ཨ་ཚོགས་ཚེ་ལོ།
—-དཔའ་མོ་སྐལ་སྐྱིད་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཕུལ་བ།
རིགས་ཞེན་རུས་པ་སྙིང་ལ་བཅུག་ནས་མི་རིགས་ཤིག་གི་འཆི་གསོན་བརྩད།།
འཇིགས་མེད་སྟོབས་ཀྱི་གོ་ཆ་བགོས་ནས་ཚམ་ཚོམ་མེད་པར་མདུན་ལ་ཐོན།།
དཔའ་བོ་དཔའ་མོའི་རྐང་རྗེས་སྙེག་བཞིན་བདེན་པའི་དཔའ་སྐད་གཟེངས་སུ་སྒྲོག །
བདེན་ལུགས་མི་འདོར་སྲོག་གིས་རྩོད་པ་གངས་རིའི་དཔའ་བོའི་རྣམ་ཐར་ཡིན།།
གྱེན་དུ་རྒྱུ་མ་དམར་མོའི་སོ་ལ་བླ་ཚེ་སྲོག་གི་སྐྱེམས་ཀྱིས་མཆོད།།
ཁ་སྟབས་རྒུད་པའི་གདོང་དམར་བ་ཡི་བདེན་དོན་བཙན་པོའི་ངོ་སོ་བསྟད།།
བསུབ་མེད་ལོ་རྒྱུས་རྡོ་རིང་བསླངས་ནས་གནས་ལུགས་གསོན་པོའི་ཐ་ཚིག་བསྒྲགས།།
གངས་ཅན་དཔའ་བོའི་བདེན་ཚིག་མ་ཐེག་ས་ཆེན་འདི་ཡང་ལྕིག་ལྕིག་འདར།།
དྲོད་ཁོལ་མ་ཡལ་གཞིས་ཁྱིམ་ཞིག་ནས་ཁྱོད་ཀྱང་འདི་ལྟར་ལམ་ལ་ཆས།།
ལང་ཚོ་མ་ཡོལ་སྐྱེས་པ་ཞིག་གིས་དགའ་མ་དྲན་པའི་འོ་དོད་འབོད།།
གཉོམ་ལག་མ་རྒྱས་བྱིས་པ་བཞི་ཡིས་ཨ་མ་ཟེར་ནས་ངུ་རྒྱངས་བྱེད།།
དཔའ་བོའི་འདོད་པ་མྱ་ངན་མིན་ཡང་གངས་ལྗོངས་ཧྲིལ་བོ་སྡུག་གིས་གཟིར།།
ངུས་ནས་མིག་ཆུ་རྫོགས་ཡོད་སྙམ་ཡང་ཚུལ་འདིས་མིག་ཟུང་མཆི་མས་བཀང་།།
སེམས་འདི་སྡུག་ལ་ལོབ་ཡོད་འདྲ་ཡང་ཁྱོད་ཀྱིས་ཡིད་སེམས་གཏིང་ནས་སྒུལ།།
དཔའ་མོར་མཁོ་བ་མིག་ཆུ་མིན་ཡང་མཆི་མའི་འཕྲེང་ཐག་ཉིལ་ཏེ་ཐལ།།
དཔའ་བོའི་འདོད་པ་ངུ་ངག་མིན་ཡང་འོ་དོད་གནམ་ས་བཀང་ཏེ་ཐལ།།
ཕོ་ཟད་མོ་ལ་ཐུག་པས་མིན་ཡང་འ་ཆད་འུ་ལ་ཐུག་ནས་ཐལ།།
གངས་ཅན་དཔའ་བོ་དཔའ་མོའི་ཚོགས་རྣམས་གཅིག་རྗེས་གཅིག་གིས་སྙེགས་ནས་ཐལ།།
བརྒྱ་ཕྲག་བརྒལ་བའི་གཅེས་སྲོག་དམར་པོ་འདི་ལྟར་ཁད་ཀྱིས་བཞུད་ནས་ཐལ།།
གཟིམ་པ་མེད་པའི་མར་མེ་ཚེ་འབར་གཅེས་པའི་སྲོག་གིས་བསྐྲུན་ནས་ཐལ།།
ཁྱེད་ཅག་ཐུགས་ཀྱི་བཞེད་དགོངས་འགྲུབ་པའི་སྨྲ་ལྕེ་བདག་ལ་ལྐུགས་གྱུར་མོད།།
ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་སྤོང་བའི་དམ་བཅའ་ཞིག་གི་རྫོང་བ་འབུལ།།
བོད་སེམས་བོད་ལ་གཅིག་ཏུ་ཕྱོགས་ནས་བོད་དོན་བདེན་མཐའ་གསལ་ཉིན་མོ།།
ཁྱེད་ཅག་གཟི་བརྗིད་འོད་ཀྱིས་བཏེགས་པའི་གངས་ལྗོངས་འོད་ཀྱིས་འཚོ་བར་ཤོག །
༢༠༡༣ ༣ ༢༥
གངས་ཅན་དཔའ་བོ་དཔའ་མོ་དག་གི་རྗེས་དྲན་ན་ཆུང་བུ་མོ་ཞིག །
དབྱངས་ཅན་ངག་གི་པད་མའི་ཚལ་དུ་གཅེས་པུར་རྒྱུ་བའི་གར་སྟབས་ལ། །
ལྷ་ཡི་དབང་བོ་རྒྱལ་བྱིན་ལ་སོགས་ཡིད་སེམས་དབང་མེད་ཤོར་གྱུར་ན། །
འདོད་ལྷའི་མདའ་རྩེ་སྙིང་ལ་ཕོག་པའི་མི་ཆུང་སེམས་པ་ཅིས་མིན་འཕྲོག །
མི་མིན་ཟོག་གི་ཀླད་པའི་ནང་ལ་རྨོངས་བའི་མིན་པ་དགུ་སྐོར་འཐིབས།།
རྒྱ་འདྲེ་དམར་པོའི་རྐང་བ་ཅན་ལ་འགོང་པོ་དགུ་ཡིས་སྟངས་སྟབས་བསྒྱུར།།
ཐུ་བྷོད་དཔའ་བོའི་མཛད་པར་སྨོད་པའི་གཡོག་ཕྲུག་ཁྱི་ཡི་རྔ་མ་ཅན།།
འབྱུང་བོ་རྐང་ཐོ་ད་ནས་བཟུང་སྟེ་རིམ་པ་དགུ་ཡི་དོང་ལ་འཕོངས།།