ་དག་གི་མིང་དག་འགོད་ན། ཁུངས་དག་པར་དགོངས་པར་འཚལ།
འབྲི་ཞེས་བྱ་བའི་གནས་སུ་དགོན་གནས་བཏབ།།
གུང་ཚིགས་ཙམ་ལས་མི་གསོལ་དགེ་སློང་ཆེ།།
སྐྱོབ་པར་བྱེད་པ་མགོན་མེད་ཉམ་ཐག་འགྲོ།།
པ་ལོ་བཅད་དེ་རབ་བྱུང་ངུར་སྨྲིག་འཛིན།།
འཇིག་རྟེན་གསུམ་མགོན་ཀླུ་སྒྲུབ་གཉིས་པར་གྲགས།།
རྟེན་འབྲེལ་མཆོག་ལ་མངའ་བརྙེས་དགོངས་པ་ཅན།།
གསུམ་ལྡན་རྡོ་རྗེ་འཛིན་པ་རིན་ཆེན་དཔལ།།
གྱི་ན་པ་དག་རྟག་འཛིན་སྤོང་བའི་ཕྱིར།།
མགོན་ཁྱེད་བདེ་ཅན་ཞིང་གཤེགས་བརྒྱད་བརྒྱ་འཁོར།།
བདག་སོགས་ལོང་བར་ལུས་ནས་བརྒྱད་བརྒྱ་ཐལ།།
རྒན་ལ་དྭགས་པ་ལེགས་མཆོག འབྲི་ཁུང་དཀར་ཆག་ཡིན་ནམ་ལྡན་རབས་ཡིན་མི་དྲན། གང་ལྟར་ལ་ཕྱིའི་གནས་ཡིག་དང་བཅས་དཔེ་ཆ་སྤར་མ་སྤུས་དག་ཅིག་ང་རང་གི་ཡིག་ཆའི་ཁོངས་སུ་ཡོད་ཀྱང་ད་འདིར་འབྲོག་འཁྱམས་་མཉམ་དུ་མེད་། དེང་སྐབས་བཀའ་བརྒྱུད་དྲྭ་རྒྱར་ཡང་མཐོང་རྒྱུ་འདུག་སྙམ་པས་དེར་གཟིགས་པར་ཞུ།
ཡང་ན།
འབྲི་མོར་སྤྲུལ་ཏེ་དགོན་གནས་ལུང་བསྟན་བཞིན།།
ཁུང་དེར་འབྲི་ཁུང་བྱང་ཆུབ་གླིང་དགོན་བཏབ།།
སྐྱོབ་པར་བྱེད་པོ་མགོན་མེད་ཉམ་ཐག་འགྲོ།།
པ་ལོ་བཅད་དེ་རབ་བྱུང་ངུར་སྨྲིག་འཛིན།།
འཇིག་རྟེན་གསུམ་མགོན་ཀླུ་སྒྲུབ་གཉིས་པར་གྲགས།།
རྟེན་འབྲེལ་མཆོག་ལ་མངའ་བརྙེས་དགོངས་གཅིག་བརྩམས།།
གསུམ་ལྡན་རྡོ་རྗེ་འཛིན་པ་རིན་ཆེན་དཔལ།།
གྱི་ན་པ་དག་རྟག་འཛིན་སྤོང་བའི་ཕྱིར།།
མགོན་ཁྱེད་བདེ་ཅན་ཞིང་གཤེགས་བརྒྱད་བརྒྱ་འཁོར།།
པོ་ཊ་ལ་སྟེ་གྲུ་འཛིན་ཞིང་གི་མགོན།།
ཇི་བཞིན་འོད་དཔག་མེད་པའི་ཞབས་འབྲིང་མཛད།།
ཉིན་མཚན་དུས་དྲུག་བདག་སོགས་ཐུགས་རྗེས་གཟིགས།།
གཟན་དང་ཤམ་ཐབས་ཞེས་པའི་ཁུར་བོ་དེ། །
འཁོར་བའི་ལམ་རིང་བགྲོད་དུས་ལྕི་བ་འདི། །
ངེད་ཅག་ཀུན་ལ་ཆ་ཡོད་རྒྱུས་ཡོད་དེ། །
རིང་དུ་དོར་བར་འགྱོད་པ་ཅི་ཞིག་དགོས། །
འགྱོད་པ་མེད་ན་བཤགས་པས་མི་འདག་པས།།
སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར།།
ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས།།
“མཁས་གྲུབ་ཀརྨ་ཆགས་མེད།”
ཨ་ཁུ་འབྲོག་པ་མཆོག་གིས་ལན་གསུངས་པར་སྤྲོ བདེན་པ་ཉིད་རྒྱལ་བར་ངེས།
གཟན་དང་ཤམ་ཐབས་ཞེས་པ་ཁུར་བོར་མཐོང།
འཁོར་བའི་ལམ་ལ་བགྲོད་དུས་ལྕི་མོར་སེམས།
ངེད་ཅག་ཀུན་གྱིས་སྤྱོད་པའི་ཆས་གོས་འདི།
འདོར་ལ་འགྱོད་སེམས་མེད་ན་སོར་སྡོམ་མེད།
ཨ་ཁུ་ལགས་ལ་རྩེད་མཚར་ཚུལ་དུ་ཕུལ།
མཁན་པོ་ཚེ་བཀྲས་གྲྭ་སྡོམ་ཤོར་བར་སེམས་སྐྱོ་མི་དགོས། མང་པོ་ཞིག་གིས་གྲྭ་སྡོམ་ཤོར་ནས་ད་དུང་གྲྭ་ཆས་གྱོན་ནས་ཕུད་མི་ནུས་པར་འདུག་ཡོད། ཁྱེད་ལྐོག་རྫུན་མེད་པ་དེར་གློ་དགའ། སྔོན་མ་ཕལ་ཆེར་རྙིང་མའི་མཁན་པོ་ཞིག་གིས་རང་གི་སྡོམ་པ་ཤོར་བས་མ་ཟད། གཞན་ལ་སྡོམ་པ་ཆགས་རོ་ཤོར་བ་མང་པོ་སྤྲད། རྗེས་སུ་སྨན་ཁང་ནང་ལ། འཆི་ལ་ཁད་དུ་སླེབས་དུས། འཇིགས་སྣང་ཤར། ཁོང་གི་སྤུན་མཆེད་ཆུང་བ་དགེ་ལུགས་པའི་དགེ་བཤེས་ཅིག་ཡོད་པ་དེ་འབོད་ནས། ཨ་རོ། ཁྱེད་ཀྱིས་ང་ལ་སྐྱེ་བ་ཕྱི་མ་མེད་པའི་རིགས་པ་ཟབ་པོ་གསུམ་སྤྲོད་དང་། དེ་ལ་བློ་སྦྱོང་ཐུབ་ན། ང་ཤི་མཁར་དེ་ལས་ལྷག་པའི་ཉམས་ལེན་གཞན་མི་དགོས་ཟེར།
བཀྲ་ཚེ། ཁྱིམ་སར་བབས་པར་བཀྲ་ཤིས་བདེ་ལེགས་ཡོད།