ཨེ་མ་ཧོ།
ན་མོ་གུ་རུ་ཡེ།
རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས།།
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ།།
མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས།
གང་བསམ་ལྷུན་གྱིས་འགྲུབ་པའི་དགེ་ལེགས་སྩོལ།།
སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ།།
བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས།།
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
རྒྱང་རིང་ཤར་ནུབ་རྒྱ་མཚོའི་བསྐལ་ན་ཡང་།།
དད་གུས་དམ་ཚིག་ནམ་ཡང་འགྱུར་མེད་པའི།།
སྙིང་གྲོགས་ཇོ་མོའི་ཚོགས་ཀུན་དལ་ཅིག་དགོངས།།
གང་ཤར་ཚིག་བཞི་བདེན་པའི་སྙིང་གཏམ་ཞུ།།
དང་པོ་བློ་སྦྱོང་གནས་ལ་ལེགས་འབད་ནས།།
དངོས་དོན་ཆོས་ཀྱི་སྙིང་པོ་བསམ་བཟང་གིས།།
རང་གཞན་ཕན་བདེའི་རྩ་བ་སེམས་ཉིད་ལ།།
དྲན་ཤེས་བག་ཡོད་མཛད་པར་སྙིང་གཏམ་ཡིན།།
ཕྱི་གཙང་གྲོགས་ངན་རྩོག་པས་མ་གོས་ཞིང་།།
ནང་གཙང་དག་རྫོགས་སྨིན་པའི་བསྙེན་སྒྲུབ་སྒོམས།།
གསང་ཆེན་དད་གུས་མོས་པའི་རྩ་གསུམ་ལ།།
གསོལ་འདེབས་ཐུགས་དམ་མཛད་པར་སྙིང་གཏམ་ཡིན།།
རིན་ཆེན་མི་ལུས་རྙེད་པ་དོན་ཡོད་ཕྱིར།།
སྒོ་གསུམ་དམ་པའི་ཆོས་ལ་རྟག་འབད་ནས།།
འདི་བདེ་ཕྱི་སྐྱིད་སེམས་ཀྱི་དཔལ་ཡོན་ཕྱོགས།།
ཉིན་བཞིན་གོང་འཕེལ་གཏོང་བར་སྙིང་གཏམ་ཡིན།།
རབ་ན་ཐོས་བསམ་སྒོམ་པར་མཐར་ཕྱིན་གཅིག།
འབྲིང་ན་དགེ་སྒྲུབ་སྡིག་སྤོང་ཅི་ནུས་གཉིས།།
མཐའ་ན་ཉིན་རེ་སྐར་མ་སུམ་ཅུའི་རིང་།།
བླ་མའི་རྣལ་འབྱོར་འབད་པར་སྙིང་གཏམ་ཡིན།།
ཕན་བདེ་འབྱུང་ནས་བསྟན་པར་འཛིན་གྱུར་ཅིག།
ཚེ་རབ་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག།
རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག།
འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་ནག་པ་ཟླ་བའི་ཡར་ཚེས་བཟང་པོར་གངས་ལྗོངས་ཨེ་ཝྃ་ཇོ་མོའི་གླིང་ནས་འཕྲིན་ཕྲན་རྒྱུད་དེ་མཁན་སྤྲུལ་ལོ་ཙྰ་བཅས་འདུས་པའི་དབུས་ནས་ཇོ་མོ་སྒྲོན་ཆོས་སོགས་ཀྱིས་དད་གུས་ཀྱིས་བསྐུལ་བ་བཞིན་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་བརྙན་སྐད་དུ་ཕུལ་བར་དགེའོ།། །།
ན་མོ་གུ་རུ་ཡེ། ཨུ་ཡིག་མཐའ་ལ་ཡོད་ན། བ་ཡིག་འབྱུང་། དེས་ན། ན་མོ་གུ་རུ་བེ། ཞེས་དགོས། ཨི་ཡིག་མཐའ་ཅན་ཡིན་ན། དཔེར་ན། ན་མོ་གུ་རུ་སུ་མ་ཏ་ཡེ། ཞེས་པ་ལྟ་བུའོ། བདག་རང་གི་ཀླད་པ་བརྟག་དཔྱད་ཕྱིར་དུ་བྲིས་པ་པ་ནོར་ཡོད་ན།
ཞུས་དག་མཛོད། ངའི་ཀླད་པ་ལ་བཟོ་བཅོས་རྒྱབ་པར་ཕན་པར་འགྱུར་རོ།
ན་མོ་གུ་རུ་བྷྱ:
ན་མོ་བུདྡྷྰ་ཡ།
ན་མོ་དྷརྨ་ཡ།
ན་མོ་སངྒྷ་ཡ།