—-མདོ་སྨད་པ་རིག་པའི་གངས་སྨྱུག
ངག་ལ་ངག་དབང་ལྷ་མོའི་བྱིན་རླབས་ཆགས།།
ཐུགས་ལ་འཇམ་དཔལ་གཞོན་ནུའི་གཟི་བྱིན་འབར།།
སྐུ་ལ་བོད་མི་འབྲོག་པའི་མཛེས་པ་རྫོགས།།
མིང་དོན་མཚུངས་པའི་བདུད་འདུལ་རྡོ་རྗེ་དྲན།།
འགྱུར་ཁུག་དབྱངས་བདུན་རྫོགས་པའི་དཔལ་མངའ་བ།།
སྒྲ་དབྱངས་རྒྱ་མཚོའི་ཕ་རོལ་སོན་པ་གང་།།
ཁ་བའི་སྐྱིད་སྡུག་དབྱངས་སུ་ལེན་པའི་བུ།།
གངས་རིའི་ཁུ་བྱུག་བདུད་འདུལ་རྡོ་རྗེ་དྲན།།
དམངས་ཁྲོད་ངག་རིག་ཉིང་བཅུད་ཧུབ་ཀྱིས་བཏུང་།།
དེང་རབས་གླུ་གཞས་གསར་བའི་ཆང་གིས་མྱོས།།
བོད་མིའི་ལ་རྒྱ་སྙིང་ལ་གནས་པའི་བུ།།
གངས་རིའི་དཔའ་རྒོད་བདུད་འདུལ་རྡོ་རྗེ་དྲན།།
རིགས་ལ་དུང་བའི་འདུན་པ་མཚོ་ལས་ཟབ།།
མི་འགྱུར་སྙིང་སྟོབས་རི་རབ་ལས་ཀྱང་བརྟན།།
བརྩེ་བ་དཀར་བོ་ཁ་བ་གངས་ལས་ལྷག །
གངས་རིའི་གླུ་བ་བདུད་འདུལ་རྡོ་རྗེ་དྲན།།
མདོ་སྨད་རྨ་ཡུལ་ཕྱུག་མོའི་ལྟོ་བ་རུ།།
རྨ་ཆུ་དལ་གྱིས་འབབ་པའི་ཉེ་འགྲམ་དུ།།
གངས་རིའི་ཁུ་བྱུག་ལྟེ་ཁྲག་འཕོས་ས་ཞེས།།
གྲགས་དཀར་གཡུ་འབྲུག་སྟོང་གི་སྒྲ་བཞིན་གཡོ།།
འོན་ཀྱང་དེ་རིང་ཁ་བ་བོད་པ་ཡི།།
རིགས་ལ་ཞེན་པའི་མི་བུ་རླབས་ཆེན་ཁྱོད།།
མ་བཞུགས་གཤེགས་པའི་གཏམ་ངན་ཐོས་པ་ན།།
ཡིད་ལ་མི་འདོད་སྡུག་བསྔལ་འབུམ་གྱིས་གཟིར།།
༢༠༡༦ ། ༢ ། ༢༨
ཁྲོ་བོ་བདུད་འདུལ་རྡོ་རྗེའམ། བདུད་རྦད་ལགས།
་
ཁྲོ་ཉམས་དགའ་ཉམས་ཆེན་པོ་ཡིས། །
བོ་འབོད་ཝོ་འབོད་བོད་ཀྱི་བུ། །
བདུད་ལས་རྒྱལ་ཕྱིར་གླུང་བླངས་ས། །
འདུལ་ཞིང་སྤྱན་རས་གཟིགས་དབང་རེད། །
་
ཉི་སྟོང་བཅུ་དྲུག་སྤྱི་ཟླ་གཉིས། །
ཚེས་བདུན་དགོངས་དྲོའི་ཆུ་ཚོད་ནི། །
བཅུ་གཅིག་སྐར་མ་བཅུ་གཉིས་སྟེང་། །
བདུད་འདུལ་རྡོ་རྗེ་བདུད་རྦད་འདས། །
་
བོད་རིགས་ཀུན་གྱིས་མྱ་ངན་བྱས། །
ཁྱེད་ཀྱི་སྐད་ངག་གི་སྐུད་པར་རྒྱུ་བའི་བདག་གི་ཚེ་སྲོག་གི་ཕྲེང་རྡོག་གསུམ།།
སྤྱང་ཕྲུག
ཕ་ཡུལ་ལ་ཁ་དོག་ཅིག་ཡོད་རབས་བཤད།།
ཁ་དོག་དེ།
བྱིས་པ་ཚོའི་མཛེས་འཛིན་གྱི་ལྕེ་ལ་ཞིམ་བའི་ཀ་ར་ཞིག་ཡིན་སྐད།།
ཀ་ར་དེ།
ངའི་ཆུང་དུས་ཀྱི་ལོ་ཟླ་ལ་འབྱར་བའི་རོལ་དབྱངས་ཤིག་ཡིན།
རྩྭ་ཐང་ལ་མཛེས་སྡུག་ཅིག་ཡོད་པར་གླེང་།
མཛེས་སྡུག་དེ།
གཞོན་ནུ་ཚོའི་ཤེས་རྟོགས་ཀྱི་མིག་ལ་འཁྱིལ་བའི་མཚོ་མོ་ཞིག་ཡིན་ཚོད།།
མཚོ་མོ་དེ་ངའི་དར་དུས་ཀྱི་ལང་ཚོ་བརླན་པའི་གླུ་དབྱངས་ཤིག་ཡིན།།
གངས་རི་ལ་རྔམ་བརྗིད་ཅིག་ཡོད་རབས་བརྗོད།
རྔམ་བརྗིད་དེ།
ལོ་ལོན་ཚོའི་སེམས་ལ་ཐོགས་པའི་དྲན་གདུང་ཞིག་ཡིན་སྐད།
དྲན་གདུང་དེ་ང་རྒས་དུས་ཀྱི་ལོ་ཟླར་འཁེན་པའི་གླུ་བ་ཞིག་ཡིན།།
ཁྲོ་ཁོའི་བདུད་འདུལ་རྡོ་རྗེའམ་བདུད་བྷེ་གྲོངས་པ་ཐོས་རྗེས་ཁོ་ལ་མྱ་ངན་ཞུ་ཚིག་ཏུ་ཕུལ།
ཕྱི་ལོ ༢༠༡༦ ཟླ་བ ༢ ཚེས་༡༨ དགོང་མོའི་དུས་ཚོད ༩:༠༠ སྐར་མ ༩