རྔ་བ་གངས་རི།
༼ཕ་ཡུལ་དང་ཁ་བྲལ་ནས་མི་ལོ་༢༢ འཁོར་རྗེས་མ་ཡུམ་གྱི་སློབ་གསོ་དྲན་པ།༽
གཅིག
ཨ་མ་ལགས། དེ་རིང་ལོ་སར་གྱི་ཚེས་པ་གཅིག་རེད། ངས་ཁྱེད་དང་ཁྱེད་ལྟ་བུའི་རླབས་ཆེན་གྱི་ཨ་མ་དག་ལ། རྗེས་དྲན་བྱེད་ཀྱིན་ཡོད། སྟོན་པ་བཀའ་དྲིན་ཅན་གྱི་སྐུ་མདུན་དུ་མཆོད་རྫས་མང་བོ་མང་བོ་ཞིག་བཤམས་ནས། གངས་ལྗོངས་ཀྱི་ཨ་མ་རྣམས་ལ་རྗེས་དྲན་བྱེད་ཀྱིན་ཡོད། ཁྱེད་ཅག་གི་འོ་མ་འདྲ་བའི་བྱམས་སྐྱོང་དང་གངས་རི་ལྟ་བུའི་ལྷག་བསམ་ལ་དྲིན་བཟོ་འཇལ་བའི་སྨོན་ལམ་འདེབས་ཀྱིན་ཡོད། ཨ་མ་ལགས། ཁྱེད་ཅག་ནི་ང་ཚོར་གནང་བའི་གཅེས་ནོར་ཡིན་ལ། ཁྱད་ནོར་གྱི་མེ་ཏོག་རྐང་གཅིག་དེའང་ཡིན་ཟེར་ན་ཆོག ངོ་མ་ཡིན། ཨ་མ་་་་་དེ་རིང་ཁྱེད་ཅག་ཧ་ཅང་དྲན་གྱིན་འདུག ངས་རི་བོ་མཐོན་པོ་མཐོན་པོ་ཞིག་གི་སྒང་ནས། ངས་གཙང་བོ་ཆེན་པ་ཆེན་པོ་ཞིག་གི་འཁྲིས་ནས། ངས་བས་མཐའ་མེད་པའི་རྩྭ་ཐང་ཞིག་གི་དཀྱིལ་ནས། ཨ་མ་་་ཨ་མ་་་ཞེས་སྐད་གསང་མཐོན་པོས་འབོད་ན་འདོད། ཅིའི་ཕྱིར། ཁྱེད་ཅག་ཧ་ཅང་དྲན་གྱིན་འདུག ངོ་མ་ཡིན། ང་ཁྱེད་ཅག་ལ་དགའ།
གཉིས།
ཨ་མ་ལགས། ཁྱེད་ཅག་སློབ་ཆེན་དུ་ཕྱིན་མེད་པ་བདེན་དུ་ཆུག ཁྱེད་ཅག་གིས་འབྲི་ཀློག་ཙམ་ཡང་མི་ཤེས་པ་བདེན་ཤས་ཆེ། ཡིན་ཡང་། ཁྱེད་ཅག་གིས་རྒྱང་ལ་ལྟ་བའི་དཔྱོད་ཤེས་དང་། འབངས་ལ་དུང་བའི་སྤྱི་སེམས་དེར་སུ་ཞིག་གིས་འགྲན་ནུས་མེད། རྒྱུ་མཚན། ཁྱེད་ཚོའི་དྭངས་གཙང་གི་སེམས་པ་ཡག་དྲགས་པས་རེད། ཨ་མ་ལགས། ཁྱེད་ཅག་ལ་འདི་འདྲའི་མཐོང་ཐོས་མང་པོ་ཞིག་དང་གུ་ཡངས་ཀྱི་བསམ་བློ་ལྷད་མེད་ཅིག་སུ་ཞིག་གིས་གནང་བ་རེད་ཅེས་ཡང་ཡང་འདྲི་ན་འདོད། ངོ་མ་འདྲི་ན་འདོད། ཁྱེད་ཅག་གི་མི་གཞི་དང་ཡིད་ཆེས། རང་ཚུགས་དང་བརྩི་བཀུར་སོགས་ཆེས་བླ་ན་མེད་པའི་ཁྱད་ནོར་ཞིག་མ་ཡིན་ནམ། རེད་་་་་ང་ཚོའི་གངས་ལྗོངས་ཀྱི་ཁྱད་ནོར་རེད། རྒྱུ་མཚན། ཁྱེད་ཅག་གི་མནའ་ཚིག་ལ་འགྱུར་བ་མེད།
གསུམ།
ཨ་མ་ལགས། དེང་གི་སློབ་ཆེན་སློབ་མ་དག་སློབ་གྲྭ་མང་པོ་མང་པོ་ཞིག་ཏུ་ཕྱིན་འདུག ཚགས་དེབ་སོགས་གྲངས་མང་པོ་མང་པོར་བལྟས་འདུག དོན་ངོ་མ་ཤེས་པ་ལས་བོར་བ་མང་། ཅིའི་ཕྱིར། རང་ཚུགས། མི་གཞི། ཡིད་ཆེས་སོགས་གཙང་བོ་དང་འགྲོག་སྟེ་བཞུར་ཟིན་ལ། འཇའ་ཚོན་ལྟར་གནའ་གནའ་ཞིག་ནས་ཡལ་འདུག རྒྱུ་མཚན། དགའ་གཉེན་སྤུན་གསུམ་གང་ཡིན་ན་འགྲིག སྐུ་ངོ་བླ་དཔོན་སུ་ཡིན་ནའང་ཆོག ཤོག་བུ་དང་ཡི་གེ ཐམ་ག་དང་མཚན་རྟགས་མེད་ན། ཕན་ཚུན་ལ་ཡིད་ཆེས་ཟེར་བའི་ཚིག་འབྲུ་གཉིས་དང་གཏན་བྲལ་དུ་གྱུར་ཡོད། ད་དུང་ཁྱེད་ཅག་གི་འགྱུར་བ་མེད་པའི་མནའ་ཚིག་དང་ཞུམ་པ་བྲལ་བའི་ཡིད་ཆེས་ལ་གླེན་རྟགས་སུ་ལྟ་བཞིན་ཡོད། ངོ་མ་དེང་གི་མི་བུ་འདི་ཚོ་མཐོང་ན་ངོ་ཚ་བ་ཞིག་རེད། ངོ་མ་ཡིན།
བཞི།
ཨ་མ་ལགས། ཁྱེད་ཅག་གི་དྭངས་གཙང་གི་སེམས་པ་དང་གྱག་གྱོག་གི་དྲི་མ་མེད་པའི་བདེན་ལུགས་ལ་བསམ་ཞིང་ཞིབ་ཏུ་བལྟས་ན། བྱང་ཆུབ་ཀྱི་སེམས་ཞེས་ཐག་རིང་ཐག་རིང་ཞིག་ལ་ལྟ་དགོས་པ་མ་མཆིས། རྒྱུ་མཚན། <<བསམ་པ་གཞན་ལ་ནག་ན་སྦྱོར་བ་རང་ལ་རྩུབ་>>ཟེར་བ་རེད་ཨ་མའི་གཅེས་ཕྲུག་གཞན་ལ་མ་རབས་བྱས་ན་རང་ལ་ཡག་པོ་ཡོང་གི་མ་རེད། ཨེ་གོ་ཐལ་ངའི་གཅེས་ཕྲུག་ཚོ་ཞེས་འོ་དང་མཉམ་དུ་སློབ་གསོ་མཆོག་གྱུར་འདི་རྟག་ཏུ་གསུང་གིན་ཡོད། འདིས་ཅི་ཞིག་མཚོན་གྱི་ཡོད་ལབ་ན་རླབས་ཆེན་གྱི་གངས་ལྗོངས་ཀྱི་ཨ་མ་རྣམས་ལ་བླ་ན་མེད་པའི་ཡིད་འོང་གི་གཞན་སེམས་ཡོད་པ་བསྟན་པ་རེད།
ད་དུང་གཙང་བོ་དང་བཞུར་ཆུ་སོགས་སུ་ཆབ་གསང་གནང་བ་དང་བཙོག་པ་བཟོས་ན་རང་གི་ལུས་དང་གདོང་ལ་རྨ་འབུད་ཀྱི་རེད་ཟེར་ལ། ས་རྐོ་རྡོ་སློག་བྱས་ན་ཡུལ་ཁམས་ལ་བཀྲ་མི་ཤིས་པ་དང་རང་ཉིད་ཀྱི་ལས་རླུང་རྟ་ཉམས་འགྲོ་བས་དེ་ལྟར་གཏན་ནས་བྱེད་མི་ཉན་ཨ་མའི་གཅེས་ལོ་ཚོ་ཞེས་ཞལ་དང་ཕྱག་གིས་ཧ་ཅང་གི་ཉེན་ཁའི་རྣམ་འགྱུར་ཞིག་བསྟན་ནས་ཡང་ཡང་གསུངས་པ་ད་ལྟའང་ངའི་རྣ་ལམ་དུ་སིང་སིང་གྲག་བཞིན་འདུག དེའི་ཕྱིར། འུ་ཅག་གི་ཨ་མ་རྣམས་ཀྱི་གསུང་སྟངས་དེ་ཆེས་ཐབས་ལ་མཁས་པའི་བྱེད་སྟངས་ཤིག་རེད། རྒྱུ་མཚན། རང་ཉིད་གཅེས་འཛིན་ནི་མ་བསླབས་རང་ཆས་སུ་ཡོད་པས་རང་གི་ལུས་དང་ཁེ་དབང་ལ་སྦྱར་ནས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སློབ་གསོ་འདི་དག་ན་གཞོན་བྱིས་པ་དག་གིས་སེམས་ལ་འཛིན་སླ་བའི་སློབ་གསོ་གཏོང་སྟངས་ཤིག་ཡིན་པས་ངས་ཁྱེད་ཅག་ལ་གུས་ཕྱག་དང་བཅས་ཐུགས་རྗེ་ཞུ་འདོད། ཨ་མ་ལགས། ཁྱེད་ཅག་སློབ་ཆེན་དུ་སོང་མེད་པའི་ཡིག་རྨོངས་པ་ཞིག་ཡིན་ཡང་། དོན་ངོ་མ་ཁྱེད་ཅག་ནི་ཆེས་ཉམས་ལེན་དང་ལག་བསྟར་ལ་གུས་པའི་ཕུལ་བྱུང་གི་སློབ་གསོ་བ་ཤ་སྟག་རེད་འདུག
༢༠༡༥/༠༢/༡༩ ཉིན།
དེ་རིང་ངས་འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་ཐེངས་གཅིག་བྱས་རྗེས་འདི་འདྲ་ཞིག་འཁོར། ཁ་བ་འབབ་ཚད་མཐིག་པོའི་ཞོགས་པ་ཞིག དེ་དུས་ང་རང་ལོ་ན་དགུ་ལ་སོན་མ་ཐག་ཡིན། ནངས་ཇ་ཡང་འཐུང་ཁོམ་མེད་པར་བྲེལ་འཚུབ་ཀྱིས་ཡར་ལངས་ཏེ་ལམ་ལ་ཆས། ཨ་མས་ངའི་གཞུག་ལ་བལྟས་ཏེ་ནངས་ཇ་འཐུང་ནས་སོང་ཟེར་ནས་སྐད་ཤུགས་ཆེན་པོས་འབོད། ངས་ཕྱིར་བལྟས་ཙམ་ཡང་མ་བྱས་པས་སོང་བ་ཡིན། རྒྱུ་མཚན་ནི་ང་སློབ་གྲྭའི་རྗེས་ཆོད་དགོས་པས་ཡིན།
ཤིང་རྟའི་འཁོར་ལམ་ཞིག་དེད་ནས་སློབ་གྲྭར་འབྱོར་ཚེ་ལམ་བར་ནས་ཆུ་ཚོད་གཅིག་འགོར་ངེས་ཡིན། ངས་ས་དམར་ཉག་ཁ་ནས་ཕྱིར་འཁོར་ནས་ལྟ་དུས་ཨ་མས་ད་དུང་ངེད་ཚང་གི་སྒོ་ལམ་ནས་ངའི་ཕྱོགས་ལ་བལྟས་ནས་ལངས་འདུག
ད་དུང་ཁ་བ་ལབ་བ་ལེབ་བེར་འབབ་ཀྱིན་འདུག་ལ། ཨ་མའི་དགུན་རྩག་དེ་ཡང་ཁ་བའི་མདོག་ལྟར་དཀར། ངའི་རྐང་རྗེས་དག་ཀྱང་ཁ་བས་མནན་ཏེ་མི་མངོན་པར་གྱུར། དུས་དེ་ནས་བཟུང་སྟེ་ངས་ཨ་མའི་ངོ་གདོང་དེ་གཏན་ནས་མཐོང་མ་མྱོང་།
མཆན་འདེབས་པོའི་སྒྲུང་ཅིག་ཧྲ་གི ཧ་ཅང་་་་ཧ་ཅང་ཧྲ་གི
སྙན་་་་་སྙན་གི་ཡ། སྐྱོ་་་་་་་སྐྱོ་ནི་ཟིག དེས་ན། ཁྱེད་ཀྱིས་དེ་འདྲའི་སྒྲུང་སྙན་མོ་ཟིག ཀློག་པོའི་མིག་མདུན་དུ་མི་བཤམ་དོན་ཅི།