—-དྲི་མེད་ལྷག་བསམ།
ན་མོ་གུ་ར་ཝེ།
ལོག་རྟོག་མགོ་བོ་གཅོད་པའི་མཁྱེན་རབ་གྲི །
འཛིན་ལ་ཟླ་བྲལ་བསྟན་པའི་དབང་ཕྱུག་རྗེ།།
གླིང་འདིར་གླུ་དབྱངས་ཚིག་གི་མེ་ཏོག་ཆར།།
འབེབས་མཛད་དབྱངས་ཅན་དགྱེས་པའི་ལང་ཚོར་འདུད།།
གེ་སར་སྐྱལ་རྩལ་ངོམ་པའི་རྨ་ཡུལ་ན།།
གདོང་གི་རིགས་ལས་སྐྱེས་པའི་མྱུ་གུ་ལ།།
ཁུ་བྱུག་སྔོན་མོར་གྲགས་པའི་མཚན་སྙན་གྱིས།།
གངས་ལྗོངས་ཁྱབ་པར་བྱས་ལ་སུ་མི་གུས།།
ཆང་དང་བུད་མེད་བདེ་བར་འཛིན་པའམ།།
སྡུག་བསྔལ་ཉིད་དུ་ཤེས་ཀྱང་སྤང་དཀའ་བ།།
འདི་ཙམ་ཁྱོད་ཀྱི་སྐྱོན་ཆ་ཕྲན་བུ་སྟེ།།
ནན་གྱིས་བཙལ་ཀྱང་འདི་ལས་གཞན་དུ་མེད།།
ཕ་མར་གུས་ཤིང་གྲོགས་ལ་བློ་གཏོད་ཅིང་།།
སྒྱུ་རྩལ་ནོར་གྱི་ཆེད་དུ་མི་བཙོང་བ།།
བཤད་ན་སྨྲ་མཁས་འཐབ་ན་སྙིང་སྟོབས་ཅན།།
དད་གུས་ཆོས་ལྡན་ཁྱོད་ཀྱི་རང་བཞིན་ཡིན།།
རྒྱུ་ནོར་གཞན་དུ་གཏོང་ལ་ཕངས་པ་མེད།།
སྦྱིན་པའི་སྒོ་ཆེན་ནམ་ཡང་ཕྱེས་སྟེ་ཡོད།།
གྲོགས་ཀྱི་བདེ་སྡུག་རང་ལས་གཅེས་པར་འཛིན།།
ཚེ་སྲོག་གཏོང་བའི་བློ་ཆོད་བཞག་ནས་ཡོད།།
ལ་རྒྱ་མེད་པའི་གླུ་གཞས་བླང་རབས་མེད།།
གོང་ས་མཆོག་ལ་བློ་སྙིང་བྲང་གསུམ་གཏད།།
གངས་ལྗོངས་ཆོས་དང་རིག་གཞུང་ཆབ་སྲིད་སླད།།
ཡོད་ཚད་གཏོང་བའི་སྤོབས་པ་ཉམས་པ་མེད།།
ཁ་འདོན་དགེ་སྦྱོར་ཉིན་བཞིན་མ་ནུས་ཀྱང་།།
འཇམ་དབྱངས་བླ་མ་གླིང་སྤྲུལ་རྡོ་རྗེ་འཆང་།།
གླེང་ན་མིག་ཆུའི་ཕྲེང་བ་ཤར་ཤར་གཏོང་།།
དཀོན་མཆོག་སྙིང་ན་ཡོད་པ་ཁྱོད་འདྲ་དཀོན།།
རྒྱ་སྒོར་འབུམ་ཕྲག་དར་གྱིས་བཏེགས་ནའང་།།
མེས་པོའི་ཞབས་འདྲེན་དགྲ་ལ་བསྟོད་པའི་ཚིག །
ཤི་ཡང་ངག་ནས་ཐོན་པ་མི་སྲིད་ཅེས།།
དཔའ་བོའི་ངར་སྒྲ་རྫོང་དཔོན་རྣ་བར་བཏབ།།
ཇ་ཁང་ཙམ་གྱིས་མི་ཚེ་སྐྱེལ་བ་དེ།།
གྲགས་པའི་རྔ་སྒྲ་ཅན་ལ་མི་མཛེས་མོད།།
རང་གིས་འབད་པས་རང་ཁ་གསོ་བ་འདི།།
སྤམ་མཐོའི་གླ་ཕོགས་ལས་ཀྱང་ལྷག་ཅེས་སྨྲ།།
བཀའ་དྲིན་ཆེ་བའི་བླ་མ་རྣམ་གཉིས་དང་།།
གཅེས་ཤིང་ཕངས་པའི་ཕ་མའི་བཀའ་དྲིན་དེ།།
གསོ་ཐབས་དཀའ་མོད་འདི་ལྟར་ཚེ་འཁྱོལ་ན།།
མི་རབས་མིག་དཔེར་ཡོང་བར་རང་གིས་སྨྲ།།
ལོ་མང་སྔོན་ནས་ནད་ཀྱིས་མནར་ནའང་།།
བླ་མ་མཆོག་གསུམ་གངས་ལྗོངས་སྣོད་བཅུད་ལ།།
གཅིག་ཏུ་འཁྲེངས་པའི་བློ་སྣ་མ་ཉམས་པས།།
གཞིས་ལུས་ཡོངས་ཀྱིས་ཁྱོད་ལ་བསྔོ་སྨོན་བྱ།།
དུས་གསུམ་རྣམ་པར་དཀར་བའི་དགེ་བའི་ཕྲེང་།།
དམ་ཚིག་གསེར་གྱི་ཐག་པ་ལ་བརྒྱུས་ཏེ།།
ཁྱོད་ལ་བསྔོས་པས་དག་པ་མཁའ་སྤྱོད་ཞིང་།།
གནས་གསུམ་མཁའ་འགྲོའི་ཚོགས་དབུས་གྲོལ་བར་ཤོག །
ཅེས་པའང་གླུ་བ་གང་ལ་མཛའ་བརྩེའི་ལྷག་བསམ་གྱི་དར་དཀར་གཅིག་ཏུ་འབྲེལ་བ་ལྡོམ་བུ་དྲི་མེད་པས་བསྔོ་སྨོན་ཞིག་གི་ཚབ་ཏུ་བྲིས།།
བཀའ་དྲིན་ཆེ་དྲི་མེད་ལྷག་བསམ་ལེགས།། དངོས་ནས་ཡག་པོ་བྲིས་འདུག ངོས་ནས་བསམ་ན་རྩོམ་འགའ་ཞིག་དུ་ཆང་དང་བུད་མེད་སྐོར་མང་ཞི་གླེང་བཞིན་འདུག་ཀྱང་དོན་ལ་འདོ་ཤོར་ཆང་བཟི་དང་དུད་འཐེན་དང་ལོག་གཡེམ་འཁན་ཞིག་མིན་པར་ཀུན་གྱིས་ཤེས་དགོས། བསྟོད་དང་རྗེས་དྲན་སྐབས་མཁས་པ་ཚོས་བཟབ་དགོས། རྫ་ཚེའི་འབེལ་གཏམ་དང་དྲི་མེད་གསུང་ལ་སྐྱོན་ཡང་འདུག་པས་ཕྱིས་སུ་གཟབ་པར་འཚལ།།
ཁུ་བྱུག་སྔོན་མོ་ཤི་ཚར་བ་རེད། མ་གཞི་ནས་དེ་ཙམ་གལ་ཆེན་པོ་མ་རེད། གཞས་པ་ཞིག་རེད། དེ་ལས་ཉེ་ཆར་བོད་བསྟན་སྲིད་མི་རིགས་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་མེ་མཆོད་ཕུལ་མཁན་གཉིས་བྱུང་སོང་བར་བསྟོད་བསྔགས་སོགས་ཅི་ཡང་མེད་པར་གོ་མེད་ཚོར་མེད་ཀྱི་ངང་ཚུལ་དུ་གནས་པ་ནི་བློ་ཕམ་རེད་ཡ།
གདོང་གི་རིགས་ལས་སྐྱེས་པའི་མྱུ་གུ་ལ།། གདོང་རིགས་ཅེས་སུ་བྲིས་པ་ཡང་འདུག་ལ། མང་པོ་ཞིག་གིས་་་ལྡོང་རིགས་་་བྲིས་པ་མཐོང་རྒྱུ་འདུག་པས། གདོང་རིགས་དང་ལྡོང་རིགས་ཅེས་སུ་འབྲི་སྟངས་མི་འདྲ་བ་གཉིས་ཀྱི་གོ་དོན་ལ་ཁྱད་པར་འདྲ་ཡོད་པ་ཡིན་ནམ། འདི་སྔ་རབས་ཀྱི་རིགས་རྒྱུད་གལ་ཆེན་ཞིག་ཡིན་ས་རེད་དེ་བྱས་ནས་ཞུས་པ་ཡིན་དགོངས་འགལ་མེད་པ་ཞུ། །
ང་ནི་བདུད་བྷེ་ཡི་གླུ་གཞས་ལ་ཅང་མི་དགའ།
དཔལ་ལྡན་དྲི་མེད་ལྷག་བསམ་གྱིས།
ཨ་མདོའི་སྐུ་གཤེགས་མགྲིན་པའི་དབྱངས།
སྐྱེས་རྩལ་ལྡན་པ་བདུད་འདུལ་ལ།
བསྟོད་་ཚིག་མེ་ཏོག་འཕྲེང་བ་བཏགས།།
་
དེ་ཡང་རྩལ་དབྱེ་ན་་གསུམ། སྐྱེས་ཐོབ་རྩལ། བསམ་བྱུང་རྩལ། སྒོམ་བྱུང་རྩལ་བཅས་སོ།
་
སྐྱལ་རྩལ། འདིའི་དོན་ཅི་ལགས་སམ། ཡོང་ལ་འོང་ཞེས་འབྲི་བར་མཛད་ན། བོད་ཀྱི་ཡིག་སྐད་དང་མཐུན་པར་དགོངས་མངའ་འཚལ། སྐུ་ཁམས་བཟང་ཞིང་། སྐུ་ཚེ་བརྟན་པར་སྨོན།
པདྨ་མཆོག་གིས་དྲན་གསོ་བྱས་པར་ཐུགས་རྗེ་ཆེ། བདེན་པ་རེད། རྗེས་དྲན་དང་། མྱ་ངན་ཞུ་སྐབས་སྐྱོན་གྱི་རྣམ་པ་མི་བརྗོད་པ་འཛམ་གླིང་གི་བཟང་སྤྱོད་དུ་ངེས་པས་གཟབ་པར་བྱའོ།
བོན་པོ་ལེགས། ལྡོང་། གདོང་། སྟོང་། སྡོང་། ཡི་གེ་འདི་དག་ཁྱད་མེད་ལྟ་བུར་བཀོལ་ནའང་ཉིད་ཀྱི་བཤད་པ་ལྟར། ལྡོང་རང་ཡིག་རྙིང་དུ་གསལ་བས་འཐད་པར་སེམས།
རྒན་ལ་དྭགས་པས་ཡིག་སྐྱོན་བསལ་བར་ཐུགས་རྗེ་ཆེ་ཞུ། སྐྱལ་རྩལ་ཡི་གེ་ནོར། རྐྱ། སྐྱ་གཉིས་གང་དག་པ་ཡིན་མ་ཤེས། རྐྱ་རྩལ། རྟ་ཞོན་པའི་རྩལ། གེ་སར་གྱིས་རྟ་རྒྱུགས་འགྲན་བསྡུར་ལས་བྱ་དགའ་ཐོབ་པ་ལའོ། ། ཉིད་ཀྱིས་སྔར་བཀའ་སློབ་གནང་པ་ལྟར། ཡོང་ལ་འོང་འབྲི་འདོད་ཡོད་ཀྱང་ཆུང་ངུའི་དུས་ཀྱི་ངན་གཤིས་ཁ་ལག་ལ་གོམས་པས་སྐབས་རེར་ཐོལ་བྱུང་དུ་ཤོར་འགྲོ་བར་འདུག ། ང་ནི་བདུད་འདུལ་རྡོ་རྗེའི་གླུ་གཞས་ལས་ཀྱང་ཁོའི་ལྷག་བསམ། སྙིང་སྟོབས། དྲང་བདེན། ལ་རྒྱ། གཏོང་ཕོད། དད་མོས་འགྱུར་བ་མེད་པ་ལ་དགའ་བ་ནི་དཔྱད་པ་བྱས་པའི་གཏམ་ཁོ་ན་ཡིན་ནོ། །རྒན་སྐུ་ཁམས་བཟང་། ཐུགས་དམ་འཕེལ་བའི་སྨོན་འདུན་ཞུ། །
བདུད་བྷེ་ཡིན་བདུད་བི་ཡིན། །
བདུད་བྷེ་རེད་དང་བདུད་རྦད་རེད། །
ང་ཡི་བློ་ལ་ཐེ་ཚོམས་བྱུང་། །
གྲགས་ཅན་གླུ་པ་འདས་པར་སྐྱོ། །