ཐོད་དཀར་བསོད་ནམས།
ཀ་ལ་པ་ཡི་རིགས་ལྡན་འཇམ་དཔལ་གྲགས།།
ཁ་ལྗོངས་འགྲོ་བའི་མགོན་པོ་འོད་མཐའ་ཡས།།
ག་ལེར་ནག་ཆུ་ལྷ་རིའི་དགའ་ཚལ་དུ།།
ངོ་མཚར་སྒྱུ་འཕྲུལ་དུ་མས་མཚན་དཔེ་བཞད།།
ཅ་ཅོ་སྨྲ་ཙམ་ཉིད་ནས་ངོ་མཚར་བའི།།
ཆ་འཇོག་འཕེར་བའི་དངོས་གནས་རྗེས་དྲན་གཏམ།།
ཇ་ཆང་འདོད་དགུའི་བཅུད་ལས་མངར་བ་ཡི།།
ཉ་ཉོག་མེད་པར་ཀུན་གྱི་ཡིད་དབང་འཕྲོག །
ཏ་རེ་སྒྲོལ་མས་སྐྱོང་བའི་གདན་ས་ཡི།།
ཐ་མལ་མིན་པའི་དམ་པའི་སྐྱེས་མཆོག་རྣམས།།
ད་གཟོད་གང་གི་ཁྱིམ་དུ་ཕེབས་པ་ན།།
ན་ཚོད་ཆུང་ཡང་དམ་པའི་རང་རྟགས་ངོམས།།
པ་ཏྲའི་རི་མོས་བརྒྱན་པའི་ཞལ་དཀར་དང་།།
ཕ་རོལ་མིག་ལ་མཛེས་པའི་རིན་ཆེན་རིགས།།
བ་བྱུང་བྱུག་པས་སྤྲས་ནས་ཕུལ་བ་ན།།
མ་ནོར་འདི་དང་འདི་ཞེས་ངོས་འཛིན་མཛད།།
ཙ་རིའི་ཉེ་འཁོར་འབྲོག་སྡེའི་དབེན་གནས་འདིར།།
ཚ་ཟེར་ཅན་གྱི་གཟི་བྱིན་འབར་བ་ན།།
ཛ་ལང་ཀླ་ཀློ་གྱ་གྱུའི་འབྱུང་པོ་རྣམས།།
ཝ་སྐྱེས་རྒྱལ་པོ་སྐྱེངས་ནས་ཁུང་བྲོས་བྱེད།།
ཞྭ་སེར་བསྟན་དང་རིས་མེད་གངས་ལྗོངས་ཀྱི།།
ཟ་ཟིར་མིན་པར་ཡང་དག་ཐུབ་པའི་གཞུང་།།
འ་ཅག་མི་རབས་རྒྱུན་དུ་སྐྱོང་དགོས་ཞེས།།
ཡ་མཚན་གོང་མའི་རྣམ་ཐར་སྐྱོང་དེ་མཚར།།
ར་ཅོ་འདྲ་བོའི་གཡོ་སྒྱུའི་སྲིད་ངན་འོག །
ལ་བ་ལྕགས་རིས་བསྐོར་བའི་བཙོན་ཁང་དུ།།
ཤ་ཚ་མེད་པའི་ཡིད་སྲུབས་མི་བསྲུན་གྱིས།།
ས་སྟེང་འགྲོ་བའི་མཉེན་ཁྱོད་བཙུགས་དེ་སྐྱོ།།
ཨ་མའི་སྙིང་ཁ་འཕར་བའི་གཏམ་རྒྱུད་དེ།།
ཧ་ལམ་འཛམ་བུ་གླིང་ལ་བྱུང་མྱོང་མེད།།
༸པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག་ནི།
ཀ་ཁ་སྦྱོང་དུས་ཉིད་ནས་འཛིན་བཟུང་བྱས། །
ཁ་བའི་ལྗོངས་དང་ཁ་བྲལ་བཙན་འཁྲིད་བྱས། །
ག་ཝ་ཡོད་མེད་མ་ཤེས་བཅོ་བརྒྱད་ཟིན། །
ང་ཚོ་མཇལ་འོང་བསམས་ནས་ཉེར་བཞི་ཟིན། །