མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཕུར་བུ་སྒྲོལ་མ། རང་ལོ་ ༡༣ འཛིན་གྲྭ་ ༨
དེ་རིང་གི་ནམ་ཟླ་ནི་ཇི་འདྲའི་མཛེས་ཨང། མཛེས་པའི་ནམ་མཁའི་ངོས་སུ་རྟ་བདུན་དབང་པོ་དལ་གྱིས་ནགས་རིའི་གསེབ་ནས་ཤར་བ་དང་མཉམ་དུ། ལྷིང་འཇགས་ཀྱི་འཇིག་རྟེན་འདི་སེར་ལམ་མེར་གྱུར་ཅིང། མུ་མེད་ནམ་མཁའ་ཡི་སྟེང་དུ་སྤྲིན་དཀར་ཚོམ་བུ་འགའ་ཞིག་མཆིས་པ་ནི་མུ་ཏིག་གི་ཕྲ་རྒྱན་བཏབ་པ་དང་གཉིས་སུ་མ་མཆིས། ད་དུང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང། བརྗིད་ཆགས་ཡིད་དུ་འོང་བའི་ཇོ་མོ་གླང་མ། དུས་བཞིར་འགྱུར་བ་མེད་པའི་གངས་དཀར་ཏི་སེ་ཤག་ཤག་ཏུ་རྒྱུག་པའི་མཚོ་དང་མཚེའུ་ལ་སོགས་པ་དེ་དག་འགྲན་བྲལ་གངས་ཅན་ཁྱེད་ཀྱི་རྒྱན་དུ་གྱུར་ལ་དེ་བཞིན་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏཱ་ལ་དང་བྱིན་རླབས་ཀྱི་བདུད་རྩིའི་འཇོ་བའི་ཇོ་ཤག་རྣམ་གཉིས། ཤེས་རིག་གི་རྒྱ་མཚོ་འཁྱིལ་བའི་སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ། ཡིད་དུ་འོང་བའི་རྡོ་རིང་ཁྱེད་ཅག་ཡོད་པས། ཁྱེད་ཀྱི་ཚ་རྒྱུད་ཚོས་མེས་པོ་རྣམས་ཀྱི་རླབས་ཆེན་མཛད་འཕྲིན་དང་ཤེས་རིག་གི་དགེ་མཚན་མངོན་པར་རྟོགས་ཤིང། ང་ཚོའི་མི་རིགས་ཧྲིལ་པོའི་གཟི་བརྗིད་དང་སྤོབས་པ་མཚོན་པར་བྱེད།
དེ་བས་ང་རང་གངས་ཅན་གྱི་མ་མའི་ཤ་ཁྲག་ལས་ཆད་པའི་གངས་ཕྲུག་ཅིག་ཡིན་པས་ངས་མ་ལ་བཅངས་པའི་བརྩེ་སེམས་ནི་རི་ལྟར་བརྟན་ལ་མཚོ་ལྟར་ཟབ།
ཁྱེད་ཀྱི་པང་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་རྣམས་ལ་སྔར་ནས་ད་བར་ཁྱེད་ཀྱིས་གསོན་ཤུགས་དང་སྤོབས་པ་སྦྱིན་ཞིང། ཁྱེད་ཀྱི་རིགས་རྒྱུད་ལས་ཆད་པའི་བུ་ཕྲུག་ཡོད་དོ་ཅོག་ནི་ཞི་བདེ་དང་ཡ་རབས་བདེན་འཛིན་ཁོ་ན་གཙུག་ཏུ་འཛིན་པའི་བུ་ཕྲུག་འབའ་ཞིག་ཏུ་གྲུབ་པས། ངས་ཀྱང་རང་གི་རྐང་ལམ་ཕྲ་མོའི་སྟེང་མེས་པོའི་མཛད་འཕྲིན་ལ་སེམས་པ་གླན་ཞོར་མུ་མཐུད་མདུན་བསྐྱོད་བྱེད་རྒྱུ་ལས་ཁྱེད་ཀྱི་རྐང་འདྲེན་པའི་བྱ་སྤྱོད་ནི་ནམ་ཡང་བྱེད་ག་ལ་ཕོད།
ངའི་ཕ་ཡུལ་གངས་ཅན་ལྗོངས་ནི་ཟླུམ་གཟུགས་གོ་ལའི་ཏོག་ལྟར་མཛེས་ཤིང། དེའི་ནང་རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་ཀྱི་དཔྱིད་དཔལ་ལང་ཚོ་ཡོངས་སུ་ངོམས་པར་བྱེད་ཡོད་ལ། ད་དུང་བརྗིད་ཉམས་ལྡན་པའི་གསེར་གྱི་ལྷུན་པོ་ལྟ་བུའི་རི་བོ། དེ་བཞིན་བལྟས་པས་ན་ངོ་བོ་གཅིག་ཏུ་འབྲེལ་བའི་མཚོ་མོ་སོགས་ངོ་མཚར་བའི་རང་བྱུང་མཛེས་སྡུག་གིས་ཡིད་ལ་སྔར་བྱུང་མྱོང་མེད་པའི་བདེ་སྐྱིད་ཀྱི་སྤྲོ་བ་སྟེར་ལ། གནས་དེ་ན་བདེ་སྐྱིད་ཀྱི་འཚོ་བའི་ཕྱུག་རིགས་དཀར་ནག་ཀྱང་བགྲང་གིས་མི་ལོང་བས་དགུན་གྱི་ཁ་བ་ལྟ་བུ་ཡིན། ངའི་ཕ་ཡུལ་གངས་ཅན་ལྗོངས་ན་ངང་རྒྱུད་རིང་ལ་ཡིད་རྟོན་རུང་བའི་ཕུ་ནུ་རྒོད་པོ་མང་ཞིང། མ་ཟད་གཡུ་འབྲུག་སྔོན་མོ་མཁའ་རུ་རྒྱུ་འདྲའི་མཛེས་སྡུག་གི་སྤྲིན་ལང་ལོང་གིས་འཁྲིགས་ཤིང་ཁུ་སིམ་ལྷོད་གཡེང་གིས་རོལ་བའི་སྦྲ་ནག་གི་ཚོགས་ནི་དེ་ལས་ཀྱང་ཉམས་དགའ་ཞིང་ཡིད་དུ་འོང་བ་ཞིག་མ་ཡིན་ནམ། ད་དུང་སྤང་ན་གསེར་ལྡན་དུས་ཀྱི་འཇོལ་མོས་གླུ་སྐད་སྙན་མོ་སྒྲོག་དུས་བསིལ་རླུང་འཇམ་པོའི་སྟངས་སྟབས་དང་ལྷན་དུ་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་ལོ་ཡག་གི་སྙེ་མས་དགའ་བའི་བསྐོར་བྲོ་ངོམ། སྒྲ་གདངས་སྙན་མོ་ལྷང་ལྷང་ལ་རོལ་བཞིན་མི་ཚེ་གཅིག་གི་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད། དུས་ལྟར་ངའི་སེམས་ཁོང་ན་ལྷོག་ལྷོག་ཏུ་ལྡང་བའི་བོད།
མཛེས་ཤིང་ལྟ་ན་སྡུག་ལ་ཡིད་དུ་འོང་བའི་བོད། དངོས་གནས་བུ་མོ་ང་རང་བོད་མི་ཞིག་ཡིན་པར་སྤོབས་པ་ཆེ་ནའང། བདེ་ཞིང་སྐྱིད་པའི་གངས་ཅན་བོད་ཀྱི་པང་སྟེང་དུ་འཚར་ལོངས་ཀྱི་གོ་སྐབས་དབེན་པ་འདི་དངོས་གནས་བསམ་དཀའ་བ་ཞིག་རེད། ཡིན་ནའང་། ངས་ནམ་རྒྱུན་བཀའ་དྲིན་ཆེ་བའི་དགེ་རྒན་དེ་དག་གི་གསུང་བཤད་ལས་གནའ་བོའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་རྣམ་ངོ་མཚར་ཆེ་བ་དག་ཐོས་བྱུང་བས། ངའི་མེས་པོ་རྣམས་ནི་ཇི་འདྲའི་གཟི་བརྗིད་ཆེ་བའི་སྐྱེས་ཆེན་ཞིག་རེད་ཨང།
རྩོམ་སྒྲིག་པས་བཅོས་སྒྲིག་བྱས་མེད་ན་དངོས་གནས་ཡག་པོ་བྲིས་འདུག རང་ལོ་བཅུ་གསུམ་ལས་མ་སོན་པའི་
བུ་མོ་ཞིག་གིས་འདི་ལྟ་བུ་འབྲི་ཤེས་པ་ནི་ལས་སླ་བོ་ཞིག་རྩ་་ཉིད་ནས་མ་རེད། ཁྱེད་དགེ་སློབ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རྗེས་སུ་སྔར་བས་འབད་བརྩོན་གནང་སྐྱོང་ཡོང་བར་ནན་ཏན་དུ་ཞུའོ། །
ཕུར་བུ་སྒྲོལ་མ་ལགས་ནི་ལོ་ན་ཧ་ཧཅང་ཆུང་ཆུང་རེད་ལ་རྩོམ་བྲིས་ཀྱང་ཡག་པོ་ཞེ་དྲག་འདུག་་་་་འོན་ཀྱང་རྣམ་པ་དང་དཔྱོད་ལམ་དེ་གང་འདྲ་ཞིག་ཡོད་དམ་་་་གཅིག་བྱས་ན་མདོག་ངན་ཞེ་པོ་ཅིག་ཡོད་རྒྱུ་རེད་ད་་་་་་གལ་ཏེ་དེ་འདྲ་མེད་ན་་་་རྗེས་མ་ནས་རྩོམ་ཡིག་མཉམ་དུ་འདྲ་པར་རེ་གཏང་ཐུབ་ན་ཡག་པོ་འདུག།
ལོ་ཆུང་བུ་མོ་ཞིག་གིས་འདི་འདྲའི་རྩོམ་ཡིག་ཡག་པོ་བྲིས་གནང་འདུག་པར་་་་་ང་འདྲེ་ཡིན་ཡང་་་སེམས་པ་དགའ་ནི་ཞིག་རེད། རེ་བ་ཡོད་ཀི་་་ཤུགས་རྒྱོབས།
བོད་སྤྱི་ཚོགས་འདིའི་ནང་ལ་་་བུ་མོ་ལོ་ན་ཆུང་ཆུང་ཞིག་གིས་ལྷུག་རྩོམ་སྙན་ངག་རྣ་བར་སྙན་པོ་འདི་འདྲ་ཞིག་དེ་སྔར་བྲིས་གནང་མྱོང་ཡོད་ཚོད་མེད་པས་་་་དེ་རིང་འདྲེ་ང་ཚོས་ཀྱང་ཁྱེད་ལ་རྟེན་འབྲེལ་དང་་་དགའ་རྟགས་ཆུང་ཆུང་ཞིན་འབུལ་ན་འདོད།
ད་ནི་བོད་ཡིག་གི་སྲོག་རྩ་བོད་ཕྲུག་དག་གི་ཤ་ཁྲག་རུས་གསུམ་ལ་སླར་ཡང་འདྲེས་བྱུང་བས། ངོ་མ་དགའ་སྤོབས་བྱེད་འོས་པ་ཞིག་རེད།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཕུར་བུ་སྒྲོལ་མ་ལགས་རང་ལོ་བཅུ་གསུམ་ལས་མ་སོན་ནའང་དཔེ་ཡག་པོ་བྲིས་གནང་འདུག་པས། སློབ་སྦྱོང་ལ་མཐའ་མེད་དུ་ད་དུང་མ་མཐུད་ནས་ཡིན་ད།
དེ་བཞིན་འབྲེལ་ཡོད་དབུ་འཛིན་གཙོས་པའི་དགེ་སློབ་ཡོངས་ལ་འཚམས་འདྲི་དང་འབྲེལ། ལྷག་དོན་དགེ་ལགས་རྣམ་པས་སྐུ་ལས་སྐྱོན་པའི་དྲན་དང་། ཁྱེད་རྣམ་པའི་ངལ་བ་ལྷོད་མེད་ཀྱིས་འབད་བརྩོན་གནང་སྟེ་སློབ་ཁྲིད་གནང་བས་གྲུབ་འབྲས་ཐོན་ཡོང་གི་འདུག་ལ། དེ་བཞིན་དགེ་ལས་ཡོངས་རྫོགས་ཆིལ་སྒྲིལ་གྱིས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཞེས་པའི་དཔེ་ལྟར་གནང་བའི་སྐུ་དྲིན་ཡང་ལོས་ཡིན་སྙམ་པ་བྱུང་།
སློབ་མར་སེམས་ཤུགས་སྤར་ཆོག འོན་ཀྱང་ཚད་ལས་བརྒལ་བའི་སེམས་ཤུགས་སྤར་མི་རུང་། དེ་བཟང་ལས་ངན་ལ་འགྱུར་སྲིད། ཐ་ན་དཔེ་སྟོན་སློབ་གྲྭ་ཁོ་རང་དཔེ་ངན་པར་འགྱུར་སྲིད། འདི་ནི་ང་དགེ་རྒན་བྱས་པའི་ཉམས་མྱོང་གི་སྐད་ཆ་ཡིན།
མདོར་ན་དགེ་ལས་ཚོས་རྩོམ་ཡིག་འོས་འཚམས་ཤིག་བཅོས་ཆོག་ཀྱང་། འདི་ལྟར་མ་བཅོ། དེས་སློབ་མར་མི་ཕན།
དཔེ་སྟོན་སློབ་གྲྭའི་ན་གཞོན་བུ་མོ་ལོ་ན་བཅུ་གསུམ་ལ་སོན་པ་ཕུར་བུ་སྒྲོལ་མས་སྙན་རྩོམ་འདི་འདྲ་ཡག་པོ་ཞིག་བྲིས་ཡོད་པ་མཐོང་མ་ཐག་ངོ་མ་ང་ཧ་ཅང་དགའ་བྱུང་། བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་ལས་ཆད་པའི་ཕུ་ནུ་མིང་སྲིང་སུ་འདྲ་ཡིན་རུང་རང་རེ་ལ་ཞེན་པ་དང་བརྩེ་དུང་མེད་མཁན་ནི་ཕལ་ཆེར་སྲིད་དཀའ་སྙམ། དེས་ན་བདག་ཀྱང་ཁྱོད་ཀྱི་འབྲི་རྩོམ་དེ་མཐོང་བས་ཆེས་དགའ་བྱུང་བས་ཁྱོད་ལ་ཡིད་རང་དང་བསྔགས་བརྗོད་ཡོད་ལ། སླད་མ་ཡང་འདི་ལྟར་མུ་མཐུད་ནས་འབྲི་བའི་ཡིད་ཆེས་དང་སྨོན་འདུན་ཡང་ཡོད། ཁྱོད་ནི་ངོ་མར་དཔེ་སྟོན་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་ན་གཞོན་རྣམས་ཀྱིས་དཔེ་ལྟོས་འོས་པའི་བུ་མོ་བཟང་མོ་ཞིག་ཏུ་ཁོ་བོས་རྩིས་འདོད།།