ཨ་རིག་འགྱུར་མེད།
དངོས་བྲིས་གསར་འགྱུར། ༢༠༡༡ ལོའི་ཟླ་ ༦ ཚེས་ ༡༥ རེས་གཟའ་མིག་དམར།
ལོ་ལྟར་དཔྱིད་དུས་དང་དབྱར་གཞུང་གང་རུང་ལ་གཞུང་ཞབས་ལས་བྱེད་ནང་ཁུལ་དུ་ལག་རྩལ་སྤོ་ལོའི་འགྲན་བསྡུར་བྱེད་ཀྱིན་པ་ལྟར། ཟླ་འདིའི་ཟླ་མགོ་ནས་བཟུང་གཞུང་ཞབས་བུད་མེད་ནང་ཁུལ་གྱི་སྤོ་ལོའི་འགྲན་བསྡུར་མགོ་འཛུགས་བྱས་ཏེ། ཁ་སང་སྟེ་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་ངྷ་ས་གངས་སྐྱིད་རྩེད་ཐང་དུ། སྒྲོལ་མ་དཀར་པོ་དང་སྒྲོལ་མ་ལྗང་ཁུ་གཞུང་ཞབས་བུད་མེད་རུ་ཁག་གཉིས་ཀྱིས་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་བྱས་ཏེ། སྒྲོལ་མ་དཀར་པོ་རུ་ཁག་གིས་སྐར་གྲངས་ ༢༢ དང་སྒྲོལ་མ་ལྗང་ཁུ་རུ་ཁག་གིས་སྐར་གྲངས་ ༢༤ བསགས་ཏེ་ཨང་དང་པོ་བླངས།
སྒྲོལ་མ་ལྗང་ཁུ་རུ་ཁག་ནི་ངྷ་ས་དཔེ་སྟོན་སློབ་གྲྭ་དང་བོད་ཀྱི་དཔེ་མཛོད་ཁང་། དཔལ་འབྱོར་ལས་ཁུངས། མེག་གྷན་ཆོས་ནོར་གསོལ་མགྲོན་ཁང་། བདེ་ལེགས་སྨན་ཁང་སོགས་ཀྱི་རྩེད་འགྲན་པས་གྲུབ་ཡོད་ལ། སྒྲོལ་མ་དཀར་པོ་རུ་ཁག་ཀྱང་ཕྱི་དྲིལ་ལས་ཁུངས་དང་ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས་བཅས་ཀྱིས་གྲུབ་པའི་རུ་ཁག་ཅིག་ཡིན། རུ་ཁག་འདི་གཉིས་ལ་དམིགས་བཀར་གྱིས་མིང་གང་ཡང་མེད་སྟབས། གསར་འགོད་པས་སྐབས་བསྟུན་གྱིས་སྒྲོལ་མ་དཀར་ལྗང་གཉིས་ཞེས་མིང་རེ་བཏགས་པ་ཡིན་ལ། གཤམ་ནས་མིང་དེ་གཉིས་གཞིར་བཞག་གིས་འབྲི་རྒྱུ་བྱའོ། །
རྩེད་འགྲན་མགོ་བཙུགས་ནས་ཅང་མ་འགོར་བར་སྒྲོལ་མ་དཀར་པོ་རུ་ཁག་གིས་རྩེད་མོ་བ་བསོད་ནམས་དཔལ་མོས་སྤོ་ལོ་གཅིག་བླུགས་པས། མི་མང་གི་ཀི་སྒྲ་ཇེ་མཐོར་ཕྱིན་པ་དང་སྒྲོལ་མ་ལྗང་ཁུ་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་ཁོག་དཔུང་བརྩེངས་པར་མ་ཟད། ལྟད་མོ་བའི་ཁྲོད་ནའང་མགོ་བཙུགས་མ་ཐག་པའི་རྩེད་འགྲན་འདིའི་མཇུག་མཐའི་རྒྱལ་ཁ་སུ་ལ་ཐོབ་མིན་གྱི་གླེང་སློང་བྱེད་མཁན་དང་། ཡང་རུ་ཁག་གཅིག་དམིགས་བཀར་གྱིས་རྒྱན་འཛུགས་ཆུང་ངུ་རེ་བྱེད་ཀྱིན་པ་ལྟར། གསར་འགོད་པས་ཀྱང་རང་གི་ཁྱིམ་མཚེས་རྡོ་རྗེ་ཚེ་བརྟན་ ༼ རྡོ་རིང་ ༽ མཉམ་དུ་ཆུ་གྲང་མོ་རེ་རྒྱན་འཛུགས་བྱས་ཤིང་། ཁྱིམ་མཚེས་རྡོ་རྗེ་ཚེ་བརྟན་གྱིས་རྒྱན་འཛུགས་ཡུལ་ནི་སྒྲོལ་མ་དཀར་པོ་རུ་ཁག་ཡིན་ལ་གསར་འགོད་པས་སྒྲོལ་མ་ལྗང་ཁུ་རྒྱན་འཛུགས་བྱས་ཡོད།
ཕྱི་དྲོ་འདིའི་རྩེད་འགྲན་གྱི་སྔ་གཞུག་ཏུ་མི་མང་གིས་ཐལ་མོ་རྡེབ་ཡུལ་དང་རེ་བ་བཅོལ་ཡུལ་ནི་སྒྲོལ་མ་ལྗང་ཁུ་རུ་ཁག་གི་རྩེད་འགྲན་པ་བདེ་སྐྱིད་གཡུ་སྒྲོན་ཡིན་ལ། ཁོ་མོའི་ཐུན་མིན་གྱི་ཁྲིད་རྩལ་དང་ལྡུག་རྩལ། འགོག་རྩལ་སོགས་ཀྱིས་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུགས། བཤད་སྟངས་བསྒྱུར་ནས་བཤད་ན་ཐེངས་འདིར་སྒྲོལ་མ་ལྗང་ཁུ་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ནི། རྩེད་འགྲན་པ་བདེ་སྐྱིད་གཡུ་སྒྲོན་གྱི་ཐུན་མིན་གྱི་རྩེད་སྟངས་ལ་རེག་ལས་ཡོད་དེ། ཁོང་མོ་དམག་དཔོན་ཞིག་དང་འདྲ་བར་རང་གི་རུ་ཁག་གི་རྩེད་འགྲན་པ་རྣམས་ཀྱི་རུ་སྣ་དྲངས། ཁོ་མོས་སྤོ་ལོ་ལག་ཏུ་བཟུང་སྟེ་ནང་དུ་འཚང་བ་དང་། ཕྱི་ཐིག་ནས་ལྡུག་པ། འགོག་རྒོལ་བྱེད་པ་སོགས་ཀྱི་ཐད་ནས་བྱང་ཆ་ཆེན་པོ་ལྡན་པར་མ་ཟད། ཁོ་མོས་ལག་ཏུ་སྤོ་ལོ་བཟུང་སྟེ་གྲུག་པང་འོག་ཏུ་ཤོར་ཐེངས་རེར་སྤོ་ལོ་གཅིག་ལྡུག་རྒྱུ་ནི་ཚོད་དཔག་ཐུབ་པ་ཞིག་ཡིན།
དེ་བཞིན་སྒྲོལ་མ་དཀར་མོ་རུ་ཁག་ལའང་ཕུད་བྱུང་གི་རྩེད་འགྲན་པ་མེད་པ་མིན་ཏེ། རྩེད་མོ་བ་ནོར་གཡང་དང་བསྟན་འཛིན་སྒྲོལ་དཀར་གཉིས་ནི་རུ་ཁག་དེའི་རྩེད་མཁན་ཡག་ཤོས་གཉིས་ཡིན་ལ། བཀྲ་ཤིས་གཡང་འཛོམས་ཀྱང་ཁྲིད་རྩལ་ལ་ཧ་ཅང་མཁས། ཁོ་མོས་སྤོ་ལོ་ཁྲིད་སྐབས་ལག་གཡས་ཕྱོགས་ནས་འགོག་རྒོལ་ཐེབས་ཚེ། ལམ་སེང་ལག་གཡོན་ཕྱོགས་སུ་བསྒྱུར་ནས་ཁྲིད་ཐུབ་པ་ནི་ཐེངས་འདིའི་བུད་མེད་རྩེད་འགྲན་ཁྲོད་རྩེད་འགྲན་པ་གཞན་རྣམས་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་གཅིག་ཡིན། ཡིན་ནའང་། ཁོང་ཚོའི་ཁྲོད་དུ་སྒྲོལ་མ་ལྗང་ཁུ་རུ་ཁག་གི་བདེ་སྐྱིད་གཡུ་སྒྲོན་ལྟ་བུའི་འབུར་ཐོན་གྱི་རྩེད་འགྲན་པ་ཞིག་མེད་པར་གོང་གསལ་རྩེད་འགྲན་པ་རྣམས་ཀྱི་བྱང་རྩལ་འདྲ་བོ་ཡིན་སྟབས། ལྟད་མོ་བའི་ཡིད་དབང་འགུགས་མཁན་ནི་ཇི་ལྟར་བཤད་རུང་བདེ་སྐྱིད་གཡུ་སྒྲོན་རང་ཡིན།
རྩེད་འགྲན་འདིའི་མགོ་བཙུགས་ནས་མཇུག་མ་བསྡུས་བར་རུ་ཁག་འདི་གཉིས་ཀྱིས་བསགས་པའི་སྐར་གྲངས་ནི། གཅིག་སྔུན་གཅིག་གིས་གཅོད་པ་ལྟར། སྐབས་རེར་སྒྲོལ་མ་དཀར་པོ་རུ་ཁག་གིས་སྐར་གྲངས་སྔོན་དུ་ཤོར་བ་དང་ལན་རེར་སྒྲོལ་མ་ལྗང་ཁུ་རུ་ཁག་གིས་སྐར་གྲངས་མང་དུ་བསགས་ཐུབ་པ་དེས། ལྟད་མོ་བ་དང་རུ་ཁག་ཕན་ཚུན་བར་འཁྲུག་ཆ་ཆེ་རུ་བཏང་བར་མ་ཟད། རྩེད་འགྲན་པ་གཙོས་ལྟད་མོ་རྣམས་ཀྱང་སུ་ལ་རྒྱལ་ཁ་ཐོབ་མིན་གྱི་སྔངས་སྐྲག་གིས་ཁེངས་འདུག
དེ་ལྟར་རྩེད་འགྲན་གྱི་འཁྲུག་ཆ་དོད་པོ་བྱུང་བས་གལ་སྲིད་རུ་ཁག་གཅིག་གིས་སྤོ་ལོ་གཅིག་ལྡུག་ཐུབ་པ་བྱུང་ཚེ། མི་མང་གིས་ཀི་སྒྲ་དང་ཐལ་མོ་རྡེབ་སྒྲ་ཡུན་རིང་ལ་མཚམས་མི་འཇོག་པར་མ་ཟད། ལྡུག་མཁན་གང་ཡིན་གྱི་མིང་ནས་འབོད་པ་དང་བསྟོད་བསྔགས་སྣ་ཚོགས་གཏོང་།
མཇུག་མཐར་དུས་ཚོད་ལ་ལྟ་མཁན་གྱིས་འདི་ལྟར། “ད་ནི་མཇུག་མཐའི་སྐར་ཆ་གསུམ་ལས་མི་འདུག” ཅེས་སྐད་ཤུགས་ཆེན་པོས་ཟེར་ལ། སྐབས་དེར་སྒྲོལ་མ་དཀར་པོ་རུ་ཁག་གི་སྐར་གྲངས་ནི་ ༢༢ དང་སྒྲོལ་མ་ལྗང་ཁུ་རུ་ཁག་གི་སྐར་གྲངས་ ༡༩ ཡིན། སྐབས་འདིར་སྒྲོལ་མ་ལྗང་ཁུ་རུ་ཁག་དང་དེའི་རྒྱབ་སྐྱོར་བ་རྣམས་སྔར་བས་སྔངས་སྐྲག་ཆེ་རུ་གྱུར་ཡོད་ཀྱང་། དུས་ཡུན་སྐར་ཆ་གཅིག་ཡས་མས་ཤིག་གི་རྗེས་ནས་སྒྲོལ་མ་ལྗང་ཁུ་རུ་ཁག་གི་ཡེ་ཤེས་ ཀྱིས་ཕྱི་ཐིག་ནས་སྤོ་ལོ་གཅིག་བླུགས་ཏེ་སྐར་གྲངས་ ༣ བསགས་པས། སྒྲོལ་མ་དཀར་མོ་རུ་ཁག་གི་སྐར་གྲངས་དང་གཅིག་པ་བླངས་ཐོག མཇུག་མཐའི་དུས་ཡུན་ཚང་ལ་ཉེ་སྐབས་སྒྲོལ་མ་ལྗང་ཁུ་རུ་ཁག་གི་རྩེད་འགྲན་པ་ངག་དབང་གིས་བསྐྱར་དུ་སྤོ་ལོ་གཅིག་བླུགས་པས་སྒྲོལ་མ་ལྗང་ཁུ་རུ་ཁག་ལ་ཐེངས་འདིའི་གཞུང་ཞབས་བུད་མེད་རུ་ཁག་གི་རྩེད་འགྲན་ལས་སྐར་གྲངས་ ༢༤ བླངས་ཏེ་ཨང་དང་པོའི་རྒྱལ་ཁ་ཐོབ།
སྒྲོལ་མ་ལྗང་ཁུ་རུ་ཁག་ལ་ཨང་དང་པོ་ཐོབ་པས་གསར་འགོད་པར་ཡང་ཆུ་གྲང་མོ་ཞིག་གི་རྒྱན་ཐོབ་བྱུང་བ་དང་། སྒྲོལ་མ་ལྗང་ཁུ་རུ་ཁག་གཙོས་རྒྱབ་སྐྱོར་བ་རྣམས་དགའ་བའི་དགོད་སྒྲ་ལྷང་ལྷང་། སྐྱིད་པའི་ཐལ་ལོ་བར་མེད་དུ་རྡེབ་ཀྱིན་འདུག
ཐེངས་འདིའི་གཞུང་ཞབས་ལས་བྱེད་བུད་མེད་ནང་ཁུལ་གྱི་འགྲན་བསྡུར་ཁྲོད་བུད་མེད་རུ་ཁག་གསུམ་ལས་བྱུང་མེད་ཀྱང་། ཟླ་མགོ་ནས་བཟུང་ཁ་སང་བར་རུ་ཁག་རེ་རེས་བསྡོམས་པས་ཐེངས་བཞི་རེར་འགྲན་བསྡུར་བྱས་ཏེ། མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཁྲོད་སྒྲོལ་མ་དཀར་ལྗང་གི་རུ་ཁག་གཉིས་ཀྱིས་འགྲན་བསྡུར་བྱས་པ་ཡིན། བུད་མེད་རུ་ཁག་གསུམ་ལས་གཅིག་ནི་སྨན་རྩིས་ཁང་རུ་ཁག་ཡིན་ལ་ཁོང་ཚོས་ཐེངས་འདིའི་རྩེད་འགྲན་ཁྲོད་ཨང་གསུམ་པའི་བྱ་དགའ་བླངས།
སྤོ་ལོ་འགྲན་བསྡུར་འདིའི་རྩེད་འགྲན་གྱི་སྐུ་མགྲོན་དུ་བཀའ་དྲུང་ཡིག་ཚང་གི་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་རྣམ་གཉིས་ཕེབས་པར་མ་ཟད། རྩེད་འགྲན་གྱི་ཐོག་མར་ལྟད་མོ་ཡོངས་ཀྱིས་བོད་ནང་གི་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་རྣམས་ལ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད།
རྩེད་འགྲན་མགོ་འཛུགས་མ་བྱས་གོང་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས་ཀྱིས་རྩེད་འགྲན་པ་ཡོངས་ལ་ཕྱག་འཇུ་དང་འཚམས་འདྲི་གནང་བ་དང་། མཉམ་དུ་དྲན་རྟེན་གྱི་སྐུ་པར་ཡང་བསྒྲོན། རྩེད་འགྲན་གྱི་མཇུག་ཏུ་ཨང་དང་པོ་དང་གཉིས་པའི་བྱ་དགའ་གནང་བར་མ་ཟད། རྩེད་འགྲན་པ་ཡོངས་ཁ་བཏགས་དཀར་པོ་རེ་གཡོགས་ཤིང་། སྒྲོལ་མ་ལྗང་ཁུ་རུ་ཁག་གི་རུ་དཔོན་བསྟན་འཛིན་མཛེས་ལྡན་ལགས་ཀྱིས་རུ་ཁག་གི་ཚབ་བྱས་ཏེ་འདི་ལོའི་གཞུང་ཞབས་བུད་མེད་ཀྱི་རྩེད་འགྲན་རྟགས་མ་བླངས་སོ། །
སྒྲིག་ཞབས་པ་བུ་མེད་ཡོང་ལ་བཀྲ་ཤིས་བདེ་ལེགས་བཞུ་རྒྱུ་དང་ལྷག་པར་་སྒྲོལ་མ་ལྗང་ཁུ་རུ་ཁག་ལ་རྒྱལ་ཁ་ཐོབ་པར་འཚམས་འདྲི་བཞུ་རྒྱུ་ཡིན།
འདི་ནི་ངས་རྩེད་འགྲན་གྱི་སྐོར་ལ་གསར་འགྱུར་རྒྱས་འབྲི་བྱས་པ་ཐོག་མ་དེ་ཡིན་ལ། འདི་ལྟ་བུ་ཞིག་འབྲི་དོན་ནི་ད་བར་བོད་ཀྱི་གསར་འགོད་པ་རྣམས་ཀྱིས་ལུས་རྩེད་གསར་འགྱུར་ལ་དོ་སྣང་མི་བྱེད་པའམ། ལུས་རྩེད་གསར་འགྱུར་བྲིས་པ་ཉུང་སྟབས་རང་ཉིད་ལ་སྦྱོང་བརྡར་དང་ཚོད་ལྟ་བྱེད་ཆེད་ཡིན།
སྐབས་རེར་ད་ལྟའི་ང་ཚོའི་དྲ་ཤོག་ཀློག་མཁན་དག་ནི་ཆབ་སྲིད་དང་ཆོས་ལུགས། སྙན་ངག་དང་སྤྱི་ཚོགས་དཔྱད་བརྗོད་ལྟ་བུ་རྐྱང་ལ་དགའ་མཁན་མིན་པར། རྩེད་མོར་དགའ་མཁན་ཡང་ཡོད་ཆོག་པས་འདི་ལྟ་བུའི་སྟོང་ཆ་སྐོང་རྒྱུ་དེ་ཡང་བོད་ཀྱི་གསར་འགོད་པ་རྣམས་ཀྱི་འགན་འཁྲི་རུ་འདོད།
རྐང་རྩེད་སྤོ་ལོ་མ་རེད། རྐང་རྩེད་པོ་ལོ་རེད། ཡང་ལག་རྩལ་སྤོ་ལོ་ཡིས། རྐང་རྩལ་པོ་ལོ་ཆགས་ཉེན་འདུག དྷ་ས་དང་ལྷ་སའི་ཁ་སྐད་གཉིས་གཅིག་མཚུངས་ཡོང་རོགས་བྱས་ན་ཨང་་་་
དྲ་གྲོགས་ཨ་རིག་འགྱུར་མེད་ལགས། ལོར་ལྟར་དཔྱིད་དུས་སུ་གཞུང་ཞབས་བུད་མེད་ལག་སྤོལ་རུ་ཁག་ཞེས་པའི་གཞུང་ཞབས་བུད་མེད་དེ་རྣམས་རྒྱལ་ཁབ་སུའི་གཞུང་གི་རེད། དྲ་སྟེང་གི་དཔར་ལ་བལྟས་ན་ནི་བོད་མིའི་སྒྲིག་བཙུགས་ཀྱི་སྒྲིག་ཞབས་པ་ཁག་ཅིག་རེད་བསམ་གྱི་འདུག་
གསར་འགོད་པས་གསར་འགྱུར་མགོ་མཇུག་ཚང་མོ་ཞིག་བཀོད་འདུག ཐུགས་རྗེ་ཆེ། གསར་འགྱུར་ཀློག་གི་ཀློག་གི་དགའ་སྣང་ཞིག་སླེབས། ལྷག་པར་དུ་རྡ་སའི་ལས་ཁུངས་རེ་རེའི་མིང་ཀློག་ཡོང་དུས་དགའ་སྣང་ཞིག་གི་ལུས་ཀྱི་བ་སྤུ་ཡང་གྱེན་དུ་ལངས་ནས་འོངས། འོན་ཀྱང་ད་ནི་གཞུང་ཞབས་པ་ཟེར་བ་ཞིག་ཡོད་པ་མ་རེད། ཤུལ་གཅོད་མཁན་ཚོས་བོད་གཞུང་ཤུལ་བཅད་ཚར་བ་རེད།
ཨ་རིག་པ་ལགས། སྐུ་ཉིད་ནས། ལུས་རྩེད་གསར་འགྱུར་གྱི་སྟོང་ཆ་སྐོང་བའི་ལྷག་བསམ་དང་སེམས་ཤུགས་ཀྱིས་ཀུན་ནས་བསླངས་ཏེ། ཐེངས་འདིའི་འབུར་ཐོན་གྱི་རྩེད་འགྲན་པ་བདེ་སྐྱིད་གཡུ་སྒྲོན་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་། བྱད་གཟུགས་གཤིས་སྤྱོད་སོགས་ཞིབ་འབྲི་བྱས་པའི་རྩོམ་ཡིག་ཅིག་སྤེལ་ཐུབ་པ་ཡིན་ན་བཟང་པོ་ཉིས་བརྩེགས་ཡོང་ས་རེད་གདའ།
སྐྱོ་བྲག་དགའ་དབང་ལགས། གོ་སྐབས་ཤིག་བྱུང་ན་ངས་འབད་ཆོག ཡིན་ནའང་། མཐའ་གཅིག་ཏུ་ཁས་ལེན་དཀའ་བ་ཞིག་རེད།
ཨ་རིག་འགྱུར་མེད་ལགས།
འདི་ལྟར་གསར་འགྱུར་རྒྱས་འབྲི་བྱས་བ་ཐུགས་རྗེ་ཆེ་ཁྱེད་ཀྱི་དངོས་ནས་ཀློག་འདོད་པ་ཞིག་འབྲི་བཞིན་འདུག
གཅིག སྒྲོལ་མ་ལྗ་ཁུ་རུ་ཁག་ལ་འདི་ལོའི་གསེར་གྱི་རྟགས་མའི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ།
གཉིས། འདི་ལྟ་བུའི་དངོས་བྲིས་གསར་འགྱུར་ཞིག་བྲིས་པར་ཐུགས་རྗེ་ཆེ་ཞུ། གསར་འགྱུར་འདི་དངོས་གནས་ཀློག་སྤྲོ་བོ་ཞིག་འབྲི་གནང་འདུག
འདི་ལྟ་བུ་མང་ཙམ་བྱུང་ན་ངེད་ཅག་རྩེད་མོ་རྣམས་ལའང་ཕན་པ་ཆེན་པོ་འདུག