ལོ་མ་རྒྱལ།
སྙན་ངག་པ་ཚོར་འདུ་དྲག་པོ་ཞིག་གི་ཀློང་ནས་གངྒཱའི་འགྲམ་དུ་བསྐྱོད། ད་ནི་ཁོ་རང་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་དུ་ཀྲོང་ངེར་འགྲེང་ཏེ་ཆུ་མོ་གངྒཱར་ཅེར་རེར་འདུག རྡོ་ལེབ་ཆེན་པོ་དེ་ནི་ཟད་དེ་འཇམ་ཡུག་ཡུག་ཏུ་གྱུར་ཡོད་པར་མ་ཟད། མཆོད་རྫས་ལྷག་མའི་མེ་ཏོག་གི་འདབ་མ་ཐར་ཐོར་དང་། མཚལ་མདོག་ཕྲ་ལ་ཕྲན་བུར་འགོས་པའི་རྡོ་ལེབ་ཆེན་པོ་ཞིག་རེད། སྙན་ངག་པས་ད་དུང་ཆུ་མོ་གངྒཱར་ཅེར་ནས་ཡོད་པའི་སྒང་རེད། ཆུ་མོ་གངྒཱ་ནི་དལ་ཞིང་འཇགས་ལ། རྫིང་བུ་ནར་མོ་ཞིག་ཤད་དེར་འཁྱིལ་བ་བཞིན་ཕྱོགས་གང་ཞིག་ཏུ་བཞུར་བཞིན་ཡོད་པའང་ཚོར་དཀའ། ཆུ་མོའི་ཁ་མདོག་ནི་སེར་ཤག་ཤག་ཏུ་སྣང་ཞིང་། ཆུ་ཁ་རུ་ནག་སོབ་སོབ་ཀྱི་ལྦུ་བ་ནག་པོ་སྐོར་རེ་སྐོར་རེ་བྱས་ཏེ་ཁུར་ནས་ཀྱང་འགྲོ་བཞིན་འདུག དཀའ་ཐུབ་པ་ཚོས་བཤད་ན། ཆུ་མོའི་གངྒཱའི་ཁ་སྟེང་ནི་ཇི་ལྟར་འཇགས་ན་དེ་ལྟར་གཏིང་མཐིལ་ནི་དྲག་ཏུ་རྒྱུགས་ཤིང་འཕྱོ་བཞིན་ཡོད་ཅིང་། ཆུ་མོའི་གངྒཱའི་ཁ་སྟེང་ནི་ཇི་ལྟར་སྦགས་ན་དེ་ལྟར་གཏིང་མཐིལ་ནི་དྭངས་ཤིང་གཙང་བ་ཡིན་ཟེར། ད་དུང་། ཆུ་མོ་གངྒཱ་དེ་ལྟར་བཞུར་ཞིང་། དེ་ལྟར་མངོན་ནས་ཡོང་བ་ཡིན་ལ། དེ་ནི་ཆུ་མོ་འདིའི་ལོ་རྒྱུས་དང་རང་གཤིས་ཡིན་ཟེར། སྙན་ངག་པའི་ཡིད་སེམས་ཀྱི་རླབས་རྒྱུན་དྲག་པོ་དེ། མི་རྣམས་ཀྱིས་ཆུ་མོའི་གཞུང་དུ་གཏོང་བཞིན་པའི་མེ་ཏོག་གི་མཐའ་རྒྱན་སྤྲས་པའི་མཆོད་མེ་ཚོ་དང་འགྲོགས་ཏེ། ཆུ་མོའི་གངྒཱའི་གཞུང་དུ་བསྙེགས།
གངྒཱ་ནི་དལ་ཤིང་འཇགས་ལ། གངྒཱ་ནི་རྒྱུགས་ཤིང་འཕྱོ། གངྒཱ་ནི་བསྣོགས་ཤིང་སྦགས་ལ། གངྒཱ་ནི་དྭངས་ཤིང་གཙང་། དེ་བས། གངྒཱའི་དལ་འཇགས་ལ་བལྟས་ཏེ། སྨད་པའི་ཤབ་ཤུབ་འདོན་མཁན་ཡང་བྱུང་ལ། གངྒཱའི་འཕྱོ་བ་ལ་བལྟས་ཏེ། བསྟོད་པའི་ཀི་རིང་འདེབས་མཁན་ཡང་བྱུང་། གངྒཱའི་བསྣོགས་སྦགས་ལ་བལྟས་ཏེ། སྨད་པའི་ཁ་སྣ་གཅོད་མཁན་ཡང་བྱུང་ལ། གངྒཱའི་དྭངས་གཙང་ལ་བལྟས་ཏེ། བསྟོད་པའི་ཁ་སྤུ་བྱིལ་མཁན་ཡང་བྱུང་། གང་ལྟར། གངྒཱ་ནི་སྙན་ངག་པའི་ཚིག་རྒྱན་དུ་གྱུར་མྱོང་ལ། ལྟ་གྲུབ་སྨྲ་བའི་གཏན་ཚིགས་སུ་ཡང་གྱུར་མྱོང་། ཆོས་ལུགས་པའི་མཆོད་ཡུལ་དུ་ཡང་གྱུར་མྱོང་ཞིང་། སློང་མོ་བའི་གནས་ཚང་དུ་ཡང་གྱུར་མྱོང་། ལྗོངས་རྒྱུ་བའི་པར་མིག་ཏུ་ཡང་བླངས་མྱོང་། འདི་ནི་ཡ་མ་བྲལ་བའི་གངྒཱའི་ལོ་རྒྱུས་གསོན་པོ་དེ་ཡིན་ནོ།།
སྙན་ངག་པ་ནི་སྙན་ངག་པ་དེ། ཚོར་འདུ་ཁྲི་མ་འབུམ་གྱི་ཀློང་ན་འཚོ་ཞིང་བསྐྱོད། སྙན་ངག་པ་ད་དུང་རྡོ་ལེབ་ཆེན་པོ་དེའི་སྟེང་ན་གངྒཱར་གཏད་དེ་གངྒཱ་ཅེར་ཞིང་ཀྲེང་ངེར་འགྲེང་ནས་འདུག སྙན་ངག་པས་གངྒཱར་ཇི་ཙམ་བལྟས་ཀྱང་མི་ངོམས་པའི་རྒྱུ་མཚན་ཅི་ཡིན་ནམ། དཀའ་ཐུབ་པ་ཚོས་བརྗོད་པ་ལྟར། ད་ནི་ཆུ་མོ་གངྒཱ་ནི་སྙན་ངག་པ་དང་འདྲ། སྙན་ངག་པ་ནི་བབ་བརླིང་དང་ཞི་འཇགས། ཀྲོང་ངེར་ཆུ་མོ་གངྒཱར་ཅེར་རེར་འདུག་ཅིང་། ཆུ་མོ་གངྒཱ་ནི་སྙན་ངག་པའི་མདུན་དུ་ཤད་དེར་འཁྱིལ་ནས་འདུག ཡིན་ན་ཡང་། སྙན་ངག་པས་ཆུ་མོ་གངྒཱའི་འཇགས་པ་དང་སྦགས་པ་ལ་བལྟས་ཀྱིན་བལྟས་ཀྱིན་ཚོར་འདུ་སྣ་ཚོགས་ཀྱི་རྦ་རླབས་དྲག་ཏུ་འཕྱོ་ཞིང་། རྣོ་ལ་རྒོད་པའི་རླབས་ཕྲེང་རེ་རེ་ཡིས་བྱང་ཁོག་གི་མཁར་རྔ་ཡང་ཡང་དུ་བརྡུངས་ཏེ། དྲན་པའི་ནགས་ཀློང་ཁྲོད་ཀྱི་རི་དྭགས་ཀུན་པོ་ཧོལ་གྱིས་འདྲོགས་ཏེ་ཕྱོགས་ནས་ཕྱོགས་སུ་ཞོགས། ཇི་ལྟར་ཁུ་སིམ་ན་དེ་ལྟར་འདུ་འཛི་རྒོད་ཅིང་། ཇི་ལྟར་འདུ་འཛི་རྒོད་ན་དེ་ལྟར་ཁུ་སིམ་མོ།། སྙན་ངག་པའི་མིག་ལམ་དུ་མངོན་པ་ནི་གངྒཱའི་དལ་འཇགས་ཁོ་ན་མ་ཡིན་ཞིང་། གངྒཱའི་བསྣོགས་སྦགས་འབའ་ཞིག་ཀྱང་མ་རེད། ད་དུང་། གངྒཱའི་འཕྱོ་བ་དང་། རྒྱུགས་པ། དྭངས་པ་དང་། གཙང་བ་ཡང་མིག་གི་རྒྱ་མོར་ལྷུག་པོར་མངོན་བཞིན་ཡོད། འདི་ནི་སྙན་ངག་པར་མངའ་བའི་སྦྱན་མིག་ལྷག་མ་དེ་ཡང་ཡིན། སྙན་ངག་པའི་འཕྱོ་བ་དང་གངྒཱའི་འཇགས་པ་གཉིས་ཀྱི་བར་ན་ཡང་སྙིང་སྦས་དོན་ཅི་ཞིག་ཡོད་དམ།
སྙན་ངག་པས་ཐོལ་གྱིས་ལྗིད་ཏིག་ཏིག་གི་མགོ་བོ་གཞོགས་སུ་འཁོར་ཏེ། ཆུ་འགྲམ་དུ་ཅེར། དེ་ན་རྒན་གཞོན་དང་ཕོ་མོ་ལ་སོགས་ཀྱི་དབྱེ་བ་ཅི་ཡང་མེད་པར། ཀུན་པོ་དཀྱུས་གཅིག་ཏུ་ཆུ་ལ་ཞུགས་ཏེ། དགའ་ལྷང་ལྷང་གི་ངང་ནས་འཁྲུས་སུ་རོལ་བཞིན་འདུག དེའི་ཁྲོད་ན་མིག་ནི་ཆེ་ལ་དཀར་ཡོལ་དང་འདྲ་ཞིང་། སྐྲ་ལོ་ནི་གནག་ཅིང་རྒྱ་ཐུག་ལྟར་མདུན་རྒྱབ་ན་སྣོར་ཞིང་། དེར་ཆུ་ཕྲན་བུར་བྲན་ཡོད་པས། ཆག་རེར་ཆག་རེར་བྱས་ཏེ་འབྱར་ནས་འདུག་ཅིང་། སྐེད་པ་མན་ཆད་ཆུ་ནང་དུ་གནས་པས། ཁོག་སྨད་ཀྱི་ “ས་རེས” ་ཆུ་ཁར་གཡེང་། ཁོག་སྟོད་ལ་ཡང་ཆུས་གཤེར་བས་མཁྲང་ལ་ཟླུམ་པའི་ནུ་ཟུང་ཡང་འབུར་ཚུགས་སུ་དོད། གདོང་བ་ནི་གྱང་གི་ཟུར་ཁ་ལྟར་གཟར་ཞིང་། གདོང་དབྱིབས་ནི་ནར་ཞིང་མཁུར་ཚོས་ནི་རབ་ཏུ་མཛེས་པའི་གཞོན་ནུ་མ་ཞིག་གིས་མགོ་བོ་དགྱེས་ཤིང་མིག་ཟུང་བཙུམས་ཞོར། ཧ་ཅང་གཟབ་ནན་དང་དད་གུས་ཆེན་པོས་ཆུ་མོ་སྙིམ་པར་བཟུང་ཏེ། མཆོད་པ་འབུལ་བཞིན་འདུག
ཡིད་ཆེས་དང་དད་སྟོབས་ལྟར་ན། ཆུ་མོ་གངྒཱ་ནས་ཁྲུས་སུ་ཞུགས་ན་སྡིག་པ་དག་ཅིང་། སྡུག་བསྔལ་ལས་ཐར་བར་བརྗོད། འདི་འདྲའི་གཏན་ཚིགས་ཤིག་དང་། གནས་ལུགས་ཤིག་གི་ར་བ་ན་མི་རྣམས་ཀྱིས་རང་རང་གི་འཚོ་བར་རང་རང་གིས་མཛེས་སྡུག་གི་གཏམ་རྒྱུད་རེ་འབྲི་བཞིན་ཡོད་ཅིང་། བདེ་སྐྱེད་ཅེས་པའི་ཡིག་འབྲི་ཡི་དྲོད་ཐིག་རེ་རེ་ཡང་གཏམ་རྒྱུད་དེའི་ཁྲོད་ནས་སྒྲུག་བཞིན་ཡོད། གལ་ཏེ། སྣང་ཚུལ་འདི་ཐེག་ཆེན་པ་ཞིག་གི་མིག་ལམ་དུ་སྟེར་ཚེ། “ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ་་་་” ཞེས་པའི་ཤོ་ལོ་ཀ་འདི་བསྐྱོར་ཏེ། གཞན་ལུགས་དགག་སྟེ་རང་ལུགས་སྒྲུབ་ཀྱང་སྲིད་ལ། དེ་བཞིན་ཁ་ཆེ་བ་ཞིག་གིས་<< ཀོ་རཱན>> ་ནས་ལུང་ཚིག་ཅིག་དྲངས་ཏེ། སྙིང་བོ་མེད་པར་ཡང་སྨྲ་སྲིད། དེ་བཞིན། ཡེ་ཤུ་བས་<<དམ་པའི་གསུང་རབ>>་ནས་བརྗོད་དོན་ཞིག་སྐྱོར་ཏེ། ལང་ཚོ་དང་དུས་ཚོད་ཆུད་ཟོས་སོ་ཞེས་ཀྱང་བརྗོད་སྲིད། ཡིན་ན་ཡང་། མི་ནི་ཡིད་ཆེས་དང་དད་སྟོབས་ཤིག་གི་ངང་ན་འཚོ་བཞིན་ཡོད་ཅིང་། དད་སྟོབས་དང་ཡིད་ཆེས་ཀྱིས་མི་རྣམས་འཚོ་ཞིང་། གསོན་པར་བགྱི་བཞིན་ཡོད། དེ་དག་ལ་བཀའ་ལུང་དང་གཏན་ཚིགས་ཀྱི་རྒྱབ་རྩ་དང་། གནས་ལུགས་དང་ཁུངས་ལུང་གི་བཤད་རྒྱུན་ཅི་ཙམ་ཞིག་ཡོད་མེད་ཅི་ལྟར་ཡང་། རང་རང་གི་ས་ན་རང་རང་ལ་གནས་ལུགས་ཤིག་དང་། དད་སེམས་ཤིག རང་རང་གི་ས་ན་རང་རང་ལ་མཛེས་པ་ཞིག་དང་། བདེ་སྐྱིད་ཅིག་ཡོད་པས། རང་གི་གནས་ལུགས་ནི་དག་ཅིང་བཙན་ནོ་ཞེས་ང་རྒྱལ་གྱིས་མགོ་བོ་མཐོན་པོ་དེ་གསིག་དགོས་དོན་མེད་པ་ཞིག་ཀྱང་རེད། ལར་ནས་མི་དང་རིག་གནས་ཀྱི་འབྲེལ་བ་འདི་དཀར་ཕྱོགས་ནས་ཀྱང་བལྟས་ཆོག་ཀྱང་།ནག་ཕྱོགས་ནས་ཀྱང་བལྟས་ཆོག་པ་ཞིག་རེད།
སྙན་ངག་པས་ད་དུང་གཞོན་ནུ་མ་དེའི་བྱ་བྱེད་དང་བྱད་བཞིན་ལ་ཅེར་ནས་འདུག མཚམས་ཤིག་ཏུ། སྙན་ངག་པས་ཐོལ་གྱིས་ཆོས་འབྱུང་ན་གྲགས་པའི་མུ་སྟེགས་རྟ་དབྱངས་དང་ཨརྱ་དེ་བ་གཉིས་ཀྱི་རྩོད་པ་དེ་ཡིད་ལ་དྲན། རྩོད་པའི་སྙིང་སྟོབས་དེ་ཡིད་དུ་དྲན། རྩོད་པའི་ཤེས་རབ་དེ་ཡིད་དུ་དྲན། རྩོད་པའི་ལྟ་དགོངས་དེ་ཡིད་དུ་དྲན། ཡིན་ན་ཡང་། སྙན་ངག་པས་ཁོང་གཉིས་ཀྱི་རྒྱལ་ཕམ་གྱི་སྐོར་ལ་བསམ་བློ་ཁྱོན་ནས་མ་བཏང་། ? སྙན་ངག་པས་ད་དུང་གངྒཱར་ཁྲུས་སུ་ཞུགས་ན་སྡིག་པ་དག་པའི་གཏན་ཚིགས་དེ་ཡི་གཏན་ཚིགས་དེ་ཅི་ཡིན་པ་ཤེས་ཀྱི་མེད། ? ཡང་ན།སྙན་ངག་པས་གཏན་ཚོིགས་དེ་ཅི་ཡིན་ཤེས་འདོད་ཀྱང་མེད་སྲིད།
སྙན་ངག་པའི་མིག་འོད་ལ་མནོ་བསམ་གྱི་ཟེགས་མ་ཡིས་ཁེངས་ཤིང་། མིག་ཟུང་གི་མདའ་མོ་ཐད་ཀར་ཆུ་མོའི་གངྒཱའི་གཞུང་དུ་བསྲེངས། ཆུ་ངོས་སུ་གྲུ་ཆུང་རེ་གཉིས་ཐར་ཐོར་ངང་བསྐྱོད་ཅིང་། མིང་མི་ཤེས་པའི་བྱ་ཚོགས་མཁའ་དབྱིངས་སུ་ལྡིང་སྐོར་ལ་རྩེན། ཆུ་མོ་ནི་ཞི་ཞིང་འཇགས་པས། ཞི་བདེ་བག་ཕེབས་སུ་གནས་པའི་མི་སྣ་ཞིག་གི་ལྟོ་བའི་ངོས་དང་མཚུངས། ལྗོངས་རྣམ་འདི་ནི་ཕར་བལྟས་ཚོད་དུ། རི་མོ་མཁན་གྲགས་ཅན་ཞིག་གི་སྨྱུག་ཁ་ལས་བལྟམས་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ། དེ་བས། གངྒཱའི་གྲུ་ཆུང་ཐེད་པོ་དེ་ནས་འགྲོ་འོང་བྱེད་པའི་མགྲོན་པོ་ནི་མཚམས་ཆད་མྱོང་མེད་ཅིང་། གངྒཱའི་གྲུ་ཁ་ཡི་མི་ཚོགས་ཀྱང་འཇགས་མ་མྱོང་། མི་ཚོགས་ཀྱི་ཁྲོད་ན་མགོ་སེར་པོ་དང་མགོ་ནག་པོ། ཤ་དཀར་པོ། གཟུགས་ཐུང་ཐུང་། གཟུགས་རིང་པོ། སྣ་ལབ་ལབ་ཀྱི་མགྲོན་པོ་སྣ་ཚོགས་མཆིས། ལྗོངས་རྒྱུ་བའི་ངག་རྒྱུན་དུ། གངྒཱར་བསྐྱོད་པ་ནི་འཛམ་གླིང་ཧྲིལ་བོར་བསྐྱོད་དང་མཚུངས། ཞེས་འདི་འདྲའི་བཤད་རྒྱུན་ཞིག་ཀྱང་ཀུན་ཏུ་གྲགས། སྙན་ངག་པའི་ཡིད་ཁམས་དྲག་ཏུ་བསྐྱོམས་ཏེ། ལུས་ངག་ཡིད་གསུམ་ཞི་བར་མངོན་པའི་ལྗོངས་རྣམ་འདིའི་ཁམས་སུ་ལྷོད་ཀྱིས་འཐིམས། རིག་གནས་ཀྱི་གཡའ་མ་འགོས་པའི་མཛེས་པ་དེ་ནི་མཛེས་པའི་མཆོག་དང་། སྒྱུ་རྩལ་ཀུན་གྱི་མཐར་ཐུག་གི་མཛེས་པའི་དྭངས་མ་དེ་ཡང་མཛེས་པ་དེ་ཡིན་ཞིང་། མཛེས་པ་དེ་ནི་ད་གཟོད་རོ་བཅུད་ལྡན་པའི་ཡིད་ཁམས་ཀྱི་ཟས་མཆོག་དེ་ཡིན། མྱོང་བའི་ཟབ་ཚད་དང་སྐྱེན་ཚད་ཀྱི་ཐད་ནས། སྙན་ངག་པ་ལ་དོ་འགྲན་པ་སུ་ཡང་མེད་ཅིང་། དོན་གྱི་སྙན་ངག་པ་ནི་ཆོས་པ་ཡང་ཡིན་ལ། གསར་གཏོད་པ་ཡང་ཡིན་ནོ།།
གངྒཱའི་ཕར་ཕྱོགས་ཀྱི་བྱེ་ཐང་ཆེན་པོ་དེ་རང་རེའི་གླེགས་བམ་དག་གི་ཁྲོད་དུ་ཡང་ཡང་མངོན་པའི་ “གངྒཱའི་འགྲམ་གྱི་བྱེ་མའི་ཀླུང” ་ཞེས་པ་དེ་རེད། དེ་ལ་དཔར་བའི་རྐང་རྗེས་རྣམས་ནི་ལ་ལ་འཁྱོག་ཅིང་། ལ་ལ་དྲང་། ལ་ལ་གསལ་ཞིང་། ལ་ལ་ཡལ། རྐང་རྗེས་དེ་དག་ནི་སྙན་ངག་པའི་ཡིད་སེམས་ཀྱི་མཐོ་དམའ་དང་སྦོམ་ཕྲ། དྲག་ཞན་སོགས་དོ་མི་མཉམ་པའི་ཚོར་འདུ་རེ་རེ་དང་འདྲ་ཞིང་། སྙན་ངག་པས་བསམ་པར། རྐང་རྗེས་དེ་དག་ནི་ལོ་རྒྱུས་དེབ་ཐར་ཁྲོད་ཀྱི་དོན་གནད་རེ་དང་འདྲ་ཞིང་། སྒྱུ་རྩལ་སྙན་ངག་ཁྲོད་ཀྱི་ཡིད་བརྙན་དང་མཚོན་དོན་ལ་མཚུངས་བར་མ་ཟད། ད་དུང་། བརྩམས་སྒྲུང་ཁྲོད་ཀྱི་སྣང་བརྙན་རེ་དང་འདྲ་བར་འདོད། རྐང་རྗེས་ནི་མེ་ལོང་ཞིག་སྟེ། གོམ་སྟབས་ཀྱི་ལོ་རྒྱུས་དེ་ན་གསལ་ལྷིང་ངེར་མངོན། རྐང་རྗེས་དེ་དག་གི་ཁྲོད་དུ་བཙན་པོའི་དམག་རྟ་ཡི་རྨུག་རྗེས་རྣོན་པོ་དེ་ཡང་ཡོད་སྲིད་ལ། དཀའ་བ་བརྒྱ་ཕྲག་གདོང་གིས་བསུ་མཁན་གྱི་ལོ་ཙཱ་བ་དག་གི་ཞབས་རྗེས་ཟབ་པོ་དག་ཀྱང་ཡོད་སྲིད། ད་དུང་། རྒྱལ་ཁམས་རིག་པས་བསྐོར་བའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞབས་རྗེས་ཆེན་པོ་དེ་ཡང་ཡོད་སྲིད་ཅིང་། བཙན་ལ་བྱོལ་བའི་སྙན་ངག་པ་དག་གི་ཞབས་རྗེས་ཐར་ཐོར་རེ་ཡང་ཡོད་ངེས། མཚམས་འདི་ནས་སྙན་ངག་པའི་སྦྱན་ཆབ་བསིལ་བྱུང་། མཚམས་འདི་ནས་སྙན་ངག་པས་མགོ་བོ་གནམ་ལ་དགྱེས། ལག་ཟུང་འཕྲད་དུ་བརྐྱངས་ཏེ། སྤོབས་སེམས་ཆེན་པོས་དགོད་སྒྲ་སྒྲོག གལ་ཏེ། འཕྲད་དུ་བརྐྱངས་པའི་ལག་ཟུང་ཉིད་གཤོག་པ་ཞིག་ཡིན་ཚེ། མཁའ་དབྱིངས་སུ་ལྡིང་སྐོར་བྱེད་པར་ཐེ་མི་ཚོམ། མི་རྣམས་ཀྱིས་སྙན་ངག་པ་ནི་སྨྱོས་འདུག་ཅེས་ཀྱང་བརྗོད་སྲིད། ཡིན་ན་ཡང་།སྙན་ངག་པས་མི་ཁ་ཡི་བཤད་ཡམས་ལ་སྣང་དོགས་ཡེ་ནས་མི་བྱེད།
སྙན་ངག་པ་ད་དུང་རྡོ་ལེབ་ཆེན་པོ་དེ་ཡི་སྟེང་དུ་ཀྲོང་ངེར་འདུག ཁོས་མགོ་བོ་སྨད་དེ་རྡོ་ལེབ་དེར་བལྟས་པ་ན། དུས་ཆེན་གྱི་མཚན་མོ་རེ་རེར། རྡོ་ལེབ་འདིའི་སྟེང་དང་། དེའི་གཡས་གཡོན་དུ་ཆུ་མོ་གངྒཱར་མཆོད་པ་བྱེད་པའི་ཆོ་གའི་རྣམ་པ་དེ་ཐོལ་གྱིས་སེམས་སུ་དྲན། དེ་ནི་འདི་ལྟ་སྟེ། གངྒཱར་ཕྱོགས་ཡོད་པའི་རྡོ་ལེབ་ཆེན་པོ་དེ་དང་། དེའི་གཡས་གཡོན་དུ་མཆོད་འབུལ་བྱེད་སའི་སྟེགས་བུ་ཞིག་བསྐྲུན་ཏེ། གཞོན་ཤ ་དོད་པའི་ཕོ་རབ་ཟུང་རེ་མཉམ་དུ་བཞུགས་ཏེ། ཁྱོན་བསྡོམས་ཕོ་རབ་དྲུག་གིས་མཆོད་པའི་ཆོ་ག་བགྱི་བར་བྱེད། ཐོག་མར་ངག་ནས་སྙན་ཞིང་འཇེབས་པའི་དབྱངས་རྟ་སྒྲོག་པ་དང་། དེ་ནས། དུང་དཀར་མཉམ་འབུད་དང་། དྲིལ་བུ་མཉམ་དཀྲོལ་བྱེད། མཆོད་རྐོང་ཆེན་པོ་རེ་ལ་མཆོད་མེ་ཆེན་པོ་རེ་སྦར་ཏེ། ལག་གཡས་ཀྱིས་གངྒཱར་གཏད་དེ་གཡས་སྐོར་དང་གཡོན་སྐོར་བྱེད། མཚམས་རེར། རྫས་མང་བོ་མེ་རུ་བསྲེགས་ཏེ། སྦྱིན་སྲེག་གི་ཆོ་ག་བྱེད། མཚམས་རེར། ཕོ་རབ་དྲུག་པོས་འགྲོས་དང་སྟངས་སྟབས་དུས་གཅིག་ཏུ་གངྒཱར་གཏད་དེ་ཕྱག་འཚལ་བར་བྱེད། མི་རྣམས་དགའ་དད་སྤྲོ་གསུམ་གྱི་ངང་ནས་མཆོད་སྟེགས་ཀྱི་མཐའ་རུ་འདུས། ལ་ལ་གྲུ་ཆེན་དང་གྲུ་ཆུང་ལ་བསྡད་དེ་མཆོད་སྟེགས་སུ་ཅེར་རེར་འདུག་ཅིང་། ལ་ལ་མཐོ་ས་དང་ཁང་ཐོག་ནས་མཆོད་སྟེགས་སུ་གཏད་དེ་འདུག་པ་དེའོ།།
སྙན་ངག་པ་ནི་དྲན་པའི་ཁམས་སུ་བསྐྱོད་ཅིང་། དྲན་པའི་ཀླུང་ན་གཡོ་ཞིང་བསྐྱོད་ཀྱིན་འདུག རྡོ་ལེབ་དེ་ནི་མེ་ལོང་ཞིག་དང་འདྲ་བར། སྙན་ངག་པས་དེ་ནས་གངྒཱའི་མཆོད་པ་དེ་ནི་རེ་གསལ་རེ་མོག་གིས་མཐོང་། དེ་དང་སྦྲགས་སྙན་ངག་པའི་ཚོར་འདུའི་བར་སྟོང་རེ་རེ་ལ་རྣོ་ཞིང་རྒོད་པའི་དྲི་བ་རེ་དང་ཚོར་སྣང་རེ་ཡང་རླུང་ནག་འཚུབ་མ་ལྟར་འཚང་ནས་བསླེབས། དེ་ནི་གངྒཱའི་མཆོད་པའི་ཁྲོད་ཀྱི་དུང་འབུད་དྲིལ་དཀྲོལ་དང་། སྦྱིན་སྲེག་མཆོད་མེ་སྦར་བའི་ཆོ་ག་དེ་དང་། ཕ་ཡུལ་ནས་དུང་འབུད་དྲིལ་དཀྲོལ་དང་། སྦྱིན་སྲེག་མཆོད་མེ་སྦར་བའི་ཆོ་ག་གཉིས་ཀྱི་བར་ན་ཡང་སྙིང་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་པའི་ཐེ་ཚོམ་དང་དོགས་པའི་རླུང་འཚུབ་དེ་རེད། གཞན་ཡང་། སྙན་ངག་པའི་དྲན་ངོགས་སུ། ཕ་ཡུལ་གྱི་ལྗོངས་རྣམ་ཞིག་ཀྱང་འདི་ལྟར་འཆར་ཏེ། མགོན་ཁང་དང་ལྷ་མོ་ཁང་དུ་དུང་བུས་པ་དང་། རྒྱབ་རི་དང་ལབ་རྩེ་གམ་ནས་བསང་ཕུལ་པ། འདུ་ཁང་དང་མཆོད་ཁང་ནས་མཆོད་མེ་སྒྲོན་པ། བླ་མ་དང་དགེ་བཤེས་ཀྱི་སྦྱིན་སྲེག་གི་ཆོ་གར་ཞུགས་པ། ད་དུང་། སྔགས་པ་ཚོས་དྲིལ་བུ་དཀྲོལ་བ་སོགས་ཀྱི་སྣང་བརྙན་སྣུམ་པོ་རེ་རེ་ཅིག་ཅར་དུ་ཡིད་ལ་འཆར་ཏེ།རེ་ཞིག་ཡིད་ཀྱི་རྒོད་པོ་ཕ་ཡུལ་གྱི་མཁའ་དབྱིངས་དང་རི་ལུང་ཀུན་ནས་ལྡིང་སྐོར་བརྒྱབས།
སྙན་ངག་པའི་མྱོང་བ་ནི་རབ་ཏུ་ཟབ་པའི་རྒྱ་མཚོ་ཞིག་དང་འདྲ་ཞིང་། བརླིང་ངེར་འགྱིང་བའི་ལྷུན་པོ་ཞིག་དང་མཚུངས། སྙན་ངག་པའི་ཡིད་འགྱུ་དང་ཚོར་འདུ་ནི་དྲག་ཏུ་རྒྱུགས་པའི་གཙང་བོ་ཞིག་དང་འདྲ་ཞིང་། ལྷོག་ལྷོག་འཕྱོ་བའི་རླབས་ཀྱི་ཕྲེང་བ་རེ་དང་མཚུངས། སྙན་ངག་པ་ད་དུང་རྡོ་ལེབ་ཆེན་པོ་དེའི་སྟེང་དུ་འགྲེང་ནས་འདུག ཁོའི་གདོང་གི་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་རེ་ནི་གར་མ་ཞིག་གི་ལུས་ཀྱི་སྟངས་སྟབས་དང་འདྲ་བར་འགྱུར་ཞིང་འཁྱུག་ལ། གཡོ་ཞིང་བསྐྱོད། སྙན་ངག་པས་གངྒཱར་ཅེར་བ་ནི་དོན་གྱིས་མུ་མཐའ་བྲལ་བའི་འགྲུལ་བཞུད་རིང་མོ་ཞིག་སྟེ། སྐྱེས་ཆེན་དག་གི་བཤུལ་ལམ་སྔོག་པ་དང་། སྙན་ངག་པའི་ལམ་བུ་འཚོལ་བའི་རྒྱུད་རིམ་ཞིག་གོ དེའི་ཁྲོད་ནས་སྙན་ངག་པའི་ཡིད་ཁམས་སྐྱ་ཤག་ཤག་གི་བྱེ་ཐང་དུ་གྱུར་མྱོང་ཞིང་། སྔོ་ལྗང་ལྗང་གི་རྩྭ་ཐང་དུ་ཡང་གྱུར་མྱོང་། སྐྱེས་ཆེན་དག་གི་བཤུལ་ལམ་སྔོག་པ་ནི་སྙན་ངག་པའི་ཤེས་རབ་ཡིན་ལ། སྙན་ངག་པའི་ལམ་བུ་འཚོལ་བ་ནི་སྙན་ངག་པའི་གསར་གཏོད་ཡིན། ཚོར་ཤེས་ཀྱི་གཟོང་ཁ་རྣོན་པོས་རིགས་ཤེས་ཀྱི་ཕ་བོང་ལ་བུ་ག་ཡང་ཡང་བརྟོལ་ན་ཡང་། སྙན་ངག་པ་ནི་རིགས་ཤེས་དང་ཚོར་ཤེས་ཟུང་གིས་སྦྲུམ་པའི་ཆེས་ཡིད་དུ་འོང་བའི་བྱིས་པ་ཞིག་ཡིན།
སྙན་ངག་པས་ད་དུང་གངྒཱར་ཁྲུས་སུ་ཞུགས་ན་སྡིག་པ་དག་པའི་བཤད་རྒྱུན་དེའི་རྒྱུ་མཚན་ཅི་ཡིན་པ་ཤེས་ཀྱི་མེད། སྙན་ངག་པས་གངྒཱར་ཁྲུས་སུ་ཞུགས་པའི་མི་ཚོགས་སུ་ཅེར་ཏེ། ཚོར་འདུ་ཡི་རླབས་རྒྱུན་དྲག་པོ་དེ། གངྒཱ་དང་ཁྲུས་སུ་ཞུགས་པའི་མི་ཚོགས་ཀྱི་འབྲེལ་བའི་སྐོར་ལ་བྲལ་ཏེ་བཞུར། ཁོས་གློ་བུར་དུ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་<<ཁྱད་པར་འཕགས་བསྟོད། >>་ལས་ཤོ་ལོ་ཀ་གཅིག་ཡིད་དུ་དྲན། དེ་ནི་ཆུ་མོ་གངྒཱའི་བྱུང་བ་དང་འབྲེལ་བའི་རིག་བྱེད་ཀྱི་གཏམ་རྒྱུད་ཅིག་སྟེ། “ བདག་ཉིད་ཆེན་པོ་དུག་ཅན་པའི། སྲས་པོ་སྟོང་ཕྲག་དྲུག་ཅུ་དག ། སེར་སྐྱས་བལྟས་པ་ཙམ་གྱིས་བསྲེགས། དེ་ལའང་ཁྱོད་ནི་ཐུགས་རྗེ་མཛད། ”ཅེས་པ་འདི་ཡིན་པ་དང་། འདིའི་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པའི་སྐབས་སུ། མཚམས་ཤིག་ཏུ། འདི་སྐད་གསུངས་ཏེ། “ དེ་ནས་ཡང་བྷགཱི་ར་ཐས་དཀའ་ཐུབ་ཀྱི་ཁྱདཔར་ཆེན་པོས་ལྷ་ཆེན་པོ་དགའ་བར་བྱས་ནས། རལ་བ་བཙིར་བ་དང་། རི་ཏི་སེའི་སྟེང་དུ་ཐིགས་པ་གཅིག་བབ་པར་གྱུར་པ་ལས་སྐད་ཅིག་མ་གཅིག་ལས་དེར་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ། དེང་སང་ན་ཡང་ཐིགས་པ་བདུན་དུ་གྱུར་ནས། ”ཞེས་བརྗོད་དེ། ཆུ་བོ་བདུན་དུ་གྱུར་བ་དང་། གངྒཱ་ནི་དེའི་ཡ་གྱལ་གཅིག་ཡིན་པར་སྨྲ། ཡང་དེ་ཉིད་ལས། “ཇི་ཙམ་ན་གངྒཱ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དེ་དེར་འདའ་བར་བྱའོ་སྙམ་ནས་དྲེགས་པ་དང་བཅས་པར་རི་ཁ་བ་ཅན་ཕུག་སྟེ། དེའི་སུལ་ནས་བདེ་བར་འབབ་པར་གྱུར་ཏོ། ཡང་དེའི་ཚེ་དྲོང་སྲོང་ཛ་ཧ་ནུ་ཞེས་བྱ་བ་དཀའ་ཐུབ་དྲག་པོ་ཅན་ཞིག་ཡོད་པ་དེ་ཁ་ན་ཅན་གྱི་སུལ་ན་རྣལ་འབྱོར་བསྒོམ་པ་ལ་བརྩོན་ཞིང་གནས་པར་གྱུར་ཏོ། དེས་ཀྱང་ཅ་ཅོའི་སྒྲ་སྒྲོགས་ཤིང་སྒེག་པས་དལ་གྱིས་འབབ་པར་མཐོང་བ་དང་། ཤིན་ཏུ་ཁྲོས་པར་གྱུར་ཏེ་སོང་ནས་སྨྲས་པ། ང་ཡི་གནས་དང་ཉེ་བ་འདིར། བུད་མེད་འདི་ནི་སྒེག་པ་ཡིས། འཛེམ་པ་མེད་པར་ཅི་ཕྱིར་འགྲོ ། སྤྱོད་ངན་སྡིགས་པ་ཆེན་པོ་ཡིན། ཞེས་སྨྲས་ཏེ། དེ་བླངས་ནས་འཐུངས་སོ། ཡང་བྷགཱི་ར་ཐས་དྲང་སྲོང་དེ་དཀའ་ཐུབ་ཀྱིས་མགུ་བར་བྱས་པ་དང་། དེས་བསྐྱུགས་སོ། དེ་དེ་ནས་བྱུང་ནས་གེགས་མེད་པར་ཕྱོགས་བཞིར་སོང་སྟེ། ས་འོག་གང་བར་བྱས་ནས་དུག་ཅན་པའི་བུ་དང་འབྲེལ་བའི་གནས་སྐབས་ཀྱིས་ལྷག་མ་རྣམས་རྣམ་པར་བཀྲུས་ལ། དེས་ཀྱང་དེ་རྣམས་དམྱལ་བ་ལས་འཕོས་ཏེ། མཐོ་རིས་སུ་སྐྱེས་སོ་ཞེས་ཟེར་རོ།”
སྙན་ངག་པས་གངྒཱར་ཁྲུས་སུ་ཞུགས་ན་སྡིག་པ་དག་པའི་ངག་རྒྱུན་དེར། ལོ་ངོ་སྟོང་ཕྲག་གི་སྔོན་ནས་བྱུང་བའི་ངོ་མཚར་ཞིང་ཡིད་དུ་འོང་བའི་གཏམ་རྒྱུད་ཅིག་ཡོད་པ་རྟོགས་རྗེས། ཚོར་འདུ་ཡི་རླབས་རྒྱུན་སྔར་ལས་ལྷག་པས་དགུང་དུ་འཕྱོ་ཞིང་། ཁྲུས་སུ་ཞུགས་པའི་མི་རྣམས་ནི་སྔར་བས་ལྟ་ན་སྡུག་པར་མཐོང་། ཆུ་མོ་སྙིམ་པར་བཟུང་བའི་གཞོན་ནུ་མ་དེ་ཡང་། གཉེར་མ་ལྟ་བུའི་གངྒཱའི་ཆུ་རིས་ཀྱི་ངོགས་ནས་འོད་ཟེར་ཅིག་ཏུ་སྦྲུལ་ཏེ། སྙན་ངག་པའི་སྙིང་ཁར་འཐིམས། དེ་ནས། ཡིད་དུ་འོང་བའི་གངྒཱའི་བྱུང་བ་ཡི་གཏམ་རྒྱུད་སྙན་མོ་དེ། སྙན་ངག་པའི་ཚོར་འདུ་ཡི་ཕྲ་ཕུང་རེ་རེ་དང་བསྡོངས་ཏེ། ཡིད་སེམས་ནི་རྒོད་པོ་ཞིག་དང་འདྲ་བར་གངྒཱའི་མཁའ་དབྱིངས་ཤེད་ཀྱིས་དེད་དེ། རི་བོ་ཏི་སེའི་ཕྱོགས་སུ་བསྐྱོད། རི་བོ་ཏི་སེ་ནི་ལྷ་ཆེན་པོའམ་དབང་ཕྱུག་གི་གནས་སུ་སྨྲ་ཞིང་། སྟོན་པ་གཤེན་རབ་མི་བོ་ཆེ་ཡི་གནས་སུ་ཡང་གྲགས། ཏི་སེ་ནི་ཞང་ཞུང་གི་སྐད་དེ། ཏི་ཞེས་པ་ནི་ཆུ་དང་། སེ་ཞེས་པ་ནི་ལྷའོ། བསྡུས་ན།རི་བོ་ཆུ་ལྷ་ཞེས་བྱའོ།།
སྙན་ངག་པ་ད་དུང་མཆོད་རྫས་ཀྱི་འདབ་མ་ཐར་ཐོར་ལྷག་པ་དང་།མཚལ་མདོག་ཕྲན་བུར་འགོས་པའི་རྡོ་ལེབ་ཆེན་པོ་དེའི་སྟེང་དུ་གདོང་ལ་གྲིམ་ཤ་དང་གྲུང་མདོག་གི་ཉམས་ཚུགས་ཤིག་དོད་དེ་ཀྲོང་ངེར་འགྲེང་ནས་འདུག ཡིན་ན་ཡང་། སྙན་ངག་པའི་ཚོར་འདུ་ནི་ཆུ་ཁོལ་ལྟར་མེ་ཡིས་གདུ་བཞིན་འདུག་ཅིང་། རླབས་ཕྲེང་ལྟར་རླུང་གིས་སྐྱོམ་བཞིན་འདུག སྙན་ངག་པའི་ཡིད་ཀྱི་རི་ལུང་ཀུན་ཏུ། ཡང་སྙིང་ལྷ་ཆེན་པོ་དང་སྟོན་པ་གཤེན་རབ་གཉིས་ཀྱི་འབྲེལ་བ་ཅི་ཡིན་ནམ་སྙམ་པའི་དོགས་པའི་ན་བུན་སྟུག་པོ་ཞིག་རིངས་པར་འཐིབས། གདྒཱ་ནི་ལྷ་ཆེན་པོའི་རལ་བ་ནས་རི་བོ་ཏི་སེ་རྒྱུད་དེ་འབབ་བཞིན་ཡོད་པ་དང་། སྟོན་པ་གཤེན་རབ་ཀྱང་རི་བོ་ཏི་སེ་ནས་ཡར་ཀློང་སོག་ཁ་རུ་བསྐྱོད་ཡོད་པར་བསམ་ན། སྙན་ངག་པ་ཕ་ཡུལ་ནས་ཚོར་འདུ་དྲག་པོ་ཞིག་གི་ངང་ནས་གངྒཱར་བསླེབས་ཏེ། གངྒཱར་ཅེར་རེར་འདུག་པ་འདི་ནི། རིང་ནས་བྲལ་བའི་སྤུན་མཆེད་ཅིག་དང་འཕྲད་པར་འདྲ་ཞིང་། དེས་སྙན་ངག་པ་ལ་ཟབ་ཅིང་སྣུམ་པོ་ཚོར་སྣང་ཞིག་ཐོལ་གྱིས་བསྟབས། སྙན་ངག་པ་ད་དུང་གངྒཱར་གཏད་དེ་ཀྲོང་ངེར་འགྲེང་ནས་འདུག སྙན་ངག་པ་གངྒཱའི་ཀླུང་ན་འདུར་ཞིང་འཕྱོ་བཞིན་འདུག སྙན་ངག་པ་གངྒཱའི་འགྲམ་ན་བརླིང་ངེར་འདུག་ཅིང་། སྙན་ངག་པ་གངྒཱའི་འགྲམ་ན་སྐྱོམ་མེར་གཡོ།
གངྒཱ་ནི་སྔར་བཞིན་དལ་ཞིང་འཇགས་ལ། བལྟེམས་ཤིང་བརླིང་། ཕྱོགས་གང་དུ་བཞུར་བཞིན་ཡོད་པ་ཡང་ཚོེར་དཀའ། ཆུ་ངོས་སུ་དལ་གྱིས་འགྲོ་འོང་བྱེད་པའི་གྲུ་ཆུང་རྣམས་ནི་སྙན་ངག་པའི་ཡིག་འབྲུའི་དག་གི་གསེང་གསེང་ན་ཡོད་པའི་མུ་ཏིག་གི་རྡོག་པ་རེ་རེ་དང་འདྲ་ཞིང་། གངྒཱའི་མཁའ་དབྱིོངས་སུ་ལྡིང་སྐོར་བྱེད་པའི་བྱ་བྱེའུ་དག་ནི་དབྱིན་ཇིའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཤེ་ལེ་(percy Bysshe Shelley ) ་ཡིས་བརྩམས་པའི་བྱེའུ་ཅོ་ཀར་ཕུལ་བ་(To a skylark ) ་ཞེས་པའི་སྙན་ངག་དེའི་ཁྲོད་ཀྱི་བྱེའུ་ཅོ་ཀ་དེ་དང་འདྲ་བར། ཀྱ་ཀྱུར་ཡི་གྲེ་འགྱུར་སྙན་མའི་དབྱངས་རྟ་གངྒཱའི་མཁའ་དབྱིངས་སུ་འོད་ཟེར་འཕྲོས་པ་ལྟར། རབ་ཏུ་མཛེས་ཤིང་། མི་སེམས་སུ་ཐད་ཀར་འཕྲོ་བཞིན་འདུག་པས། མི་རྣམས་ཀྱི་མཁའ་དབྱིངས་སུ་ཡང་ཡང་ལྟ་བར་བྱེད།
སྙན་ངག་པ་ནི་སྐྱེན་ཞིང་རྒོད་པའི་ཚོར་འདུ་དྲག་པོ་ཞིག་གི་ངང་ནས། གདོང་ལ་འཛུམ་ཞིག་མངོན་ཞོར། རྡོ་ལེབ་ཆེན་པོ་དེ་ལས་མདུན་དུ་བསྐྱོད་དེ། ཆུ་མོ་གངྒཱའི་གཞུང་དུ་ཞུགས། ཁད་ཀྱིས་རིམ་གྱིས་སྙན་ངག་པ་གངྒཱའི་ཀླུང་དུ་འཐིམས་ཏེ། རེ་གསལ་རེ་མོག་གི་ངང་ནས་མི་མངོན་པར་གྱུར།
2015/09/7
དྲ་བདག་ལགས། ནང་འཇུག་བྱེད་རོགས། ནང་འཇུག་བྱེད་རོགས།
མགོ་མཇུག་བར་བཀླགས་རྗེས་སེམས་འདི་དགེ་བ་ཟིག་རེད།སྙན་པོ་བྲིས་འདུག དེ་མིན་སྲིད་དོན་དང་འབྲེལ་བའི་གནས་ཚུལ་འདྲ་ཀློག་དུས་མང་པོ་ཞིག་གིས་སོ་སོ་དགའ་མིན་གྱི་ཚོར་ཤུགས་ཐོག་ནས་འདྲ་མིན་བྲིས་ཡོང་གི་འདུག
གང་ལྟར་་་་་་་་་་་དེ་རིང་ནས་་་་་་་