ཆབ་མདོ་ངག་ཕུན།
དེ་རིང་ནི།
གནམ་ལ་སྐར་མ་ཡག
བར་ལ་བསིལ་བུ་འཇམ།
ས་ལ་དུས་ཚོད་བཟང་།
བཟང་གསུམ་གྱི་རྟེན་འབྲེལ་ཉིན་མོར།
དེ་རིང་ནི།
ཁ་བ་གངས་ཅན་གྱི་ལྗོངས་ལ།
བདེ་སྐྱིད་ཀྱི་ཉི་འོད་ཤར།
འོད་འཚེར་འཚེར་འཆར་བའི་ཉིན་མོ།
དེ་རིང་ནི།
ཡིག་དྲུག་གི་བདག་པོ།
གངས་ཅན་པའི་བློ་སྲོག།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས།
འཛམ་གླིང་ཞི་བདེའི་དེད་དཔོན་མཆོག །
སྐུ་བལྟམས་པའི་ཉིན་མོ།
དེ་རིང་ནི།
འཇིག་རྟེན་གྱི་ཁམས་འདིར།
བཀྲ་ཤིས་ཤིང་།
བསམ་དོན་འགྲུབ་པའི་ཉིན་མོ།
མགོན་པོ་མཆོག
ལེ་བར་སྟོང་ཕྲག་བརྒལ་ཏེ།
མི་ཡུལ་ཕེབས་དགོས་བྱུང་ཡང་།
ལྷག་བསམ་དང་སྙིང་སྟོབས་རི་བཙུགས་པ་ལྟར།
བདེན་གྱི་དར་ཆེན་འཕྱར་བས།
ཡངས་པའི་ས་ཆེན་ལ་བདེན་པའི་འོད་སྣང་གིས་ཁེངས།
དེ་རིང་ནི།
གངས་ཅན་པས་ལུས་ལ་གཟབ་མཆོར་སྤྲས་ཤིང་།
འབྱུང་བཞི་མཚོན་པའི་དར་ལྕོག །
དར་ཤིང་ལ་བསྒྲོན་ཞིང་།
བསང་དུད་ཀྱིས་མཁའ་དབྱིངས་ལ་འཕྱུར།
ཀི་ཀི་བསོ་བསོ། ལྷ་རྒྱལ་ལོ་ཞེས་གཏམ་སྙན་གྱིས་ཁེངས།
དེ་རིང་ནི།
གངས་ཅན་པ་རྣམས་ཀྱིས།
ཞལ་རས་འཛུམ་མདངས་ཀྱིས་ཁེངས།
བློ་སེམས་གཅིག་ཏུ་བསྒྲིལ་ནས།
ལག་ཟུང་གིས་ཐལ་མོར་སྦྱར་ཏེ།
དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས་ལ།
སྐུ་ཚེ་བརྟན་པའི་འཕྲིན་ལས་བཅོལ།
དེ་རིང་ནི།
ཁྱད་པར་ཅན་གྱི་ཉིན་མོ་འདིར།
བདག་གིས་ལག་གཉིས་སྙིང་ཁར་སྦྱར་ནས།
ཁྱེད་ནི་ང་ཚོའི་སྲོག་སྙིང་ཡིན་ལ།
ཁྱེད་མེད་ན་ང་ཚོ་གངས་ཅན་པའི་ཇི་ལྟར་འཚོ།
ཁྱེད་སྐུ་ཚེ་ཡུན་རིང་བརྟན་པར་སྨོན།
རིན་པོ་ཆེ་མཆོག་ལགས།
དགུང་ལོ་བཅུ་གསུམ་ནས།།
བོད་མི་རིགས་ཀྱི་བདེན་དོན་ཆེད་དུ།
ཡོད་ཚད་བློས་བཏང་མཛད་པས།
གངས་ཅན་པ་མི་ཡུལ་ལ་འཚོ་ཐུབ་པ་བྱུང་།
བཀའ་དྲིན་ཆེ། སྐུ་ཚེ་ཡུན་རིང་བརྟན་པར་སྨོན།
རིན་པོ་ཆེ་མཆོག་ལགས།
དེ་ཡང་ཇི་སྐད་ལས།
ཁྱེད་ནི་འགྲོ་བའི་དོན་དུ་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་།།
འགྲོ་བ་རྣམས་ཀྱང་ཁྱེད་ཀྱི་ནི། །ཡོན་ཏན་བརྗོད་པ་ངལ་མ་གྱུར། ཞེས་པ་ལྟར།
ཁྱེད་ཀྱི་བཀའ་དྲིན་ནི་བདག་འདྲའི་བརྗོད་ག་ལ་ནུས།
གཏན་ནས་མི་ནུས་སོ།