གངས་ལྗོངས་ངའི་ཕ་ཡུལ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཕུར་བུ་སྒྲོལ་མ། རང་ལོ་ ༡༣ འཛིན་གྲྭ་ ༨
དེ་རིང་གི་ནམ་ཟླ་ནི་ཇི་འདྲའི་མཛེས་ཨང། མཛེས་པའི་ནམ་མཁའི་ངོས་སུ་རྟ་བདུན་དབང་པོ་དལ་གྱིས་ནགས་རིའི་གསེབ་ནས་ཤར་བ་དང་མཉམ་དུ། ལྷིང་འཇགས་ཀྱི་འཇིག་རྟེན་འདི་སེར་ལམ་མེར་གྱུར་ཅིང། མུ་མེད་ནམ་མཁའ་ཡི་སྟེང་དུ་སྤྲིན་དཀར་ཚོམ་བུ་འགའ་ཞིག་མཆིས་པ་ནི་མུ་ཏིག་གི་ཕྲ་རྒྱན་བཏབ་པ་དང་གཉིས་སུ་མ་མཆིས། ད་དུང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང། བརྗིད་ཆགས་ཡིད་དུ་འོང་བའི་ཇོ་མོ་གླང་མ། དུས་བཞིར་འགྱུར་བ་མེད་པའི་གངས་དཀར་ཏི་སེ་ཤག་ཤག་ཏུ་རྒྱུག་པའི་མཚོ་དང་མཚེའུ་ལ་སོགས་པ་དེ་དག་འགྲན་བྲལ་གངས་ཅན་ཁྱེད་ཀྱི་རྒྱན་དུ་གྱུར་ལ་དེ་བཞིན་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏཱ་ལ་དང་བྱིན་རླབས་ཀྱི་བདུད་རྩིའི་འཇོ་བའི་ཇོ་ཤག་རྣམ་གཉིས། ཤེས་རིག་གི་རྒྱ་མཚོ་འཁྱིལ་བའི་སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ། ཡིད་དུ་འོང་བའི་རྡོ་རིང་ཁྱེད་ཅག་ཡོད་པས། ཁྱེད་ཀྱི་ཚ་རྒྱུད་ཚོས་མེས་པོ་རྣམས་ཀྱི་རླབས་ཆེན་མཛད་འཕྲིན་དང་ཤེས་རིག་གི་དགེ་མཚན་མངོན་པར་རྟོགས་ཤིང། ང་ཚོའི་མི་རིགས་ཧྲིལ་པོའི་གཟི་བརྗིད་དང་སྤོབས་པ་མཚོན་པར་བྱེད།
དེ་བས་ང་རང་གངས་ཅན་གྱི་མ་མའི་ཤ་ཁྲག་ལས་ཆད་པའི་གངས་ཕྲུག་ཅིག་ཡིན་པས་ངས་མ་ལ་བཅངས་པའི་བརྩེ་སེམས་ནི་རི་ལྟར་བརྟན་ལ་མཚོ་ལྟར་ཟབ།
ཁྱེད་ཀྱི་པང་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་རྣམས་ལ་སྔར་ནས་ད་བར་ཁྱེད་ཀྱིས་གསོན་ཤུགས་དང་སྤོབས་པ་སྦྱིན་ཞིང། ཁྱེད་ཀྱི་རིགས་རྒྱུད་ལས་ཆད་པའི་བུ་ཕྲུག་ཡོད་དོ་ཅོག་ནི་ཞི་བདེ་དང་ཡ་རབས་བདེན་འཛིན་ཁོ་ན་གཙུག་ཏུ་འཛིན་པའི་བུ་ཕྲུག་འབའ་ཞིག་ཏུ་གྲུབ་པས། ངས་ཀྱང་རང་གི་རྐང་ལམ་ཕྲ་མོའི་སྟེང་མེས་པོའི་མཛད་འཕྲིན་ལ་སེམས་པ་གླན་ཞོར་མུ་མཐུད་མདུན་བསྐྱོད་བྱེད་རྒྱུ་ལས་ཁྱེད་ཀྱི་རྐང་འདྲེན་པའི་བྱ་སྤྱོད་ནི་ནམ་ཡང་བྱེད་ག་ལ་ཕོད།
ངའི་ཕ་ཡུལ་གངས་ཅན་ལྗོངས་ནི་ཟླུམ་གཟུགས་གོ་ལའི་ཏོག་ལྟར་མཛེས་ཤིང། དེའི་ནང་རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་ཀྱི་དཔྱིད་དཔལ་ལང་ཚོ་ཡོངས་སུ་ངོམས་པར་བྱེད་ཡོད་ལ། ད་དུང་བརྗིད་ཉམས་ལྡན་པའི་གསེར་གྱི་ལྷུན་པོ་ལྟ་བུའི་རི་བོ། དེ་བཞིན་བལྟས་པས་ན་ངོ་བོ་གཅིག་ཏུ་འབྲེལ་བའི་མཚོ་མོ་སོགས་ངོ་མཚར་བའི་རང་བྱུང་མཛེས་སྡུག་གིས་ཡིད་ལ་སྔར་བྱུང་མྱོང་མེད་པའི་བདེ་སྐྱིད་ཀྱི་སྤྲོ་བ་སྟེར་ལ། གནས་དེ་ན་བདེ་སྐྱིད་ཀྱི་འཚོ་བའི་ཕྱུག་རིགས་དཀར་ནག་ཀྱང་བགྲང་གིས་མི་ལོང་བས་དགུན་གྱི་ཁ་བ་ལྟ་བུ་ཡིན། ངའི་ཕ་ཡུལ་གངས་ཅན་ལྗོངས་ན་ངང་རྒྱུད་རིང་ལ་ཡིད་རྟོན་རུང་བའི་ཕུ་ནུ་རྒོད་པོ་མང་ཞིང། མ་ཟད་གཡུ་འབྲུག་སྔོན་མོ་མཁའ་རུ་རྒྱུ་འདྲའི་མཛེས་སྡུག་གི་སྤྲིན་ལང་ལོང་གིས་འཁྲིགས་ཤིང་ཁུ་སིམ་ལྷོད་གཡེང་གིས་རོལ་བའི་སྦྲ་ནག་གི་ཚོགས་ནི་དེ་ལས་ཀྱང་ཉམས་དགའ་ཞིང་ཡིད་དུ་འོང་བ་ཞིག་མ་ཡིན་ནམ། ད་དུང་སྤང་ན་གསེར་ལྡན་དུས་ཀྱི་འཇོལ་མོས་གླུ་སྐད་སྙན་མོ་སྒྲོག་དུས་བསིལ་རླུང་འཇམ་པོའི་སྟངས་སྟབས་དང་ལྷན་དུ་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་ལོ་ཡག་གི་སྙེ་མས་དགའ་བའི་བསྐོར་བྲོ་ངོམ། སྒྲ་གདངས་སྙན་མོ་ལྷང་ལྷང་ལ་རོལ་བཞིན་མི་ཚེ་གཅིག་གི་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད། དུས་ལྟར་ངའི་སེམས་ཁོང་ན་ལྷོག་ལྷོག་ཏུ་ལྡང་བའི་བོད།
མཛེས་ཤིང་ལྟ་ན་སྡུག་ལ་ཡིད་དུ་འོང་བའི་བོད། དངོས་གནས་བུ་མོ་ང་རང་བོད་མི་ཞིག་ཡིན་པར་སྤོབས་པ་ཆེ་ནའང། བདེ་ཞིང་སྐྱིད་པའི་གངས་ཅན་བོད་ཀྱི་པང་སྟེང་དུ་འཚར་ལོངས་ཀྱི་གོ་སྐབས་དབེན་པ་འདི་དངོས་གནས་བསམ་དཀའ་བ་ཞིག་རེད། ཡིན་ནའང་། ངས་ནམ་རྒྱུན་བཀའ་དྲིན་ཆེ་བའི་དགེ་རྒན་དེ་དག་གི་གསུང་བཤད་ལས་གནའ་བོའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་རྣམ་ངོ་མཚར་ཆེ་བ་དག་ཐོས་བྱུང་བས། ངའི་མེས་པོ་རྣམས་ནི་ཇི་འདྲའི་གཟི་བརྗིད་ཆེ་བའི་སྐྱེས་ཆེན་ཞིག་རེད་ཨང།
ལོ་ ༡༣ ཅན་ཕུར་བུ་སྒྲོལ་མ་ལ་བཀྲ་ཤིས་བདེ་ལེགས། ལོ་ཚོད་ལ་དཔག་ན་ཧ་ལས་པའི་ཡག་པོ་བྲིས་འདུག བསྟོད་བསྔགས་ཡོད།
དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་མང་ཆེ་བར་དེ་འདྲའི་ཤེས་ཚད་ལོངས་ཡོད་ཚེ་་་་་ད་དངོས་གནས་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་འགྲིག་འདུག་མི་ལབ་རང་ལབ་རེད་འདུག་་་་་་་་་ལོ་བཅུ་གསུམ་སྐབས་སུ་དེ་འདྲ་ཞིག་འབྲི་ཐུབ་ན་་་་་བཅུ་གཉིས་སྐབས་སུ་ད་་་་་་ཧ་ལས་པ་ཡིན་རྒྱུ་རེད་་་་མངོན་པར་བསྟོད་དོ་་་་་་ཤེས་ཡོན་སྲིད་ཇུས་་་་་
དཔེ་སྟོན་སློབ་གྲྭ་ཡག་པོ་ཞེ་དྲག་འདུག སློབ་མའི་བྲིས་པའི་རྩོམ་དེ་ཚོ་དགེ་རྒན་ལས་ཀྱང་ཡག་པོ་འདུག ངའི་རྩོམ་ལས་ཀྱང་ཡག་པོ་འདུག ནང་གི་ཕ་མ་ཚོ་ལས་ཀྱང་ཡག་པོ་འདུག ང་ལ་དེར་ཡ་མཚན་སྐྱེས་བྱུང་། སློབ་མའི་རྩོམ་ཀྱི་ཚིག་སྦྱོར་དེ་འདྲ་ཞིག་གང་ནས་བྱུང་སོང་། ཁྱེད་ཚོར་ཚིག་སྦྱོར་དེ་འདྲིའི་དཔེ་དེབ་ལྟ་ཀློག་བྱེད་རྒྱུ་ཡོད་དམ། དགེ་རྒན་གྱིས་འབྲེལ་བཤད་བརྒྱག་རོགས། བཙན་བྱོན་ནང་གི་སློབ་དེབ་ཚོ་ངས་མང་པོ་གློག་མྱོང་། དེ་དག་ཚིག་སྦྱར་དང་སློབ་མའི་ཚིག་སྦྱོར་ཁྱོན་ནས་འདྲ་ས་མི་འདུག རྒྱུ་མཚན་ཅི་རེད། དགེ་རྣམ་ཚོས་སློབ་མར་ཟུར་བལྟའི་དཔེ་དེབ་གང་གང་ངོ་སྤྲོད་བྱེད་ཀྱིན་ཡོད། སློབ་མ་ཚོར་དེར་སྤྲོ་སྣང་འདུག་གང་། ངོ་མ་སློབ་མ་ལོ་བཅུ་གྲངས་ཅན་ཚོར་ཤེས་ཚད་འདི་འདྲ་ཞིག་ཡོད་ན། བཙན་བྱོལ་ཁྲོད་ཀྱི་ང་དང་། ད་དུང་དགེ་རྒན་སྐོར་ཞིག་ལ་སློབ་པ་དེ་ཚོས་བོད་ཡིག་ཟབ་སྦྱོང་སྤྲོད་དགོས་ཐུག་ས་རེད།
ལེགས་པོ་འདུག ཡིད་ལ་འཐད་སོང་།
འོན་ཏང་། སློབ་ཕྲུག་སྒེར་དང་སློབ་གྲྭ་བྱེ་བྲག་པ་གཅིག་གི་མཚན་ཐོག་ནས་རྩོམ་ཞིག་སྤེལ་ཏེ། ང་ཚོ་དང་ཁོང་ཚོའི་གནས་ཚད་འདི་ལྟར་ཡིན་གསུང་སྟངས་འདི་ཕྲན་བུ་ནོར་ནས་འདུག་ཟེར་འདོད།
འདིར་བཀོད་པའི་བརྗོད་བྱ་བརྗོད་ཚིག་རྣམས་སྤྱིར་བཏང་ནམ་རྒྱུན་མཐོང་ཐོས་རིག་བསྡད་པ་གྱིས་་་་་
ངོ་མ་རང་ཉིད་ཀྱིས་བྲིས་མ་ཞིག་ཡིན་པར་བཤམས་འདོད་ན། བརྗོད་བྱ་དཔེ་སྟོན་སློབ་གྲྭ། བརྗོད་ཚིག་ཀྱང་ལོགས་སུ་བུད་བསྡད་པ་ཞིག་དགོས་པ་ལས། ཚང་མིའི་བློར་ཤར་ཡོང་བའི་བརྗོད་ཚིག་འདི་ལ་དེ་ཙམ་གྱི་སྣང་བ་ཞིག་འགྲོ་མ་སོང་།
དེས་ན། རྩོམ་ཡིག་དམིགས་བསལ་བ་ཞིག་ཡིན་པར་ངོམས་པར་སྤྲོ་ན། བརྗོད་ཚིག་ཀྱང་དམིགས་བསལ་བ་ཞིག་གིས་སྤྱན་བསྟར་ཐུབ་ན། ཀློག་པ་པོར་ཡིད་ཆེས་འཕེར་ངེས་པས་མ་འོངས་དགོངས་བཞེས་ཡོང་ཕྱིར་ཡིག་འབྲུ་འདི་དག་བྲིས་སུ་ཤོར།
ཁྱེད་རྣམས་ནས་བོད་ཀྱི་ཀ་ཁར་གཙིགས་མཐོང་བྱས་པར་ཧ་ཅང་དགའ་པོ་བྱུང་།
མིག་དཔེ་གསར་པ་དང་། གཟི་བརྗོད་སོ་མ་རེད། བཀྲིས་བདེ་ལེགས།
ཐུགས་རྗེ་ཆེ། མུ་མཐུད་ཅིག་རིགས་ཀྱི་སློབ་མ་དག
ཕུར་བུ་སྒྲོལ་མ་ལ་་་་་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ལོ་ཆུང་བུ་མོ་ཞིག་སྙན་དངགས་ཀྱི་ལམ་དུ་ཞུགས་ཐུབ་པ་དེ་ནི་་་་དངོས་གནས་དགའ་འོས་པ་རང་རེད། ད་དུང་རེ་སྐུལ་ཞིག་ཡོད་་་་་་མ་འོང་པར་སྙན་རྩོམ་ཞིག་འབྲི་བར་འདོད་ན་་་་ཁྱེད་རང་གི་ཆུང་དུས་ཀྱི་ལོ་རྒྱུས་དང་ཕ་མ་བཅས་རྩོམ་གཞི་བྱ་ཐུབ་ན་དེ་བས་་་་ཀློག་འདོད་ཆེ་ས་རེད། ཐུགས་རྗེ་ཆེ།།
ངོ་མ་ཡག་པོ་འདུག ལོ་ཚོད་ལ་དཔག་ན་ཧ་ལས་པ་རེད། ཁ་བརྡའི་ནང་གི་རྩོམ་པ་པོ་རྒན་གྲལ་དེ་ཚོ་ཕལ་ཆེ་བས་ལོ་ཆུང་སློམ་མ་འདིའི་རྩོམ་ཡིག་འདི་འདྲ་རེ་འབྲི་ཐུབ་མཁན་དཀོན་པོ་རེད།
དངོས་གནས་སློབ་ཆུང་སློབ་མ་ཞིག་གི་ངོས་ནས་བཤད་ན་བརྗོད་བྱ་དང་བརྗོད་ཚིག་ཐམས་ཅད་ཡག་པོ་འདུག སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་མེས་དབེན་གཙུག་ལགས་དཔེ་སྟོན་སློབ་གྲྭའི་དགེ་སློབ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད།
བུ་མོ་ཆུང་ཆུང་འབྲི་རྩལ་ཡག་པོ་ཅན་ལ་ཡི་རངས་ཞུ། མུ་མཐུད་ནས་ཤུགས་རྒྱོབ།།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་སྐད་ཆ་ཤོད་སྟངས་དང་། ཡི་གེ་འབྲི་སྟངས།
ཡི་གེ་ཀློག་སྟངས། རྩོམ་ཡིག་འབྲི་སྟངས་སོགས་དམིགས་བསལ་ཞིག་ཡོད་པ་ནི་སློབ་མ་དེ་ཚོར་ངོ་ཐུག་གིས་འདྲིས་གཤིབ་བྱུང་ན་མཁྱེན་ངེས་རེད།
སློབ་མ་དེ་ཚོའི་བོད་ཡིག་སློབ་དེབ་འདི་ཡིན་ཟེར་བ་ཞིག་མེད་པ་རེད། བོད་ཡིག་དགེ་རྒན་ཚོས་བོད་ཕྱི་ནང་གི་སློབ་དེབ་ནང་ནས་སློབ་ཚན་འདེམས་སྒྲུག་གིས་སློབ་ཁྲིད་གྲ་སྒྲིག་གནང་ཐོག དེ་མིན་གྱི་བརྡ་སྤྲོད་དང་། རྩོམ་རིག་སྐོར་ཉིང་ཁུ་གཅེས་བསྡུས་གནང་སྟེ། སློབ་ཁྲིད་གནང་གི་ཡོད་པ་རེད། སློབ་དེབ་ཀྱི་བཀག་རྒྱ་དེ་མེད་སྟབས་གཅིག་བྱས་ན་གྲུབ་འབྲས་དམིགས་བསལ་ཐོན་རྒྱུར་གྲོགས་སུའང་འགྱུར་ཡོད་ངེས་རེད།
འབྱུང་འགྱུར་སློབ་མ་དེ་དག་གི་གནས་སྟངས་ཅི་འགྱུར་ནི་དབུ་བཞུགས་ལས་ཀྱི་སྣེ་མོ་ཚོའི་འཆར་འགོད་དང་ལམ་སྟོན་ལ་རག་ལུས་པ་ཞིག་རེད།།
ངོ་མ་སྙན་གི་ཡ། བུ་མོ་ལོ་ན་བཅུ་གསུམ་ལས་མ་སོན་པ་ཞིག་གི་འདི་བཞིན་འབྲི་ན། དེ་ནི་དཔེ་སྟོན་སློབ་གྲྭའི་དཔེ་སྟོན་པ་རང་རེད་ཡ། འཇུག་ཏུ་མཁས་དབང་ཟམ་གདོངས་ཚང་ལ་བཀའ་དྲིན་ཆེ་ཞེས་མི་ཞུ་ཀ་མེད་རེད་ཤག །
ཤིན་ཏུ་ནས་ལེགས་སོ་དཔེ་སྟོན་སླབ་གྲྭ་དེ་བོད་ཀྱི་མ་འོང་པའི་གསོན་རྩའི་སློབ་གྲྭ་ངོ་མ་དེ་རེད་འདུག་
དེ་ནི་བོད་དགེ་རྣམས་ཀྱི་བཀའ་སྤྱད་འབད་རྩོན་གནང་བ་དང་བཀའ་ཤག་སྐབས་གོང་མའི་འབད་རྩོན་གྱི་འབྲས་བུ་ཞིག་སློབ་གྲྭ་གཞན་ཚོས་དམིག་དཔེ་ལྟ་འོས་སུ་ཐོང།
རྩམ་པ་བོད་པ་ཁོ་ནའི་མ་རེད་ཟེར་བའི་རྩོམ་དང་འདི་གཉིས་འགྲན་བསྡུར་གྱིས་འོངས་ན་རྩོམ་འདི་ལ་ཨང་བརྒྱ་ནས་ ༨༠ དང་། རྩམ་རྩོམ་ལ་ ༣༥ ཡིན།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཕུར་བུ་སྒྲོལ་མ་ལགས་རང་ལོ་བཅུ་གསུམ་ལས་མ་སོན་ནའང་དཔེ་ཡག་པོ་བྲིས་གནང་འདུག་པས། སློབ་སྦྱོང་ལ་མཐའ་མེད་དུ་ད་དུང་མ་མཐུད་ནས་ཡིན་ད།
དེ་བཞིན་འབྲེལ་ཡོད་དབུ་འཛིན་གཙོས་པའི་དགེ་སློབ་ཡོངས་ལ་འཚམས་འདྲི་དང་འབྲེལ། ལྷག་དོན་དགེ་ལགས་རྣམ་པས་སྐུ་ལས་སྐྱོན་པའི་དྲན་དང་། ཁྱེད་རྣམ་པའི་ངལ་བ་ལྷོད་མེད་ཀྱིས་འབད་བརྩོན་གནང་སྟེ་སློབ་ཁྲིད་གནང་བས་གྲུབ་འབྲས་ཐོན་ཡོང་གི་འདུག་ལ། དེ་བཞིན་དགེ་ལས་ཡོངས་རྫོགས་ཆིལ་སྒྲིལ་གྱིས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཞེས་པའི་དཔེ་ལྟར་གནང་བའི་སྐུ་དྲིན་ཡང་ལོས་ཡིན་སྙམ་པ་བྱུང་། ང་ཚོ་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་ཚོར་རེ་བ་བཅོལ་ནས་ཡོད་ཅིང་། བརྩོན་པ་ལྷོད་མེད་གནོང་དང་དེ་ནི་ང་ཡི་རེ་བ་ཡིན་ལ་འབོད་སྐུལ་ཡང་ཡིན་ནོ། །