བསྟན་པའི་དངོས་གྲུབ་ཀྱིས།
-གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ།
གླིང་གི་དཔའ་རྟུལ་ཉེ་སར་སྐྱེས་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁྱོད།།
ཕ་ས་ཕ་གཞིས་རྩོད་ལེན་དོན་དུ་ཕ་མ་བུ་ཕྲུག་དང་བཅས་ཁར།།
ཚེ་གཅིག་སྐྱ་ཡའི་བཟའ་ཟླ་ལ་སོགས་ཡོད་ཚད་བློས་གཏོང་ཐུབ་པའི་ཁྱོད།།
རྒྱལ་སྲས་སེམས་དཔའ་ལྟ་བུའི་དཔའ་རྒོད་སྐུ་ཉིད་ད་ལྟ་གང་དུ་བཞུགས།།
གཉིས་ཕན་དབུ་མའི་ལམ་གྱི་ལྟ་གྲུབ་ངེས་དོན་རྙེད་པའི་སྤོབས་པའི་ཐོག།
དད་པ་དམ་ཚིག་གཙང་མ་མི་ཤིགས་རི་རྒྱལ་ལྷུན་པོའི་རང་གཤིས་ལ།།
བཙན་པོའི་སྙིང་སྟོབས་རལ་གྲི་རྙེད་དེ་ས་ཡ་དྲུག་གི་བླ་སྲོག་འཚོལ།།
འཚེ་མེད་ཞི་བའིི་འཐབ་རྩོད་གངས་ཕྲུག་ཁྱོད་ལས་གཞན་པ་སུ་ཞིག་མཆིས།།
སྨུག་པོ་ལྡོང་གི་རིགས་ཞེན་དཀར་བོ་སྙིང་གི་དབུས་སུ་རྒྱུ་བ་ཁྱོད།།
སེམས་གཏམ་དྲོན་མོ་ལམ་ཁར་གླེང་བ་ཡིད་ལ་གསལ་བོར་ཡང་ཡང་ཤར།།
དྲན་གདུང་དྲག་པོས་མི་ལོ་བཅུ་ལ་ཁྱེད་ཉིད་གླེང་ཙམ་འཚོལ་ཙམ་ལས།།
དོན་གྱི་ཕན་ནུས་་མཐོང་རྒྱུ་ཡོད་པ་སྟོན་རྒྱུ་མེད་འདིར་ཁོ་བོ་སྐྱོ།།
སྤྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༡༠ ཉིན་ལ་ཧྥ་རན་སིར་གནས་སྡོད་བསྟན་པའི་དངོས་གྲུབ་ཀྱིས།
ཕོ་རྒོད་གླིང་ཚ་དོན་དམ་དཔའ་བོ་ཁེར་རྒྱུགས་ཁྱོད་།
བོད་དོན་སེལ་ལ་འཚེ་མེད་ཞི་བའི་ལས་འགུལ་བ་ཁྱོད་།
ཞི་བའི་གོམ་བགྲོད་འཛམ་གླིང་ཡོངས་ལ་འབྲུག་ལྟར་གྲགས་།
ད་ལྟ་འཆི་གསོན་གནས་སྟངས་ནམ་མཁའི་བླ་མ་དཀོན་མཆོག་མཁྱེན་།
ཕོ་རྒོད་ཁྱེད་ལ་རྗེས་སུ་ཡིད་རངས་གདུང་སེམས་མཉམ་བསྐྱེད་ཞུ།
གླིང་ཚ་ཞི་བའི་གོམ་བགྲོད་རྡ་སར་དབུ་འཛུགས་སྐབས་།
ཚོགས་སྐྱིད་མང་པོའི་ཕེབས་སྐྱེལ་ཕེབས་བསུ་ཚང་ག་ཤིག་ཤིག་།
གླིང་ཚ་གར་སོང་ཆ་མེད་ཤི་གསོན་ཤེས་རྟོགས་མེད་དུས་།
གླིང་ཚ་ཚོལ་དུ་ཚོགས་སྐྱིད་སུ་དང་སུ་ཕྱིན་ཡོད་དམ་།