འཇམ་དཔལ་ཚུལ་ཁྲིམས།
ཉེ་ཆར་བོད་ཀྱི་ལོ་རྒྱུས་ཀྱི་འགྱུར་འཚམས་ཧ་ཅང་གལ་ཆེན་གྱི་དུས་སྐབས་སུ་ང་རང་ཉིད་ལ་མཚོན་ན་༧གོང་ས་མཆོག་གི་སྐུ་དབང་མེད་པར་གྱུར་བ་ལས་བཙན་བྱོལ་བོད་གཞུང་གི་མིང་འདི་མེད་པར་གྱུར་བ་ལ་སེམས་སྡུག་དང་། འགྱོད་པ། ཡིད་ཆད། སོགས་རྒྱ་མཚོའི་རླབས་བཞིན་བྱུང་སོང་།
ཟིན་བྲིས་ཚོགས་ཆུང་གིས་“བཙན་བྱོལ་བོད་གཞུང་”་ཞེས་བསུབ་ནས་དེའི་ཚབ་ཏུ་“བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས།”ཞེས་པའི་མིང་འདི་ འཇོག་རྒྱུར་གྲོས་བཏོན། དེ་ལ་བདག་སོགས་ཀྱིས་བློ་རུ་མ་བབ་པའི་དབང་གིས་འུར་སྒྲ་མང་ཙམ་བརྒྱབས་ནས་། ནམ་གྱེན་ལང་གི་གསོལ་བ་འདེབས་ས། མུན་ཐུར་རུབ་ཀྱི་བསམ་བློ་བཏང་མཐར་། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གཉིས་པའི་སྐབས་སུ་“བཙན་བྱོལ་བོད་གཞུང་།”ཞེས་པ་རང་འཇགས་འཇོག་རྒྱུར་སྤྱི་མོས་བྱུང་། གཏམ་བཟང་འདི་གོ་བ་དང་ཁོ་བོས་ད་ལན‘མིས་བསམ་སར་རྟ་ཡིས་སྤོས’་སོང་བསམ་ནས་ཡིད་སེམས་སྤྲོ་བས་ཧ་ཅང་བརྟས།
འོན་ཀྱང་ངའི་སྤྲོ་བ་ནི་ནམ་མཁའི་གློག་དང་འདྲ་བར་སྐད་ཅིག་ཉིད་ལ་འཇའ་ལྟར་ཡལ་བར་གྱུར། དེ་ནི་ནམ་རྒྱུན་རང་དབང་དང་དམངས་གཙོའི་སྐྱེད་མ་ཡིན་པའི་༧གོང་མཆོག་གིས་ཚོགས་ཆེན་གྱིས་སྤྱི་མོས་བྱུང་བའི་དོན་ལ་བརྩི་བཀུར་མ་གནང་བར་“བཙན་བྱོལ་བོད་གཞུང་”གི་ཚབ་ཏུ་“གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།”་ཞེས་པ་ཞིག་གནང་བའི་སྐོར་གོ་བྱུང་། ཨག་རད་འགའ་རེ་བྱེད་པ་ལས་ཁོ་བར་བྱ་ཐབས་མ་བྱུང་། དོན་དུ་བདག་གི་བློ་ཁ་ཅུང་མ་གང་བ་ཙམ་ལས་“བཙོན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས།”ཞེས་པ་ལས་དྲག་ཅིག་འདུག་བསམ་པའི་སྒོ་ནས། ངས་‘རང་སེམས་བཙོན་ལ་བཟུང་ནས་འདང་ཞིག་བརྒྱབས། །བྱང་དཀར་ཐད་དུ་བཏིང་ནས་ཐིག་ཅིག་བཏབ།’སྟེ། ཡཱ་ད་ནི་‘རི་ཆེན་གྱི་སྔས་མགོ་བྱས་ན་རྦབ་ཀྱིས་བསད་མི་ཡོང་། །ཆུ་ཆེན་གྱི་སྟེམ་བྱས་ན་སྐོམ་གྱིས་བསད་མི་ཡོང་། །’བསམ་ནས་འདུག་ཁུལ་བྱས།
དེ་རིང་ནི་དེ་ལས་ཐུ་བའི་དོན་དག་ཅིག་བྱུང་འདུག སྤྱི་འཐུས་གྲོས་ཚོགས་ཀྱིས་ “བཙན་བྱོལ་བོད་གཞུང་”གི་ཚབ་ཏུ་“བོད་མིའི་སྒྲིག་འཛུགས།”་ཞེས་པ་ཞིག་འདོགས་རྒྱུའི་གཏན་ཁེལ་ལུགས་གོ གནས་ཚུལ་འདི་གོ་བ་དང་ཁོ་བོའི་‘སེམས་བསམ་པའི་མ་ཁ་ཤི་སོང་། །ལུས་མགོ་བོ་ཐུད་དུ་དུད་སོང་། །’ དཔལ་ལྡན་བཀུར་འོས་ཚོགས་གཙོ་མཆོག་གིས་ཉིན་ཞིག་གི་ཡར་སྔོན་དུ་“ཕྱོགས་གཅིག་ནས་མང་ཚོགས་ཀྱི་མངོན་འདོད་དང་རེ་བ་གཞིར་བཟུང་ལྟར་འགྲོ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བསྒྲུབ་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།”ཞེས་“༧གོང་ས་མཆོག་གི་བཀའ་དང་མི་མང་གི་མངོན་འདོད་གཉིས་ཀ་བསྒྲུབ་རྒྱུ་ཡིན།”་པའི་ཁ་ཕོ་ཞིག་བཤད་བྱུང་། ད་ལན་༧གོང་ས་མཆོག་གི་བཀའ་དང་མི་མང་གི་མངོན་འདོད་གཉིས་རྒྱབ་འགལ་དུ་སོང་ཡོད་པས་ཇི་ལྟར་གཉིས་ཀ་སྒྲུབ་རྒྱུ་ཡིན་ནམ་སྙམ་བཞིན་ཉན་བསྡད་པ་ཡིན།
དེ་རིང་དཔལ་ལྡན་ཚོགས་གཙོ་མཆོག་‘སྐྱེས་ཕོ་རབས་ཚིག་ཐོག་དང་། །འཕར་བ་རྗེས་ཐོག་ཏུ་མ་བསྡད’་པར་“བོད་མིའི་སྒྲིག་འཛུགས།”་ཞེས་འདོགས་རྒྱུ་གཏན་ཁེལ་ཚུལ་གོ་བ་དང་། ངའི་སེམས་སུ། ཡ་ངས་སྔོན་མ་བོད་མིའི་སྒྲིག་འཛུགས་ཞེས་པར་མིང་སྒྱུར་དགོས་པར་ཤུགས་རྒྱག་མཁན་དཔལ་ལྡན་བཀའ་ཁྲི་མཆོག་ཡིན་རྒྱུ་རེད་སྙམ་ན་ཡང་། ‘སྟོད་རི་རབ་གསུམ་ལ་མེ་ཤོར་ན། །སྤཱ་མེ་རྡོ་གཉིས་ཀྱི་འབྱུང་ཁུངས། །སྨད་རྒྱ་མཚོ་གསུམ་ལ་དུག་བཏབ་ན། །དུག་དུག་ཕོར་གཉིས་ཀྱི་འབྱུང་ཁུངས།’བཀུར་འོས་ཚོགས་གཙོ་འདི་ཡིན་པ་འདྲ་ཨང་སྙམ་པའི་འཆར་སྒོ་གསར་བ་ཞིག་བྱུང་། རྒྱུ་མཚན་ནི་ཉིན་འགའ་ཞིག་གི་སྔོན་དུ་དཔལ་ལྡན་ཚོགས་གཙོ་མཆོག་གིས“ད་ལན་གོ་སྐབས་འདི་དང་བསྟུན་ནས་རྦིར་གྲགས་མང་པོ་བྱེད་མི་དགོས་པར་“བཙན་བྱོལ་བོད་གཞུང་”གི་མིང་འདི་ལྐོག་ལྐོག་སུད་སུད་ཀྱིས་བརྗེས་ན་བསམ་ཡང་། དེ་ལས་ལྡོག་པར་སྤྱི་ཚོགས་ཐོག་འདི་ལ་བགྲོ་གླེང་ཆེན་པོ་བྱེད་ཀྱིན་འདུག”ཅེས་བཤད་པ་དང་། ཁ་སང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་“སྐུ་སྒེར་ཡིག་ཚང་གི་བཀའ་བསྒྱུར་བའི་རྗེས་ལ་ད་དུང་བཀའ་བསྒྱུར་བ་དེ་མ་ཡིན་པའི་རྣམ་པའི་ཐོག་བསྐྱར་དུ་སྙན་སེང་ཞུས་ཏེ། དེ་འདྲ་ཡིན་མིན་དང་དེ་ལས་གཞན་པ་ཡོད་མེད་ཀྱི་དྲི་བ་བཏང་མཐར་ཚིག་དེ་ལ་འགྱུར་བ་གཏོང་དགོས་བྱུང་བ་རེད། བཀའ་གནང་དགོས་བྱུང་བ་དེ་ང་རང་གི་བསམ་པར་༸གོང་ས་མཆོག་ལ་གནོན་ཤུགས་ཀྱི་སྟེང་ནས་ཚིག་ཏེ་ཡར་སྐུལ་སོང་བསམ་པ་ལས་སྐུ་མདུན་རང་གི་དགོངས་པའི་ནང་ཡོད་པའི་ཚིག་ཅིག་མར་གསུངས་སོང་བསམ་པ་ཞིག་དྲན་ཐུབ་མ་སོང་།”་ཞེས་གསུང་འདུག
༧གོང་ས་མཆོག་གིས་མར་གནང་བའི་ཚིག་དེ་ལ་ཡར་གནོན་ཤུགས་སྤྲད་ནས་རང་གི་འདོད་ཐོག་ལ་སྒྱུར་དུ་འཇུག་དགོས་དོན་གང་ཡིན་ནམ། དཔལ་ལྡན་ཚོགས་གཙོ་མཆོག་གིས་མི་གཞན་གྱིས་༧གོང་ས་མཆོག་གི་གསུང་ཚུལ་ལས་གཞན་རེ་བཤད་མཁན་རེ་ཟུང་ལ་ཧ་ལམ་རྒྱ་མིས་སོ་བ་ཡིན་མདོག་གིས་སྐད་ཆ་བཤད་ཀྱི་ཡོད། ད་ལན་རང་གི་འདོད་པར་མ་བབས་པའི་ཚིག་ལ་ཡང་སྐོར་བསྐྱར་སྐོར་གྱིས་རྗེ་ཐབས་བྱས་པ་དེ་ལ་གོ་བ་གང་ལེན་དགོས་སམ།
དེའི་གོ་བ་ནི་གཞན་དག་ཕར་ཞོག་ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གཙོས་པའི་སྤྱི་འཐུས་རྣམས་པས་“གངས་ལྗོངས”་ཞེས་པའི་ཚིག་འདི་ལ་གནད་འགག་གང་ཡོད་པ་དེ་རྩ་བ་ནས་མཁྱེན་གྱི་མེད་པ་དེ་གསལ་བོར་བཤད་ཆོག་པ་ཞིག་རེད། ད་དུང་བོད་རྒྱལ་ཁབ་དང་མི་རིགས་ལ་ཞེན་ཁོག་མེད་པ་སོགས་བཙག་བཙོག་མང་པོ་ཞིག་བགྲང་རྒྱུ་ཡོད་མོད་‘གོ་བའི་རྣ་ལ་ཚིག་མ་སོང་ན། །གོར་མོ་རྡོ་ལ་བཤད་པ་དང་འདྲ། །’བའི་དཔེ་ཡིན་པས་ད་ལན་བཞག
ཡ་མཚན་པ་ཞིག་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་ར་བའི་ནང་དུ་རྩོམ་པ་པོ་རུ་རློམ་པའི་གསར་འབྱོར་བ་ཡང་མི་ཉུང་བ་ཞིག་ཡོད་པ་དེ་དག་གིས་ཀྱང་“གངས་ལྗོངས”་ཞེས་པའི་ཚིག་འབྲུ་འདིའི་གནད་འགག་མ་རྟོགས་པ་དེ་ཡ་མཚན་དུ་གྱུར་ཞིང་། དེ་ལས་ཀྱང་ཡ་མཚན་པ་ནི་གྲོས་རྭ་དེའི་ནང་དུ་ཡོད་པའི་མི་མགོ་༣༩་བོ་ཚོགས་གཙོ་གཅིག་གིས་ཁ་ལོ་བསྒྱུར་སོང་བ་དེ་རེད།
ངོ་མ་ཡིན། མི་རེ་གཉིས་ཤིག་གི་འབོད་བསྐུལ་གྱིས་ཕན་ཐོགས་ས་མ་རེད་དེ། ཉུང་མཐར་གཞུང་གི་མཚན་གནས་འདི་དོར་བ་ནས་མ་འོངས་པར་བོད་ལ་དཀའ་ངལ་གང་འདྲ་ཞིག་ཡོང་མིན་ཐད་ཚང་མས་ཞིབ་ལྷུག་གིས་བགྲོ་གླེང་གནང་གལ་ཆེ་བ་ནི་ཤི་གསོན་གཉིས་ཀྱི་ས་མཚམས་སུ་འགྲེངས་ཡོད་པ་ལྟ་བུ་ཡིན།
དེ་རིང་སྔ་དྲོ་ཡར་ལངས་ནས་རྒྱུན་ལྡན་གྱི་ལས་དོན་ལ་འབད་མུས་ཀྱང་། སེམས་ནང་ལ་སྐྱོ་སང་སང་ཞིག་དང་མིག་ཟུང་མཆི་མས་འཁེངས་ནས་ག་བྱེད་གཏོལ་མེད་དུ་ལུས་བཞིན་ལས་ཀ་ལ་ཡང་ཆུ་ཚོད་གཅིག་གི་རྗེས་ལུས་འཐེབས་སོང་། ལོ་ངོ་སྟོང་ཕྲག་མང་པོའི་ལོས་རྒྱུས་ལྡན་ཞིང་། པུར་རྒྱལ་བོད་རྒྱལ་ཁབ་ཅེས་བཙན་པོ་གོང་མ་ཚོས་འཛམ་གླིང་འདིའི་སྟེང་མིང་གྲགས་ཡོད་པ་བཟོས་པ་དེ་ད་ཆ་ནག་སུབ་བཏང་ནས་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཞེས་རྒྱལ་ཁབ་ཀྱི་ངོ་བོ་ནས་ཚོགས་པ་ཞིག་གི་མིང་དུ་བསྒྱུར་བ་དེ་ལས་བློ་ཕམ་པ་ཅི་ཡོད། ཕར་ཕྱོགས་སུ་ཨ་ཞང་ཚང་ནས་གྲོས་དོན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་དུས་དྲན་ལ་དགའ་བསུ་ཞུ་བ་དང་།ཚུར་ཕྱོགས་ལ་མོའི་རྒྱབ་ཏུ་བོད་པ་ཚང་ནས་རང་གི་རྒྱལ་ཁབ་ཀྱི་མིང་དེ་ནག་སུབ་གཏོང་དུས་བོད་རྒྱལ་ཁབ་མེད་པར་བཟོ་བར་འགྲན་བསྡུར་གཏོང་པ་འདྲ་བོ་མིན་འདུག་གམ
ངས་བལྟས་ན། གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ལས་བོད་མིའི་སྒྲིག་འཛུགས་ལེགས་པར་མཐོང་། ༡ བོད་མིའི་སྒྲིག་འཛུགས་ཟེར་ན་བོད་གཉིས་བྱེས་གཉིས་མཚོན་ཐུབ་ཀྱི་འདུག
༢ དེང་སྐབས་རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་གི་སྐོར་ཤེས་རྟོགས་བྱེད་པར་དྲ་རྒྱའི་འཇིག་རྟེན་ལ་བརྟེན་ཡོད་པ་ལྟར། བོད་དོན་སྐོར་ཤེས་འདོད་ཡོད་མཁན་སུ་ཞིག་ནས་ཀྱང་དང་པོར་བོད་དང་བོད་མི་བེད་སྤྱོད་གཏོང་གི་རེད། བོད་གཞས། བོད་ཁྱི། བོད་མི། བོད་ཆོས། བོད་ཀྱི་སྣོད་བཅུད། བོད་ཀྱི་བླ་མ་སོགས་བོད་མིང་དང་འབྲེལ་བའི་དྲ་མིང་གང་སར་བོད་མིའི་སྒྲིག་འཛུགས་ཟེར་བའི་མིང་དེ་སླེབས་ཡོང་གི་རེད།
༣ གལ་སྲིད་གངས་ལྗོངས་ཀྱི་མིང་བེད་སྤྱོད་བཏང་བ་ཡིན་ན། དྲ་ཐོག་གི་བོད་དོན་དྲིལ་བསྒྲགས་དམག་འཁྲུག་དེ་རྒྱ་ནག་ལ་ཤོར་འགྲོ་གི་རེད། བོད་དོན་མི་ཤེས་མཁན་ཞིག་ཡིན་ནའང་བོད་མིང་ཤེས་ཀྱི་རེད། གངས་ལྗོངས་ཤེས་མཁན་ཧ་ཅང་ཉུང་ཉུང་རེད།
༤ བོད་གཞུང་ཟེར་བའི་མིང་དེ་གད་རྙིགས་ནང་གཡུག་རྐྱང་བྱས་པར་སེམས་པ་སྐྱོ་སོང་ཡང་། སྟབས་ལེགས་པ་ཞིག་ལ་བོད་མི་ཟེར་བའི་མིང་ཙམ་ཉར་ཐུབ་པ་བྱུང་བ་དེ་དཀོན་མཆོག་གིས་སྐྱབས་ནི་ལོས་ཡིན།
འགན་ཁུར་འདོད་མེད་ན་སྐད་ཆ་འདི་འདྲ་བཤད་ན་ནང་དོན་ཆེན་པོ་ཅང་མེད་ཁུ།
ངེད་བོད་པ་ཚང་གིས་བཙན་བྱོལ་བོད་གཞུང་འདི་བཞིན་འཛམ་གླིང་ནང་དུ་བཙན་བྱོལ་བ་འདྲ་འདྲ་ནང་ནས་མི་འདྲ་བ་ནུས་ལྡན་གྱི་སྤྱི་ཚོགས་ཞིག་ཡིན་ཚུལ་སོགས་རང་ཆེ་དང་རང་སྟོད་ཀྱི་ཁ་ཕོ་བསྒྲོགས་བཞིན་པ་དེ་ད་ཟད་ནུས་པ་ཇི་ཙམ་ཡོད་མེད་གསལ་རྟོགས་ཐུབ་ཀྱི་འདུག། ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་སྤྱོད་པའི་བཙན་བྱོལ་བོད་གཞུང་ཞེས་པའི་མིང་དེ་ཡང་འགྱུར་བ་བཏང་དགོས་བྱུང་སོང་། ངེད་ཚང་ལ་སྲིད་གཞུང་མེད་པའི་སྲིད་བློན་ནམ་བཀའ་བློན་ཁྲི་པ་དང་། ཁྲིམ་ལུགས་མེད་པའི་གྲོས་ཚོགས་དང་ཚོགས་གཙོ་དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་བཅས་ཡོད། བོད་གཞུང་ངམ་བཙན་བྱོལ་གཞུང་ཞེས་མིང་ཚིག་ཙམ་ཡང་རྒྱ་ག་དང་རྒྱ་དམར་གཞུང་ལ་འགྲོ་ས་མེད་པས་གནས་སྟངས་འདི་ཅི་མི་སྐྱོ། ལྷ་མིས་ཟུང་འབྲེལ་གྱི་བོད་སྐྱོངས་ཚུལ་དེར་ཡིད་གཏན་ཇི་ཙམ་ཞུ་དགོས་སམ།
བོད་དོན་འདི་སྟེང་ཕྱོགས་ལྷའི་དོན་ནས་འགྲོ་བ་བོད་མིའི་དོན་དུ་བསྒྱུར་བ་དང་། བོད་ཕྱི་ནང་གི་ཚབ་མཚོན་ཐུབ་མིན་དེའང་མིང་ཙམ་བསྒྱུར་བར་ཕན་ཅི་ཡང་མི་ཐོགས་ལ་གཙོ་བོ་ལས་དོན་གནད་ལ་ཟུག་པ་བསྒྲུབ་ཐུབ་ཚེ་དེའི་ཆོག
དྲ་གྲོགས་གསང་གྲོལ་སོགས་ལ།
བདེན་པ་རེད། མིག་ཚིག་མི་གཙོ་ལས་དོན་གཙོ་ན་ཡང་ལས་འགྲུབ་པའི་མཐུན་རྐྱེན་དུ་གྱུར་བའི་དགེ་མཚན་མང་པོ་ཞིག་དང་བླངས་ཀྱིས་འདི་ལྟར་མེད་པར་བཏང་ན་དེ་འབྲེལ་གྱི་ལས་དོན་མང་པོ་ཞིག་འཐུས་ཤོར་འགྲོ་རྒྱུ་ཆོས་ཉིད་རེད།
དྲ་གྲོགས་མགོན་པོ་ཕྱག་གཉིས་ལགས།
གངས་ལྗོངས་ཟེར་བ་འདི་ལ་གནད་འགག་ཅིག་ཡོད་བསམ་ཡོད། ང་ལྟ་བུ་ཡིན་ན་བོད་ནས་འོང་བ་ཡིན་སྟབས་རང་ཡུལ་ན་(ངའི་ཡུལ་གཅིག་བུ་མ་རེད། བོད་ཡུལ་གང་སར་དེ་འདྲ་རེད)བོད་ཟེར་བའི་ཐ་སྙད་ཀྱི་འོག་ཏུ་ཚུད་དང་མ་ཚུད་ཀྱི་(བླུན་པོའི་དོགས་པ་)དོགས་པ་ཙམ་ཡོད་ལ་རྒྱལ་སྤྱིའི་ནང་དུ་ཡང་དེ་འདྲ་ཞིག་འདུག འདི་བདེན་པ་མིན་ཀྱང་རྒྱ་ཕྱོགས་ནས་ཁ་གཡར་ས་ནུས་ལྡན་ཞིག་རེད། འདི་ནི་གསར་འབྱོར་བ་ཚོས་མ་གཏོགས་གཞིས་ཆགས་ཀྱི་སྤྱི་འཐུས་ཚོས་ཧ་ལམ་ཤེས་ཀྱི་མེད་ཚོད་རེད།
དེ་ལས་ཀྱང་གནད་འགག་ཆེ་བ་ནི་བོད་ཀྱི་གསར་སྐྱེས་ཤེས་ལྡན་དང་སྒྱུ་རྩལ་དག་གི་ནང་དུ་གངས་ལྗོངས་ཞེས་པ་འདི་བོད་ཆོལ་གསུམ་ཧྲིལ་བོའི་སྤྱི་མིང་དུ་འཇོག་པའི་ཚ་རླབས་ཤིག་ཉེ་ཆར་ནས་འཕྱུར་བཞིན་ཡོད་པ་དེ་ལ་གནད་འགག་ཧ་ཅང་ཆེན་པོ་ཡོད། འདི་ཡང་གསར་འབྱོར་བ་དང་རྩོམ་པ་པོ་ཚོས་མ་གཏོགས་ཤེས་ཀྱི་ཨེ་ཡོད་སྙམ།
དོན་དག་འདིའི་ཐོག་ལ་དེ་ཙམ་གྱིས་ཚད་མེད་པའི་དངངས་སྐྲག་ཅིག་ལངས་དོན་མི་འདུག བོད་གཞུང་ཞེས་པའི་མིང་དེ་རྦད་དེ་གཡུག་ཡོད་མ་རེད། དགོས་དབང་གིས་གནས་སྐབས་རིང་དེ་འདྲ་མི་བྱེད་ཀ་མེད་ཆགས་པ་རེད།
བོད་མིའི་སྒྲིག་འཛུགས་ཞེས་པར་ནང་དོན་གྱི་ཆ་ནས་བོད་གཞུང་དང་གོ་བ་གཅིག་མཚུངས་ཡོད། སེམས་པ་ཤི་ཆོག་ཆོག་དེ་ཚོ་ག་དུས་ཡིན་ན་ཡང་རང་ཉིད་ཀྱི་བྲང་ཁོག་ན་བོད་དོན་འཐབ་རྩོད་ལ་བློ་སེམས་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ་ཞིག་མེད་ཙང་དོན་འབྲས་ལ་མི་བལྟ་བར་མིང་ཁོ་ནའི་རྗེས་སུ་རྒྱུག་གི་ཡོད་པ་རེད།
ཕྱིན་ཆད་བོད་དོན་བསམ་མཁན་དང་ཤོད་མཁན་བློ་རིག་རྒོད་མཁན་དག་གིས་ཡུལ་དུས་གྱི་སགྱུར་འགྲོས་ལ་བལྟ་ཤེས་པ་བྱས་ནས་སྐད་ཆ་ཤོད་དགོ་གི་རེད་ལ། སྔ་འདང་ཕྱི་འདང་ཡག་ཙམ་རྒྱབ་ནས་བསམ་གཞིགས་བྱེད་དགོས་གི་རེད།
གངས་ལྗོངས་ཞེས་པ་ལས་བོད་མིའི་སྒྲིགས་འཛུགས་ཟེར་ན་རྦད་དེ་ཡག་གི་རེད། གངས་ལྗོངས་ནི་བོད་ཀྱི་ཡུལ་ལྗོངས་ཁོ་ན་ལ་གོ་བ་ལས་བོད་མི་ཡིན་ཚད་དེའི་ནང་དུ་བསྡུ་ཐུབ་གི་མ་རེད། བོད་མིའི་སྒྲིག་འཛུགས་ཟེར་དུས་བོད་དང་འབྲེལ་བའི་སྣོད་བཅུད་ཡོངས་རྫོགས་ལ་ཁྱབ་ཐུབ་ཀི་རེད། ད་དེ་འདྲ་རེད། ཡི་གེ་བ་ཞིག་ཡིན་ན་ར་ལུགས་འཚོ་མཁན་བཞིན་ཀུ་ཅོ་མི་རྒྱག་པར་རྒྱུ་མཚན་བལྟས་ནས་ཕུགས་འབྲས་ལ་དམིགས་དགོས་གི་རེད། དགོངས་དག ཅིག་བྱས་ན་་ངའི་སྐད་ཆའི་ཚིག་ཁ་ཤས་ཐལ་དྲག་སོང་།
བསམ་ཚུལ་སྤེལ་ཁར་དགའ།
དྲ་གྲོགས་འདོད་ལྷ་ལགས།
ཁྱེད་ཀྱིས་སྡིག་དམོད་ལྟ་བུའི་གསུང་ཚུལ་འདིས་ཅང་མི་ཕན་གི ངས་སྔ་འདང་ཕྱི་འདང་མི་ཕོག་པའི་སྒྲུབ་བྱེད་ཅི་ཞིག་འགོད་རྒྱུ། དེའི་ཐད་དུ་ངས་ཁྱེད་ཀྱིས་གནས་ལུགས་མ་ཤེས་པའི་སྙད་བཏག་ན་ཁྱེད་ཀྱིས་ཨེ་ཁུར་། གངས་ལྗོངས་ཀྱི་གནད་དོན་འདི་ཁྱེད་ཀྱིས་ཀྱང་མ་མཁྱེན་པ་འདྲ། བྲང་ཁོག་རྡུང་བའི་ཕན་པ་མེད་པ་ཤེས་ཀྱང་ད་ལྟ་མི་རྡུང་ན་ག་དུས་རྡུང་།
ང་ཚོས་སྔོན་མ་ང་ཚོ་ཆབ་སྲིད་རྗེས་ལུས་ཀྱི་དབང་གིས་བོད་རླགས་རབས་བཤད་ཀྱི་ཡོད་པ་དག་མཐར་གཏུག་ན་དོན་བྱུང་ན་མིང་ལ་ཁྱད་པར་གང་ཡོད་ཅེས་མིང་དང་ཚིག་སོགས་ཆབ་སྲིད་ཀྱི་བརྡ་མཚོན་མང་པོ་ཞིག་ལ་གནད་དུ་བརྩི་མ་ཤེས་པ་ཙམ་ལ་གོ་བ་ཡིན།
བློ་དང་ལྡན་པ་འཇམ་ཚུལ་ལགས།
ཁྱེད་ཀྱི་ཨག་སྐད་དང་འཕག་འཚག་འདིའི་གཞི་ཁྱོན་ཅུང་ཆེ་རུ་བཏང་ནས་སྤེལ་ན་མི་དགའ་འམ། མ་མཐའ་ཡང་བྲག་ཆ་ཙམ་ཞིག་གོ་ཐུབ་པ་ཡོང་གི་རེད། ཁྱེད་ནས་ཟེར་ཡག་ལ། ༧གོང་ས་མཆོག་གི་སྐུ་དབང་མེད་པར་གྱུར་པ་ལས་ཀྱང་བོད་གཞུང་ཞེས་པའི་ཚིག་འདི་ལ་སྡུག་བསྔལ་རྒྱ་མཚོའི་རླབས་བཞིན་གྱུར་ཚུལ་བཤད་འདུག་ག དངོས་ནས་དེ་འདྲ་རེད་པས།
ད་དུང་ཁྱེད་ཀྱིས་གངས་ལྗོངས་ཞེས་པའི་འབྲུ་ཚིག་འདིའི་གོ་དོན་རྟོགས་མ་རྟོགས་གི་སྐད་ཆ་ཅིག་ཤོད་འདུག་ག ཚིག་འདི་ལ་གོ་རྒྱུ་གཞན་དག་ག་རེ་ག་རེ་ཡོད་རེད་ལགས། མཐའ་ལ་གངས་རིས་སྐོར་བའི་ཡུལ་ལྗོངས་ཟེར་བ་ཙམ་ཞིག་མ་རེད་པས།
ཡང་་་ཁྱེད་ཉིད་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་བློ་འགྱོད་ཞེད་པོ་ཅིག་ཡོད་བཟོད་བསྟན་འདུག་ག ཚིག་འདི་ནི་རྩམ་གཟན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཁྱབ་པའི་གཞུང་དང་རྒྱལ་ཁབ་ཨ་ཅང་ཅང་། ཚོགས་པ་སྐྱིད་སྡུག་ཆེ་ཆུང་ཀུན་ལ་གོ་བ་ལོན་ཐུབ་པའི་ནུས་པ་ཅན་གྱི་མིང་གི་ཁྱད་ཆོས་ཚང་མི་འདུག་གམ།
ངའི་སེམས་ལ་མི་ཤོང་བ་ནི་སྲིད་གཞུང་ཟེར་བའི་ཚབ་ལ་སྒྲིག་འཛུགས་ཞེས་བཞག་པ་དེ་རེད། གཞན་གང་ཡང་མ་རེད།
ང་རང་ཚོའི་ནང་དུ་འདུ་ཤེས་འཛིན་སྟངས་ལ་ཁྱད་པར་ཤོར་བ་ལས་གནས་ལུགས་ཤེས་མ་ཤེས་ལ་ཁྱད་པར་ཡོད་པར་བསམ་གྱི་མེད། དེའི་ཕྱིར་དྲ་གྲོགས་ཚོས་གཅིག་གིས་གཞན་ལ་སྔ་ཆགས་ཕྱི་འདང་མེད་པའི་སྐད་ཆ་དང་གནས་ལུགས་ལ་རྨོངས་བའི་གཏམ་ཡིན་མདོག་གི་སྐད་ཆ་མ་གསུང་མཛེས།
ཁྱེད་རང་མདོ་ཁམས་ཕྱོགས་ནས་ཕེབས་པའི་གསར་འབྱོར་བ་ཞིག་ཡིན་ན་བོད་པ་ཟེར་བ་ལ་བསམ་རྒྱུ་གང་ཞིག་ཡོད་མཁྱེན་ཚོད་རེད། མ་གཞི་ཅུང་ཟད་ཅིག་མཆན་༨་པར་བྲིས་ཚར་འདུག་གའ་།
འཇམ་དཔལ་ཚུལ་ཁྲིམས་ལགས། གོང་དུ་དྲ་གྲོགས་ཁག་ཅིག་གིས་ཀྱང་འབྲེལ་བཤད་གོ་བདེ་ས་ནས་རྒྱབ་འདུག ལྷག་པར་དུ་འདོད་ལྷ་ཁམས་པའི་བཤད་པ་དེ་ཧ་ཅང་བདེན་པར་མཐོང་། ཐ་སྙད་རྐྱང་པའི་རྗེས་སུ་སྙེགས་ནས་དོན་ལ་བསལ་བློ་མ་འཁོར་ན་བོད་དོན་འཐབ་རྩོད་བྱེད་པའི་ཕུག་འདུན་བརྟན་པོ་མེད་པའི་རང་རྟགས་ཕྱི་རུ་མངོན་པ་མ་ཡིན་ནམ། ད་རེས་ཀྱི་བོད་གཞུང་ཟེར་པ་འདིའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་པ་འདི་སྤྱི་ཚོགས་གཙོའི་ནུས་པ་ཁོ་ན་མ་རེད། དེ་ནི་ཁྱེད་ཅག་གིས་ཕྱོགས་གཅིག་ཁོ་ན་ལས་མ་ཐོས་པའི་སྐྱོན་ཆ་ཏན་ཏན་འདུག འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གཟིགས་འདོད་ན་www.tibet.net གཟིགས་ན་ཕྱི་གསལ་ནང་གསལ་རེད།
བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཚུབ་ཏུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག ཅེས་པ་དང་། བཅའ་ཁྲིམས་ཟིན་བྲིད་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་ཟེར་པའི་ཚུབ་ཏུ། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་བཀོད་ཡོད་ཀྱང་། ཚོགས་ཆེན་ཐོག་ནས་དེ་ལ་རིམ་པས་མང་ཚོགས་ཀྱིས་རྒྱབ་སྐྱོར་མ་ཐོབ་ནས་གཏན་འབེབས་བྱེད་ཐུབ་མེད། དའི་སྐོར་གྱི་གནས་ཚུལ་ཡོངས་རྫོགས་ཚོགས་བཅར་བ་ཚོ་སྐུ་མདུན་དུ་ཆེད་བཅར་གྱིས་དགོངས་སྐོར་ཞུས་པའི་བཀའ་ལན་སྐུ་སྒེར་ཡིག་ཚང་བརྒྱུད་ནས་བཀའ་སློབ་ཕེབས་དོན་ལས་གྲོས་ཚོགས་ཀྱིས་མང་མོས་དང་སྤྱི་མོས་གང་རུང་གིས་གཏན་འབེབས་བྱས་བཞག་པ་ཞིག་རེད། ལར་ནས་གངས་ལྗོངས་བཏགས་པ་ལས་བོད་མིའི་སྒྲིག་འཛུགས་ཞེས་བརྗོད་ན་དོན་གནད་ཆེ་བར་དགོངས་ནས་༧གོང་ས་མཆོག་གིས་རྗེས་ནས་ཡང་བསྐྱར་དགོངས་པ་བཞེས་ནས་བཀའ་ཕེབས་པ་ཞིག་རེད། མདོར་ན་དེ་མི་གཅིག་གཉིས་ཀྱི་ཞེན་འདོད་ཀྱིས་གཏན་ལ་ཕབས་བཞག་པ་ཞིག་གཏན་ནས་རེད་མི་འདུག འོན་ཀྱང་རང་རང་སོ་སོའི་རྨོངས་བློར་འཆར་ཚུལ་ཙམ་གཙིགས་ཆེར་བཟུང་ནས་སྐད་ཆ་བཤད་ན་དེ་ཤིནཏུ་མི་ལེགས།
ལྷ་སྡེ་གནམ་ལོ་ཡག རྒན་པོ་ཁྱོད་ཡིན་ན་དང་པོ་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཕྱི་རྒྱལ་ལ་ཨེ་ཐར་བལྟས་ནས་ཐར་པ་རེད། གོ་ཚོད་ལ་ཐོབ་ཐང་ཕར་ཆེར་རག་ཚར་པ་འདྲ། འོན་ཀྱང་ད་དུང་ཁ་ཕྱིར་འཁོར་ནས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་སྐྱོན་ནས་ཕྱག་ལས་གནང་མཁན་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཕར་བཞག་ནས། དེ་སྔོན་ཀླུ་བྱམས་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་འབྲི་མི་ཤེས་ན་ཤེས་ཁུལ་བྱས་ནས་དྲ་ཐོག་ཏུ་གཏམ་ཉོག་སྤེལ་བ་དེ་ཚོ་ནི་ཞབས་འདྲེན་རེད། ད་དང་མུ་འཐུད་ནས་འདི་འདྲའི་གཏམ་ཉོག་སྤེལ་ན། མང་ཚོགས་རང་གཞུང་ལ་ཡིད་མི་ཆེས་པ་བཟོས།
དེས་ཆིག་སྒྲིལ་གྱི་སྟོབས་ཤུགས་ཉམས་འགྲོ་བའི་རྐྱེན་དུ་གྱུར་ན་དེ་ཚོ་ནི་གནས་ཚུལ་ཚབ་ཆེན་རེད།
མཐའ་དོན།
བོད་དོན་ལ་ལར་ཞེན་ཡོད་ན་རང་གཞུང་ལ་རྩི་བཀུར་དགོས།
བོད་དོན་ལ་ལར་ཞེན་ཡོད་ན་གོང་རིམ་གུས་བཀུར་དགོས།
བོད་དོན་ལ་ལར་ཞེན་ཡོད་ན་རང་གཞུང་ལ་ཤ་ཞེན་དགོས་པ་བཅས་ནམ་ཡང་བརྗེད་མི་རུང་།
གནས་ལུགས་དང་དངོས་ཡོད་ལ་མི་བལྟ་བར་རང་ཁོ་ནའི་བསམ་ཚུལ་མཐའ་འདེད་བྱེད་མཁན་དག་ནི་ག་དུས་ཡིན་ན་ཡང་རྐྱེན་ངན་དམར་པོ་མགོ་ཐོག་ལ་ཐག་སེ་མ་ལྷུང་བར་དུ་བསམ་བློ་རྒྱང་རིང་ལ་གཏོང་ཤེས་གི་མ་རེད། མ་ཟད། མི་དགོས་པའི་གསར་འབྱོར་རྙིང་འབྱོར་དང་། ཁམས་པ་ཨ་མདོ། དབུས་གཙང་སྟོད་པ་སོགས་ཀྱི་དབར་ནས་སྐད་ཆ་ཆུང་ཆུང་དག་ལ་མགོ་འཁོར་ནས་བསྡད་གི་རེད།
ལོ་ངོ་ལྔ་བཅུའི་གྲུབ་འབྲས་ལ་བལྟས་ནས་མ་འོང་བར་དྲི་མ་ཅན་གི་སྐད་ཆ་དང་བསམ་ཚུལ་དེ་རིགས་མཚགས་འཇོག་བྱེད་དགོས་གི་རེད། དེ་འདྲ་མ་བྱེད་ན་ད་དུང་ཡང་མི་ལོ་ལྔ་བཅུ་སྟོང་ཟད་དུ་འགྲོ་ཉེན་ཡོད་པ་རེད།
ག་དུས་ཡིན་ཡང་ཚིག་ཁོ་ནར་མགོ་མི་བར་ནང་དོན་ལ་ཞིབ་ཚགས་པོས་བསམ་བློ་གཏོང་དགོས་གི་རེད། ཚིག་དོན་གོ་ལོག་མ་ཐེབས་པ་བྱེད་དགོས་གི་རེད། དཔེ་མཚོན་ཞིག་བཞག་ན་་་་འདོད་ལྷ་ཁམས་པ་ཟེར་ན་་་་ཡིན་གཅིག་ཁམས་པ་དང་ཨ་མདོ་ལ་གོ་དགོས་གི་མ་རེད། དེ་ལས་རྒྱ་ཆེ་བའི་གོ་དོན་གཞན་དག་ཡང་ཡོད་པ་རེད། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་དེ་ཁམས་གསུམ་ཞེས་པའི་ནང་གི་ནང་ཚན་་་འདོད་ཁམས་སམ་འདོད་ལྷ་ཁམས་པ་ཟེར་པ་ཞིག་ཡོད་པ་དེར་གོ་བ་རེད། ད་དེ་འདྲ་རེད། རང་གཅིག་པུའི་བསམ་ཚུལ་ཤོད་བསྡད་ན་ག་འདྲ་འདུག་ལགས།
འདོད་ལྷ་ཁམས་པ་ལག་ཀྱི་གསུང་པར་རྒྱ་ཆ་རྒྱ་མོས་མཐུན་ཡོད་ གོང་སམཆོག་ཀྱི་བཀའ་སློབ་ཡང་རེད། ཨུ་མའི་ལམ་ཀྱི་སྲིད་ཇུས་ལ་རྒྱ་ཆེའི་མི་དམངས་མང་མོས་ཐོག་ནས་གཏན་ཕེབས་བྱས་པ་ལྟར་ ང་ཚོའི་གཅའ་འཁྲིམས་ཀྱང་དེ་དང་མཐུན་པ་དགོས་ངེས་རེས་ མཆོགས་གཅིག་ཁོ་ནར་མཐོང་མཁན་རྣམས་པར་བློ་འཕམ་ཆེ། བོད་མིའི་སྒྲིག་འཛུགས་རྒྱལ་གྱུརཅིག།བདེན་པ་ཉིས་རྒྱལགྱུར་ཅི། ཨུ་མའི་ལམ་རྒྱལ་གྱུར་ཅིག།
དྲ་གྲོགས་ཀླུ་རྒྱལ་ལགས།
ཁྱེད་ཀྱིས་ ”ཐ་སྙད་རྐྱང་པའི་རྗེས་སུ་སྙེགས་ནས་དོན་ལ་བསལ་བློ་མ་འཁོར་ན་་་”ཞེས་ཟེར་། འདི་རིགས་ཁྱེད་ཅག་གིས་བཤད་སྟངས་རེད། ང་ཚོས་དོན་ལ་བསམ་བློ་འཁོར་ནས་ཐ་སྙད་འདི་གལ་ཆེན་པོ་རེད་འདུག་བསམ་པ་རེད། སྐད་ཆ་འདི་ཁྱེད་ཀྱིས་གོ་བརྡ་མ་འཕྲོད་ན་ང་ལ་ཐབས་ཤེས་ཡོད་པ་མ་རེད།
དེ་བཞིན་འདོད་ཁམས་ལགས་ཀྱིས་”ག་དུས་ཡིན་ན་ཡང་རྐྱེན་ངན་དམར་པོ་མགོ་ཐོག་ལ་ཐག་སེ་མ་ལྷུང་བར་དུ་བསམ་བློ་རྒྱང་རིང་ལ་གཏོང་ཤེས་གི་མ་རེད། མ་ཟད། མི་དགོས་པའི་གསར་འབྱོར་རྙིང་འབྱོར་དང་། ཁམས་པ་ཨ་མདོ། དབུས་གཙང་སྟོད་པ་སོགས་ཀྱི་དབར་ནས་སྐད་ཆ་ཆུང་ཆུང་དག་ལ་མགོ་འཁོར་ནས་བསྡད་གི་རེད།”ཟེར་འདུག བསམ་བློ་རྒྱང་རིང་དུ་གཏོང་མི་ཐུབ་མཁན་ཁྱེད་ཅག་ཡིན་པར་ཞེ་ཐག་པ་ནས་བསམ་གྱིས་ཡོད་མོད་ཁྱེད་ཀྱི་སྐད་ཇི་བཞིན་ད་བར་བཤད་མེད། གང་ལགས་ཤེ་ན་ཕ་རོལ་བོས་གོ་མི་ཐུབ་པ་ཤེས། འདི་ལྟར་བཤད་ནས་བསྡད་ན་ང་ཚོ་ར་འཕྲོད་དུས་ཤིག་མེད། གཞན་གྱི་བསམ་ཚུལ་ལ་བརྩི་བཀུར་བྱེད་རྒྱུ་སྦྱང་ན་ལེགས།
ངས་གསར་འབྱོར་རྙིང་འབྱོར་གྱི་རྩོད་པ་བསླངས་བ་མིན། སྐད་ཆ་དེ་ལ་གནད་འགག་ཅིག་ཡོད། དེ་ཁྱེདཀྱིས་མི་ཤེས་ཁོ་ཐག་རེད་འདུག
ངས་ཁྱེད་ཀྱི་མིང་ལ་བལྟས་ནས་ཁམས་པ་ཞིག་རེད་བསམ་ནས་བྲིས་པ་མིན། གསར་འབྱོར་ཞིག་མིན་ནམ་སྙམ་ནས་བྲིས་པ་ཡིན། གང་ལགས་ཤེ་ན་བོད་ལ་འཚོ་མྱོང་མཁན་ཞིག་ཡིན་ན་སྐད་ཆ་འདིའི་གནད་འགག་དེ་ཤེས་མདོག་ཁ་བོ་རེད་བསམ་ནས་བྲིས་པ་ཡིན།
ཡ་ཡ་འོ་ན་ཁྱེད་ཀྱིས་གོང་ནས་ད་རེས་གྲོས་ཚོགས་ནང་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཕོ་རབ་ཚིག་ཐོག་ཏུ་མ་བསྡད་ནས་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་འདུག་གསུང་པ་འདི་ཚོ་ཁུངས་ལུང་གང་ཡང་མེད་པའི་ལོགས་བཤད་ཁོ་ན་ལས་མ་འདས། ཁྱོད་ཀྱི་ཞེན་འདོད་ལ་བལྟས་ན་བོད་མིའི་སྒྲིག་འཛུགས་ཟེར་པ་དེ་༧གོང་ས་མཆོག་གི་དགོངས་གཞི་དང་། མི་མང་གི་མངོན་འདོད་གཉིས་ཀ་མ་ཡིན་པ་ཞིག་བརྗོད་ཡོང་གི་འདུག དེ་ནི་བོད་ཀྱི་གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཧ་མ་གོ་བའི་སྐྱོན་ཆ་ཤིན་ཏུ་ཆེ།
ད་རེས་ཀྱི་བོད་མིའི་སྒྲིག་འཛུགས་ཟེར་པའི་ཚིག་དེ་༧གོང་ས་མཆོག་གིས་སྐུ་སྒེར་དྲུང་ཆེ་བརྒྱུད་ནས་ཁ་པར་ཐོག་ཚོགས་གཙོ་ལ་བཀའ་ཕེབས་པ་དེ་གྲོགས་ཚོགས་སུ་ཁྱེར་ནས་གྲོས་ཚོགས་ནས་སྤྱི་འཐུས་མང་ཚོགས་ཀྱིས་གཏན་ལ་ཕབ་པ་ཞིག་རེད། དེ་མ་ཡིན་ཟེར་ན་ཚོགས་གཙོས་སྤྱི་བསྒྲགས་བྱས་ནས་ཨེ་ཤེ་ཡ་རླུང་འཕྲིན་སོགས་བརྒྱུད་ལམ་ཁག་གི་ནང་གསལ་པས་དེར་ཉོན།
ད་དུང་ཁྱོད་ཀྱིས་རང་གཞུང་གི་སྤྱི་འཐུས་རྣམ་པར་དམའ་ཕབས་ནས། གངས་ལྗོངས་ཞེས་པའི་དོན་མ་རྟོགས་པའི་སྐད་ཆ་བཤད་པ་ལའང་རྒྱུ་མཚན་མེད་པའི་རྟོགས་བཟོ་ཁོ་ན་རེད། སྤྱི་འཐུས་ཚོ་ཡང་ལྐུགས་པ་དེ་འདྲ་མ་རེད། གངས་ལྗོངས་ཟེར་པ་ལས། བོད་མིའི་སྒྲིག་འཛུགས་སུ་བཏགས་ན་ལེགས་པར་དགོངས་པ་རེད་སྙམ། ལར་ནས་གངས་ལྗོངས་ལབ་ན་བོད་ཀྱི་ཡུལ་ཙམ་ལས་མི་གོ བོད་མིའི་སྒྲིག་འཛུགས་ལབ་ན་བོད་གཞི་བྱེས་གཉིས་ཀ་ལ་གོ་ཆོག་གི་རེད། དེས་ངས་ཁྱོད་ཐ་སྙད་ལ་ཞེན་དྲག་པའི་སྐྱོན་ཆ་འདུག་ལབ་པ་ཡིན།
ད་དུ་ཁྱེད་ལྟ་བུའི་ཞབས་ཆུང་བ་ཁག་ཅིག་གིས་བརྒྱུད་ལམ་ཁག་ན་བོད་གཞུང་གི་མིང་བརྗེས་པར་བསམ་ཚུལ་འདྲ་མིན་བཤད་བསྡད་པ་དེ་ཚོ་ནི་རྒྱུ་མཚན་གང་ཡང་མ་མཐོང་། བོད་གཞུང་ལབ་ཀྱང་དོན་གྱི་ཆ་ནས་སྒྲིག་འཛུགས་ཤིག་ལས་མ་འདས་པས་དེ་ལ་བརྩོད་སྙོག་གང་ཡང་མི་འདུག ལྷག་པར་དུ་ངས་ཁྱོེད་དངངངངངངངངངངཁྱོད་ལྟ་བུའི་རིགས་ལ་བརྗོད་འདོད་པ་གཅིག་ནི་ད་རེས་ཀྱི་གནད་དོན་ཆ་ཚང་༧གོང་ས་མཆོག་གི་བཀའ་དགོངས་གཞི་བཟུང་བྱས་ནས་སོང་པ་ལས་གང་ཟག་བྱེ་བྲག་པ་སུས་ཀྱང་རང་བཟོ་བྱས་པ་མ་རེད། དེས་ན་རང་ཅག་བོད་གཞི་བྱེས་གཉིས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེས་མི་སླུ་བར་ངེས།
དེ་ཡང་བདེན་པར་མི་འདོད་ན་ཚད་མེད་ཡོན་ཏན་སློད་སློད་བྱས་ནས་ཚར་གཅིག་ཀློག
དྲ་གྲོགས་རྣམ་པ།
ངས་ཁྱེད་ཅག་གི་གསུང་ཚང་མར་རང་ངོས་ལ་བལྟོས་ཏེ་ལན་ཚ་ཐག་ཆོད་རེ་དང་གསལ་ཐག་ཆོད་རེ་འདུག་མོད་ད་ནི་ཁྱེད་ཅག་ལ་ལན་འདེབས་བཞིན་མི་འདུག ཉིན་འགའ་ཞིག་གི་གོང་དུ་དུས་བབ་ཐོག་ཏུ་འབྲེལ་ཡོད་ཀྱི་རྩོམ་ཞིག་གི་འོག་བཏབ་པའི་མཆན་དེ་འདིར་ཡང་བཏབ་ནས་ལུས་པོ་རྙིང་པར་བསམ་བློ་གསར་བ་བཅུག་ནས་འགྲོ་འདོད་དོ།
འདིའི་ཐད་ལ་ཁོ་བོས་ཀུ་ཅོ་མང་པོ་བསྒྲགས་པ་ཡིན་མོད་ད་ནི་ཕན་ཐོགས་མེད་པའི་དུས་ལ་སླེབས་འདུག་སྙམ།
མིང་བསྒྱུར་བ་འདི་སངས་བཅོམ་ལྡན་འདས་ཕེབས་ནས་གསུང་ན་ཡང་ངས་ནོར་མེད་པར་བསམ་ཐུབ་ས་མ་རེད། འོན་ཀྱང་ད་ནི་ཚར་རྒྱུ་ཚང་མ་ཚར་ཟིན་པས་བསྒྱུར་ཐབས་དཀའ་བར་སྙམ། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་མི་དགའ་ཅི་ཞིག་བྱ། ། གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགས་ཅི་ཞིག་ཕན། །ཞེས་པ་བཞིན་རེད། རང་སྲོག་རང་གིས་བཅད་པ་ལ་སུ་ལ་ཡང་གྱོད་རྒྱག་ས་ཡོད་མ་རེད།
དྲ་གྲོགས་ཚོ། རང་བཙན་ལག་དེབ་ཀྱི་དངུལ་འབུལ་གྱི་མིན་མ་གསུང་རོགས། གང་ལགས་ཤེ་ན་གཅིག་ནས་དེ་ནི་དངུལ་གྱི་གནད་དོན་ཡིན་པས་བྱབ་ཆུང་གི་བྱ་བར་མཐོང་སྲིད། གཉིས་ནས་དངུལ་གྱི་གྲངས་ཀ་ཉུང་ཉུང་ཡིན་པས་རིན་ཐང་ཆེར་མེད། གསུམ་ནས་རང་ཚོ་ཉུང་ཉུང་ལས་མེད་པས་སྒུལ་ཤུགས་ཀྱི་ནུས་པ་འཐོན་པ་དཀའ་སྲིད།
ད་ནི་བོད་མིའི་སྒྲིག་འཛུགས་འདིའི་ལེགས་པའི་ཆ་རྣམས་སེམས་ལ་གསལ་བཏབ་ནས་འདི་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་ལྷག་མེད། ང་ཚོར་ལས་དབང་འདི་འདྲ་ཞིག་ལས་ཡོད་ས་མ་རེད། དེ་ལྟར་མ་བྱས་ན་བོད་མིའི་ཆིག་སྒྲིལ་ལ་གནོད་ས་རེད། མ་འོངས་པར་གང་དུ་འགྱུར་སུས་བཤད་ཤེས།
ལས་འགུལ་ཞིག་སྤེལ་རྒྱུ་ཡོད་ན་རྒྱབ་སྐྱོར་ལོས་བྱེད། འོན་ཀྱང་བོད་མིའི་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གིས་མོས་མཐུན་མེད་པའི་ལས་འགུལ་ཞིག་ལམ་ལྷོང་འབྱུང་བའི་དུས་ཚོད་ད་དུང་ཤར་མེད་པས་ལམ་ལྷོང་འབྱུར་བར་རེ་བ་ཆེན་པོ་མེད། ཁྱེད་རྣམས་མ་འཆུག