ཚེ་བརྟན་འགྱུར་མེད།
གོང་གི་འགོ་བརྗོད་དང་འབྲེལ་བའི་གནས་དོན་གཤམ་འདིར་སྤྱན་འབུལ་ཞུས་པ་བཞིན་ཟླ་གཅིག་ཙམ་སྔོན་བོད་ཀྱི་དུས་བབ་བརྒྱུད་གནས་སྤེལ་ཞུ་ཐབས་བྱས་ཡིན་ཀྱང་ཐོན་མ་སོང་། ང་རང་ལ་ནི་གལ་གནད་ཤིན་ཏུ་ཆེ་བས་འདི་མུར་འཇོག་ཐབས་མེད་པའི་གནད་ཀྱང་བོད་ཀྱི་དུས་བབ་ལ་ངའི་བསམ་ཚུལ་རྣམས་ཐུགས་ལ་བབ་མེད་འདྲ། སྡུག་ཆེ་ན་ངས་བོད་མི་ནང་འཁུལ་དཀྲུག་ཤིང་རྒྱབ་ཀྱི་ཡོད་པའང་སྙམ་སྲིད། གནད་དོན་གང་ཆེད་བརྩོད་བྱེད་སྐོར་གཤམ་དུ་གཟིགས་ན་མཁྱེན་རྒྱུ་དང་། སྟབས་ལེགས་པ་ཞིག་ལ་རྒྱ་གར་གཞུང་ནས་དམིགས་གསལ་སྲུང་བྱ་ཞུ་གནང་གི་སྐོར་གསར་ལམ་ཁག་ནང་མཇལ་རྒྱུ་ཡོད་པ་བཞིན་དུས་བབ་ནང་དུའང་འདུག རྒྱ་གར་གཞུང་དང་མི་དམངས་ལ་བོད་མི་ང་ཚོས་དམིགས་བསལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།།
ཕྱི་ལོ་ ༢༠༢༤ ཟླ་ ༨།༩ ནང་ཙམ་ཞིག་ཏུ་ཨོས་ཊོ་ལི་ཡ་ནས་ཡིན་པའི་གོང་གི་བོད་མིང་ཅན་ནས་རང་རེའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་མཆོག་དང་འབྲེལ་བའི་སྐོར་གནས་ཚུལ་ཚད་མེད་ཅིག་བཤད་ཡོད། དེའི་སྐོར་ལ་བོད་མི་མང་པོ་ཞིག་ནས་བློ་ཚབ་ཀྱིས་ལབ་གླེང་དང་། དེ་བཞིིན་སྐྱབས་བཅོལ་བོད་གཞུང་ལ་སྙན་སེང་ཡང་ཞུས་ཡོད། རང་གཞུང་ནས་ཀྱང་གནད་དོན་སྐོར་ལྷོད་གཡེང་དུ་མ་ཕྱིན་པར་དམ་དོན་གནང་རྒྱུའི་དགོངས་ཚུལ་གཞུང་གི་བཀའ་བློན་དང་དྲུང་ཆེ་རྣམ་པས་གསལ་བསྒྲགས་གནང་ཡོད། ཡིན་ཀྱང་ད་ཆ་ཟླ་འགའ་ཤས་ཕྱིན་ཀྱང་མཛད་གཙོ་རྣམ་པའི་དགོང་གཞི་ལྟར་དུ་ལག་ལེན་ཇི་སྐེལ་གྱི་སྐོར་རང་ངོས་ནས་འཇམ་སིང་ངེས་རེད་འདུག་བསམ་ནས་བློ་ཚབ་ཀྱང་ཡོང་བཞིན་འདུག
བྱས་བཟང་ལ་ངོས་ལེན་དང་ངན་པ་ལ་ཉེས་བཅད་དམ་དམ་འཛིན་མེད་ན་མི་ལེགས་པའི་སྐྱོན་ཆའི་ཐད་ངས་ག་ནས་ཞུ་དགོས། དེ་བཞིན་གོང་རིམ་ནས་གསུངས་པ་ལྟར་ཆ་ཚང་ཕྱག་ལེན་འཁེལ་ཐུབ་དང་མ་ཐུབ་པའི་གནས་དོན་ཕྱོགས་མང་པོ་ཞིག་ཏུ་བསྟུན་དགོས་ཀྱང་རང་ཕྱོགས་ནས་ཇི་གནང་གི་ལས་རིམ་ཁག་མི་མང་གིས་ཤེས་གལ་ལས་གསང་བ་ཞིག་ག་ནས་ཡིན་དགོས། གྲོས་ཚོགས་ལྟ་བུ་ཞིག་ལ་ལན་གསལ་ཞུ་རྒྱུ་ཙམ་ཞིག་མིན་པར་གཙོ་བོ་བོད་མི་དམངས་ལ་གཙོ་འགན་བཞེས་དགོས་བསམས། གནང་རྒྱུ་མེད་པའི་ཞལ་བདེ་འམ་འུར་ཤོབ་ལྟ་བུ་ནི་ཁེ་ལས་གནོད་ཆེ་བས་མ་གནང་ན་བཟང་། ཡིན་ཀྱང་གནང་རྒྱུ་མེད་པ་དང་མ་གནང་བ་ཞིག་ག་ནས་ཡིན། གནང་དང་གནང་། གང་གནང་བ་དེ་མང་ཚོགས་ཀྱི་མ་ཤེས་ན་བྱེད་རྒྱུ་མིན་འདུག་སྙམ་པའི་བསམ་ནོར་ལས་ཚོད་འཛིན་ཞུ་མཁན་ཡང་ཡོང་ཉེན་ལ་སོང་། བློས་བཟོད་དཀའ་པའི་གནད་དོན་སྐོར་མི་མང་ལ་གསལ་ཆ་ཞིག་དགོས་ངེས་ཆེ་བའི་རེ་བསམ་དུ།།