ཨེ་མ་ཧོ།
གདོད་མའི་རིང་ལུགས་ཉིད་ཤིན་ཏུ་གལ་ཆེན་དུ་གདམས་པ་གངས་སེང་དཀར་མོའི་རང་སྒྲ་ཞེས་བྱ་བ།།
ན་མོ་མ་ཧཱ་གུ་རུ་ཐོན་མི་སམྦྷོ་ཊ་ཡེ།
ཀ་དག་དགོངས་པ་རྟོགས་པའི་རྣལ་འབྱོར་གཅིག།
ཁ་ཁོག་མཚུངས་པའི་བྱང་ཆུབ་སེམས་ལྡན་གཉིས།།
ག་བུར་བཞིན་གཙང་རབ་བྱུང་ཡང་དག་གསུམ།།
ང་ཚོའི་མི་རིགས་མཛེས་པའི་རྒྱན་ཆ་ལགས།།
ཅ་ཅོའི་འདུ་འཛིས་དབེན་པའི་དགོན་པ་གཅིག།
ཆ་མཐུན་ཚུལ་བཞིན་མཛད་པའི་གྲོང་པ་གཉིས།།
ཇ་རྩམ་འཚོ་བའི་གཤིས་བཟང་སྤྱི་ཚོགས་གསུམ།།
ཉ་གང་ཟླ་བཞིན་སྣོད་བཅུད་ལེགས་ཆར་ལགས།།
ཏ་ལེན་ཁུར་པའི་སྤྲང་པོ་ཉུང་དང་གཅིག།
ཐ་མག་འཐེན་པའི་མ་རབས་ཉུང་དང་གཉིས།།
ད་ཆར་གཡོ་རྫུན་ཉུང་པའི་ལུང་པ་གསུམ།།
ན་ཚོད་ཁྱད་མེད་བཟང་པོའི་ཡོན་ཏན་ལགས།།
པ་ཏྲ་ལྟ་བུའི་འཁོར་ཡུག་གཙང་དང་གཅིག།
ཕ་སྐད་གཙང་མའི་སྒྲ་དག་སྤྱོད་དང་གཉིས།།
བ་ཕྱུགས་སེམས་ཅན་བདག་སྐྱོང་གནང་དང་གསུམ།།
མ་ལུས་ཞི་བདེའི་རྩ་བའི་དགེ་མཚན་ལགས།།
ཙ་རིའི་སྨན་ལྗོངས་འཛིན་པའི་སྤོབས་པ་གཅིག།
ཚ་བུ་གདུང་བརྒྱུད་སྐྱོང་བའི་རྟུལ་ཕོད་གཉིས།།
ཛ་ཡའི་བསྟན་པ་སྤེལ་བའི་རྙིང་ཞེན་གསུམ།།
ཝ་ལེར་སེམས་ལ་གནས་པ་ལྷག་བསམ་ལགས།།
ཞ་ལོང་ལྐུགས་པར་བྱམས་པའི་སྙིང་རྗེ་གཅིག།
ཟ་འདོད་རང་ཞེན་མེད་པའི་སྤྱི་དོན་གཉིས།།
འ་ཅག་གཉིས་ཕན་སྒྲུབ་པའི་བསྟན་འཛིན་གསུམ།།
ཡ་རབ་བསྟན་སྲིད་རྒྱས་པའི་དཔལ་ཡོན་ལགས།།
ར་ལུག་རྟ་ནོར་གཉེར་པའི་འབྲོག་པ་གཅིག།
ལ་ལུང་འབྲུ་དྲུག་འདེབས་པའི་ཞིང་པ་གཉིས།།
ཤ་ཚའི་དཔལ་འབྱོར་གཏོང་བའི་ཚོང་པ་གསུམ།།
ས་སྟེང་སྲོག་སྙིང་བོད་མིའི་ལང་འཚོ་ལགས།།
ཧ་ཅང་ཤེས་རིག་བརྩོན་པའི་བཤད་གྲྭ་གཅིག།
ཨ་ལགས་ཚེ་ཆོས་འབད་པའི་སྒྲུབ་གྲྭ་གཉིས།།
ཨི་ལྡན་དབྱངས་གསལ་མཁས་པའི་སློབ་གྲྭ་གསུམ།།
ཨུ་དུམ་བ་ར་ལྟ་བུའི་གཏེར་མཛོད་ལགས།།
ཨེ་ཝྃ་ཆོས་ལྡན་ཞིང་གི་སྐྱེ་དགུ་ཀུན།།
ཨོ་རྒྱན་པདྨའི་བཀའ་དྲིན་ཕྲིན་ལས་ཀྱིས།།
ས་གསུམ་ཞིང་དུ་ཁྱབ་པའི་དགེ་མཚན་རྣམས། །
ནམ་ཡང་མི་ཉམས་འཁོར་འདས་དཔལ་དུ་ཤོག།
ཅེས་པ་རབ་རྒྱན་ཆུ་སྦྲུལ་རྒྱལ་ཟླའི་ལྷག་དཀར་ཉིན་མོར་རྨི་ལམ་ཡ་མཚན་ཅན་འགའ་རྨིས་པ་དང་མཁན་པོ་འོད་གསལ་མཐའ་ཡས་དང་ལྷ་མོ་དོན་གྲུབ་ཀྱིས་བསྐུལ་ངོར་གང་དྲན་དུ་ཤྲྰིཿསྨྱོན་ཨེ་མ་ཧོས་གངས་ཅན་གཉིས་པའི་གདན་ས་ཆེན་པོ་ཀུན་བཟང་ཆོས་གླིང་ནས་བྲིས་པར་དགེའོ།། ཕྱི་ལོ་༢༠༡༤ ༢ ༥ ལའོ།།