གློག་རྡུལ་འཕྲུལ་དེབ་ཁང་།
གངས་ལྗོངས་ཚིག་མཛོད་ཆེན་མོ།
༼རྩོམ་སྒྲིག་པའི་གསལ་བཤད།༽ ཚིག་མཛོད་ནི་དུས་རབས་རིམ་བྱུང་གི་ལོ་རྒྱུས་ཐོག་ཏུ་བེད་སྤྱོད་བྱས་དང་བྱེད་བཞིན་པའི་ཐ་སྙད་ཀྱི་བང་མཛོད་ཅིག་རེད། འཇིག་རྟེན་འདིར་སྐད་ཡིག་ཡོད་པའི་མི་རིགས་ཤིག་ཡིན་ཕྱིན་རང་གི་སྐད་ཡིག་ཏུ་ཡོད་པའི་ཐ་སྙད་རྣམས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས་ནས་ཕྱི་རབས་རྗེས་འཛིན་པ་རྣམས་ཀྱི་ནོར་སྐལ་དུ་འཇོག་ཅིང་ཡོད་པ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་བྱ་གཞག་ཅིག་རེད། བོད་ཀྱི་སྐད་ཡིག་ནི་ཆེས་གནའ་བོའི་དུས་ནས་བྱུང་པའི་དབྱངས་བཞི་དང༌། གསལ་བྱེད་སུམ་ཅུ་འདུས་པའི་སྦྱོར་ཀློག་ཅན་གྱི་ཡི་གེ་ཅིག་ཡིན་སྟབས། མིང་དང༌། ཚིག་གི་ཐ་སྙད་རྣམས་ཧ་ཅང་ཕུན་སུམ་ཚོགས་པོར་ཡོད་པ་སྟེ། སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་པ་ཡས་མས་ཙམ་ནས་དམངས་ཁྲོད་ཀྱི་ཞིང་འབྲོག་གི་འཚོ་བའི་ཐད་ཀྱི་མིང་ཚིག་སྣ་འཛོམས་ཡོད་པ་མ་ཟད། བོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་སྨན་དང༌། རྩིས་སོགས་རིག་གནས་ཀྱི་ཐ་སྙད་མང་པོ་བྱུང་བ་དང༌། དེ་ནས་དུས་རབས་རིམ་བྱུང་གི་ནང་དུ་གཏོ་དང༌། མདོས་དང༌། ཡས་དང༌། གླུད་བཅས་ཀྱི་ཆོ་ག་སྣ་ཚོགས་དར་སྤེལ་གཏོང་བ་དེས་ཆོས་དང་རིག་གནས་སྐོར་ཀྱི་ཐ་སྙད་ཇེ་མང་དུ་ཕྱིན་ཡོད།
སྤྱི་ལོའི་དུས་རབས་བདུན་པའི་ནང་ནས་བཟུང་རྒྱ་གར་གྱི་ཆོས་དང་རིག་གཞུང་རྣམས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བ་ནས་བཟུང་རིག་གནས་སྐོར་གྱི་ཐ་སྙད་ཕུན་སུམ་ཚོགས་པོ་འདི་བྱུང་ཡོད། དཔེར་ན། སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་ཐུ་མི་སམ་བྷོ་ཊས་གནའ་བོའི་རྒྱ་གར་གྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལ་དཔེར་མཛད་ནས་བོད་ཀྱི་《བརྡ་སྤྲོད་རིག་པའི་གཞུང་ལུགས་》བརྒྱད་མཛད་པ་དང༌། སྤྱི་ལོའི་དུས་རབས་བརྒྱད་པ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་ཆོས་དང་རིག་གཞུང་མང་པོ་བོད་སྐད་དུ་བསྒྱུར་ནས་རིམ་བཞིན་གསུང་རབ་དེ་དག་གི་དཀར་ཆག་སྒྲིག་པ་《དཀར་ཆག་ལྡན་དཀར་མ་》དང༌། 《དཀར་ཆག་མཆིམས་ཕུ་མ་》དང༌། 《དཀར་ཆག་འཕང་ཐང་མ་》བཅས་ཡོད་པ་དང༌། དེའི་རྗེས་སུ་སྤྱི་ལོའི་དུས་རབས་དགུ་པའི་ནང་དུ་ཚིག་མཛོད་《སྒྲ་སྦྱོར་བམ་གཉིས་》པ་བཅས་རྩོམ་སྒྲིག་གནང་ཡོད་པ་རེད།
འོན་ཀྱང་དེང་དུས་གོ་ལའི་ཁྱོན་ཡོངས་སུ་མི་རིགས་སོ་སོས་རང་རང་གི་སྐད་ཡིག་དང༌། ཐ་སྙད་སྐོར་ལ་ཞིབ་འཇུག་བྱེད་ཅིང༌། བརྡ་སྤྲོད་རིག་པ་དང༌། སྐད་ཡིག་རིག་པ། ཚིག་མཛོད་རྩོམ་སྒྲིག་བཅས་ཀྱི་ལས་དོན་རྒྱ་ཁྱབ་དུ་དར་སྤེལ་གཏོང་བའི་སྐབས་འདིར། ང་ཚོ་བོད་ཀྱི་སྐད་ཡིག་སྐོར་གྱི་ལས་ཀའི་མྱུར་ཚད་དེ་ལྟོས་བཅས་ཀྱི་སྒོ་ནས་ཧ་ཅང་དལ་མོ་ཞིག་ཆགས་ཡོད་པ་རེད།
སྤྱི་ལོ་༡༩༩༤ ལོར་ཁོ་བོ་དབྱིན་ཡུལ་སུ་ཀོ་ཐི་ལན་ཊི་ལ་སློབ་ཁྲིད་ཕྱིན་པ་ཡིན། སྐབས་དེར་ངས་དབྱིན་ཇིའི་ཡི་གེ་སྦྱོང་ཡས་འགོ་བཙུགས་པ་ཡིན། དེ་དུས་དབྱིན་ཇི་ཚིག་མཛོད་ཟེར་བ་ཞིག་ཡོད་པ་དེའི་ནང་དབྱིན་སྐད་དུ་གང་ཡོད་དེ་ཚིག་མཛོད་ནང་ཡོད་པར་ཤེས་བྱུང༌། དེ་ནས་ངས་བོད་ཡིག་ལའང་དེ་འདྲ་ཞིག་བཟོས་ན་ད་གཟོད་བོད་ཀྱི་ཤེས་རིག་ཡར་རྒྱས་དང༌། སྐད་ཡིག་གཅིག་གྱུར་བྱ་ཐུབ་པའི་བསམ་བློ་འཁོར་བྱུང༌། ཚུར་པེ་ཅིང་དུ་སླེབས་པ་དང༌། སློབ་ཁྲིད་ལས་ཀའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་རྒྱུན་སྤྱོད་ཐ་སྙད་གང་རག་བསྡུ་རུག་བྱས་པ་མ་ཟད། མི་རིགས་དཔེར་སྐུན་ཁང་དང༌། ཡིག་བསྒྱུར་ལས་ཁུངས། ཀྲུང་དབྱངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་མི་སྣ་ཚོ་ལ་ང་ཚོ་ཚང་མས་གཅིག་གྱུར་གྱིས་བོད་ཀྱི་ཁ་སྐད་གཙོ་བོར་བྱས་པའི་ཚིག་མཛོད་ཅིག་སྒྲིག་ཐུབ་ན་ཕན་ཐོགས་ཡོད་ཚུལ་སྐོར་གྱི་འབོད་སྐུལ་དང༌། བཀའ་མོལ་ཐེངས་མང་བྱས་པར་ཁོ་ཚོ་ཚང་མ་མོས་མཐུན་ཡོད་ཀྱང་ལས་འགོ་བརྩམས་མཁན་དང༌། འགྲོ་སོང་གཏོང་མཁན་མ་བྱུང་པས་ལོ་ཤས་ལྷག་སོང༌། སྤྱི་ལོ་༢༠༠༤ ལོར་མི་རྣམ་རིན་པོ་ཆེ་དང་ང་ཚོ་དེའི་སྐོར་ལ་གླེང་མོལ་བྱས་པར་བརྒྱུད་ཚིག་མཛོད་རྩོམ་སྒྲིག་གི་ལས་ཀ་འགོ་བཙུགས་པ་ཡིན།
ད་ལན་ང་ཚོས་《གངས་ལྗོངས་ཚིག་མཛོད་ཆེན་མོ་》འདི་ཉིད་རྩོམ་སྒྲིག་བྱེད་པའི་སྐབས་སུ་སྔར་ཡོད་པའི་སྒྲ་སྦྱོར་བམ་གཉིས་པ་སོགས་ཚིག་མཛོད་རྙིང་པ་རྣམས་དང༌། མདོ་རྒྱུད་གཞུང་ལུགས་རྣམས་ཀྱི་ཐ་སྙད་རྣམས་བསྡུ་རུག་གང་ཐུབ་པའི་རྨང་གཞིའི་ཐོག་ཏུ། དེ་དག་གི་ནང་དུ་མ་འདུས་པའི་ཞིང་འབྲོག་ས་ཁུལ་གྱི་དམངས་ཁྲོད་ཀྱི་ཡོ་བྱད་དང༌། རྒྱན་གོས། འཚོ་བའི་སྐོར་གྱི་ཐ་སྙད་གཙོ་བོ་རྣམས་བསྡུ་རུག་བྱེད་གང་ཐུབ་བྱས་ཤིང༌། དེ་དག་ལ་གང་འཚམས་ཀྱི་འགྲེལ་བཤད་བྱས་ནས། སྔར་གྱི་ཚིག་མཛོད་རྣམས་ལ་ཁ་གསོས་གང་ཐུབ་བྱས་ཡོད། ང་ཚོས་ཚིག་མཛོད་འདི་ཉིད་ལྷག་བསམ་རྣམ་དག་གི་བོད་ཀྱི་རིག་གཞུང་ཞིབ་འཇུག་བྱེད་མཁན་རྣམས་དང༌། ཕྱི་རབས་བོད་མིའི་རྗེས་འཛིན་པ་རྣམས་ལ་ཕན་ཐོགས་ཅུང་ཟད་ཡོང་རེའི་བསམ་པས་རྩོམ་སྒྲིག་བྱས་པ་ཞིག་ཡིན། ཚིག་མཛོད་འདིའི་ནང་གི་ཆབ་སྲིད་སྐོར་ཀྱི་ཐ་སྙད་དང༌། དེ་དང་འབྲེལ་ཡོད་ཀྱི་ཐ་སྙད་གང་ཡོད་《བོད་རྒྱ་ཚིག་མཛོད་ཆེན་མོ་》དང༌། 《དག་ཡིག་གསར་སྒྲིག》《དུང་དཀར་ཚིག་མཛོད་ཆེན་མོ་》《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་》སོགས་ད་ཡོད་ཀྱི་ཚིག་མཛོད་རྣམས་ཀྱི་ནང་དུ་འགྲེལ་བཤད་ཇི་ལྟར་བྱས་པ་དེ་ཉིད་སོར་བཞག་བྱས་ཡོད། དེས་ན་སླད་ནས་ཚིག་མཛོད་འདི་ལ་ཁ་སྣོན་བྱེད ་མཁན་བྱུང་ན་དེང་དུས་ཀྱི་ཚན་རིག་ཐ་སྙད་གསར་པ་རྣམས་དང༌། ཆབ་སྲིད་སྐོར་གྱི་ཐ་སྙད་རྣམས་བོད་སྐད་དུ་ལེགས་པར་བསྒྱུར་ནས་གསར་སྣོན་གནང་རྒྱུའི་རེ་བ་ཞུ།
ཚིག་མཛོད་འདི་ཉིད་རྩོམ་སྒྲིག་བྱ་ཚུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི། གསལ་བྱེད་སུམ་ཅུའི་གོ་རིམ་ལ་རྐྱང་འདོགས་བརྩེགས་འཕུལ་གྱི་གོ་རིམ་རྣམས། ས་སྐྱ་བསོད་ནམས་རྩེ་མོའི་བྱིས་པ་བདེ་འཇུག་ནང་གི་ཡི་གེའི་རྣམ་བཤད་ཀྱི་གོ་རིམ་ལྟར་བཀོད་ཡོད། དེ་ཡང་རྐྱང་པ་གསལ་བྱེད་སུམ་ཅུ་དང༌། དེ་ནས་གསལ་བྱེད་རྣམས་ལ་དབྱངས་གི་གུ་སོགས་གོ་རིམ་ལྟར་བསྣན་པས་གསལ་བྱེད་དབྱངས་ལྡན་དང༌། དེ་ནས་ར་མགོ་དང༌། ལ་མགོ ས་མགོ་ཅན་བཅས་མགོ་རྣམས་གོ་རིམ་བཞིན་བཀོད་པ། དེ་ནས་ར་འདོགས་དང༌། ལ་འདོགས། ཡ་འདོགས་བཅས་འདོགས་ཅན་གྱི་གོ་རིམ་དང༌། དེ་ནས་སུམ་བརྩེགས་ཅན་གྱི་ཡི་གེ་དང༌། མཐར་རྐྱང་པ་ནས་སུམ་བརྩེགས་བར་རིམ་བཞིན་འཕུལ་ཡིག་རྣམས་གོ་རིམ་བཞིན་སྦྱར་ནས་མཇུག་རྫོགས་པར་བྱས་ཡོད། སྡེ་ཚན་སོ་སོའི་ནང་གི་དམིགས་གསལ་ཅན་གྱི་ཡི་གེ་ཝ་ཟུར་ཅན་དང༌། འ་ཆུང་ཅན་དང༌། རྣམ་བཅད་ཅན་རྣམས་རང་རིགས་ཀྱི་སྡེ་ཚན་སོ་སོའི་གྲལ་མཐར་བཀོད་ཅིང༌། སྔགས་ཡིག་རིགས་རྣམས་ཀྱང་གསལ་བྱེད་སྡེ་ཚན་སོ་སོའི་མཇུག་གྲལ་དུ་བཀོད་ཡོད། དེ་ལྟར་ཐོག་མར་རྟ་ངན་རྒྱུག་གི་སྣ་འདྲེན་གྱི་དཔེ་ལྟར། སྔར་ཡོད་ཀྱི་ཆོས་དང༌། རིག་གཞུང་གི་ཐ་སྙད་དང༌། ཞིང་འབྲོག་ས་ཁུལ་གྱི་རྒྱུན་སྤྱོད་ཐ་སྙད། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཡིག་ཐོག་ཏུ་མ་འཁོད་པ་རྣམས་བསྡུ་རུག་བྱ་གང་ཐུབ་བྱས་ཏེ་ཚིག་མཛོད་འདི་ཉིད་འགྲེམས་སྤེལ་བྱས་པ་དང༌། མི་རིང་བར་ཚིག་མཛོད་འདི་ཉིད་གློག་རིག་གི་ཚིག་མཛོད་དུ་བསྒྱུར་རྒྱུའི་འཆར་གཞི་བཀོད་པ་ཡིན།
གོང་གསལ་གྱི་གནད་དོན་དེ་དག་ལ་དམིགས་ནས་ང་ཚོས་སྤྱི་ལོ་༢༠༠༤ ལོར་“བོད་ཀྱི་རིག་གནས་རྨང་གཞི་ཚོགས་ཆུང་”ཞེས་པ་ཞིག་རྩ་འཛུགས་བྱས་ནས། མི་རྣམ་རིན་པོ་ཆེས་ཚོགས་གཙོ་དང༌། མཁན་པོ་ཀུན་དགའ་བཟང་པོ་དང༌། ཤེས་རབ་རྒྱ་མཚོ་རྣམ་གཉིས་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་ཤིང༌། ཐུབ་བསྟན་ཕུན་ཚོགས་དང༌། ཚེ་དགའ། ཚེ་དབང་ལྷ་མོ། བཀྲ་བྷ། འབྲུག་ལྷ། ཀརྨ་དོན་གྲུབ། ངག་དབང་དབང་གྲགས་བཅས་ཚོགས་མི་བྱས་པའི་ལས་ར་ཚོགས་ཆུང་ཞིག་རྩ་འཛུགས་བྱས་པ་ཡིན།
སྐབས་དེར་མི་རྣམ་རིན་པོ་ཆེས་ཚིག་མཛོད་རྩོམ་སྒྲིག་གི་ལས་འགོ་འཛུགས་བྱེད་དུ་རྒྱ་སྒོར་ཁྲི་ལྔ་དང༌། དེ་རྗེས་མཁས་དབང་རྣམས་པེ་ཅིང་དང་ཁྲེང་ཏོའུ་དུ་བགྲོ་གླེང་ཚོགས་འདུ་ཐེང་གཉིས་སོགས་ལས་ཀའི་བརྒྱུད་རིམ་ནང་གི་མཐུན་སྦྱོར་གྱི་འགྲོ་སོང་ཆ་ཚང་གནང་སྦྱིན་མཛད་པ་དེ་ལས། གཞུང་དང༌། མི་སྒེར་སུ་གང་གིས་ཀྱང་རོགས་སྐྱོར་མེད་པར་ལྷག་བསམ་དང༌། སྙིང་སྟོབས་ཁོ་ནར་བཅངས་ཏེ། གངས་ལྗོངས་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་རྩ་འཛུགས་བྱས་ཤིང༌། ངས་ཚིག་མཛོད་རྩོམ་སྒྲིག་པའི་འགན་ཁུར་རྒྱུ་དང༌། མཁན་པོ་ཀུན་དགའ་བཟང་པོ་དང༌། མི་རྣམ་རིན་པོ་ཆེ། དཔེ་མཛོད་སྤྱི་ཁྱབ་ཤེས་རབ་རྒྱ་མཚོ་བཅས་ཀྱིས་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས། བོད་རིག་པའི་ཚན་ཁག་གི་དགེ་རྒན་དང༌། རབ་འབྱམས་པའི་སློབ་མ། གཞན་ཡང་མདོ་དབུས་ཁམས་གསུམ་གྱི་དགོན་པའི་བཤད་གྲྭ་ཁག་གཅིག་ལ་འབྲེལ་བ་བྱས་ནས་བསྡོམས་པས་རྒྱུན་ལས་མི་སྣ་ཉི་ཤུ་ལྷག་ཙམ་རྩ་འཛུགས་བྱས་ཤིང་སོ་སོ་ལ་ལས་འགན་བཀོད་སྒྲིག་བྱས་ཏེ་ལས་ཀ་འགོ་བརྩམས་པ་ཡིན།
དེ་ནས་ང་ཚོས་སྔར་ཡོད་ཀྱི་ཚིག་མཛོད་རྣམས་ཀྱི་མིང་ཚིག་རྣམས་གཞི་བཞག་གི་ཐོག་ཏུ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་རྣམས་བསྡུ་རུག་གང་ཐུབ་བྱས་པ་དང༌། གཏོ་མདོས། འབྱུང་རྩིས། གསང་སྔགས་བཅས་ཀྱི་ཐ་སྙད་རྣམས་བསྡུ་ཅི་ཐུབ་བྱས་ནས་ལོ་ངོ་ལྔའི་རིང་ལ་ཐ་སྙད་གཅིག་འབུམ་ལྔ་ཁྲི་ལྷག་ཙམ་ཀློག་གླད་ནང་དུ་བཅུག་ཅིང་དེ་དག་ལ་གང་འཚམས་ཀྱི་འགྲེལ་བཤད་བྱས་ཤིང༌། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་དང་འགྲེལ་སྤེལ་བྱ་རྒྱུའི་ཐུགས་འགན་བཞེས་པ་རེད། དེ་ལྟའི་གཞུང་སྒེར་གང་གི་དཔལ་འབྱོར་གྱི་རྒྱབ་སྐྱོར་མེད་པ་དང༌། ཆེད་ལས་ཀྱི་མི་སྣ་དང༌། གཏན་འཁེལ་གྱི་ལས་གནས་མེད་པའི་ཆ་རྐྱེན་སྐྱོ་པོའི་འོག་ཏུ་ལོ་ངོ་ལྔའི་རིང་ལ་དཀའ་ངལ་ཁྱད་བསད་དང༌། འབད་བརྩོན་ལྷོད་མེད་བཅས་ཀྱི་སྒོ་ནས་ཚིག་མཛོད་འདི་ཡོངས་སུ་གྲུབ་པ་བྱུང་བ་ནི། ལས་དང་བྱ་བ་གང་ཞིག་བསྒྲུབ་དགོས་ན་ཆ་རྐྱེན་བཟང་ངན་ལ་མ་ལྟོས་པར་གཙོ་བོ་སྙིང་སྟོབས་དང༌། ཆོད་སེམས་ལ་རགས་ལས་ཡོད་པ་ར་སྤྲོད་བྱུང་ཡོད།
སྤྱི་ལོ་༢༠༠༩ ལོའི་ཟླ་བ་དང་པོའི་ཚེས་༨ ཉིན་པེ་ཅིང་དུ། རྩོམ་སྒྲིག་པས་བྲིས།
གངས་ལྗོངས་སྐད་ཡིག་ཕྱུག་པའི་ཞིང་ཁམས་འདིའི།།
ཚིག་མཛོད་ཡིག་འབྲུའི་གཏམས་པའི་སྐྱེད་འཚལ་སྟེང༌།།
ཆེན་མོ་ཚན་རྩལ་བཟོ་བཀོད་དཔྱིད་ཀའི་དཔལ།།
དེང་འདིར་མིག་གི་བདུད་རྩིར་འཆར་འདི་མཚར།།
ཁྱེད་རྣམ་པའི་མཛད་བཟང་ལ་སྙིང་ནས་ཡི་རང་ཞུ།
བཀྲ་ཤིས་བདེ་ལེགས་ཞུ། སྒྲིག་སྟངས་དེ་སྙིང་རྗེ་མདོག་ཁ་པོ་འདུག
བོད་ཡིག་གི་མ་རྩོམ་རྣམས་ལ་བདག་དབང་མེད་པའི་གཞང་ཚོང་མ་འདྲ་ཞིག་ལ་བཏང་བཞག་ན་ཡག་པོ་མ་རེད་ཟེར་ཡ་ཡིན། གཅིག་གིས་གཅིག་ལ་འགྲན་བཞིན་ཅིག་ལས་བཞིན་ཡོད་ན་ཡང་། གཟབ་གཟབ་མ་བྱས་ན། ཡག་པོ་ཞིག་ལོན་མི་འོང་འདོད་ཀི།
གངས་ལྗོངས་ཚིག་མཛོད་ཆེན་མོ་བློ་གསལ་གཞོན་ནུ་དོན་གཉེར་ཅན་རྣམས་ཀྱི་མིག་ལམ་བལྟར་ཐུབ་པ་ལ་རྗེས་དྲན་ཞུ། ཡིན་ན་ཕབ་ལེན་ཞུ་སྟང་ལ་ལམ་སྟོན་ཡོད་པ་ཞུའོ།
རྒྱལ་རབས
གངས་ལྗོངས་ཚིག་རྩོམ་སྒྲིག་འགན་འཛིན་དག་གཙོས་པའི་རྩོམ་སྒྲིག་པ་ཚང་མ་ཐུགས་རྗེ་ཆེ་ཞུ་བཞིན། ཚིག་མཛོད་འདིའི་མང་ཚིག་གསར་བ་མང་ཞིག་གསར་སྣོན་བྱས་ཡོད་ནི་ཤིན་ཏུ་དགའ་འོས་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཡིན་ཡང་ནོར་བ་འགའ་འདུག་པས་བཅོས་ཐབབ་བྱེས་ན་ན་ཤིན་ཏུ་ལེགས།