བར་ཕུ་ཕུན་ཚོགས།
ཕ་སེམས་རྒྱུད་དྲང་པོས་གསོས་དང་གཅིག།
མ་བྱང་སེམས་ཅན་གྱིས་བརྐྱངས་དང་གཉིས།།
ནང་མཐུན་སྒྲིལ་ཆེ་བས་སྐྱིད་དང་གསུམ།།
དེ་ཞི་བདེ་ཡོད་པའི་ཁྱིམ་ཚང་ཡིན།།
ལོ་ཆུང་དུས་ངན་ཡང་རྒྱབ་ཏུ་འཁྱེར།།
བུ་ངུ་ལ་དགའ་ཡང་བསུན་སྣང་མེད།།
དྲིན་ཕ་མ་ལྟ་བུའི་བརྩེ་དུང་གིས།།
ཕྱོགས་ཀུན་ནས་སྐྱོར་མཁན་གཅེན་པོ་ཡིན།།
ང་ཕ་སྐད་མ་ཤེས་ལྐུགས་པའི་ཚེ།།
ཚིག་རེ་རེ་བཞིན་དུ་ངག་བསླབས་གནང་།།
ངག་སྨྲ་བའི་རྩོལ་བ་བདེ་མོ་འདི།།
ཡིད་དུང་བའི་གཅེན་པོའི་བཀའ་དྲིན་རེད།།
ལུས་འགྲོ་བསྐྱོད་མ་ནུས་ཞ་རེངས་ལྟར།།
མིག་མཆི་མས་བརླན་ཞིང་བསྡད་ཙ་ན།།
གོམ་རེ་རེ་སྤོ་བའི་འགྲོ་སྟངས་བསླབས།།
བདེ་ཤིག་ཤིག་འགྲོ་འདི་གཅེན་པོས་བཟོས།།
ཡིད་རབ་ཏུ་རྨོངས་པའི་ཡིག་རྨོངས་པ།།
དབྱངས་གསལ་བྱེད་སུམ་ཅུར་བསླབས་ཤིང་སྦྱང་།།
དུས་ད་ལྟ་འབྲི་ཀློག་ཤེས་ཙམ་དང་།།
བོད་སྐད་ཡིག་དུང་ཞེན་གཅེན་པོས་བསྐྲུན།།
རྩིས་སྡོམ་འཐེན་བསྒྱུར་བགོས་གཅིག་དང་གཉིས།།
མུན་རུབ་ཀྱང་གློག་སྒྲོན་འོག་ཏུ་ནི།།
གསལ་ཐེངས་ངེར་ངེས་ཤེས་མ་ཆགས་དབར།།
ཡིད་གཅིག་ཏུ་བསྡུས་ནས་གཅེན་པོས་ཁྲིད།།
ཚེ་གཅིག་ཏུ་ཐོབ་པའི་མི་ལུས་འདི།།
དུས་ཡང་ཡང་བརྙེད་པ་དཀོན་ནི་རེད།།
དེ་བསམ་ལ་གཞན་ཕན་སྒྲུབས་ཤིག་ཅེས།།
ཕན་ཆེ་བའི་ལམ་སྟོན་གཅེན་པོས་གནང་།།
ཡུལ་གྱར་བའི་ཚེ་ན་སྤྲང་པོ་བཞིན།།
ཡིད་རྨུགས་པའི་དཀའ་སྡུག་མྱངས་པའི་ཚེ།།
ཐབས་ཡོད་རྒུས་རོགས་འདེགས་གནང་ནས་ནི།།
སྡུག་ངལ་དགུ་སེལ་རོགས་གཅེན་པོས་མཛད།།
བདག་འདྲ་བའི་གཅེན་གཅུང་མིང་སྲིང་ཚོར།།
ཡིད་མཐུན་པའི་དཔུང་གྲོགས་མ་ལྷོད་པར།།
ལུས་ས་ཐག་རིང་ཡང་ལྷན་འཛོམས་བཞིན།།
འབྲེལ་མཐུད་པའི་ཟམ་པ་གཅེན་པོས་བསྐྲུན།།
རྡུལ་ཐལ་རླུང་དབུས་ན་གནས་པའི་ཚེ།།
ནང་དྲོ་སྐྱིད་ལྡན་པའི་ཁྱིམ་ཞིག་ཡོད།།
དེ་བསམས་ཤིང་སེམས་ན་སྙིང་དབུས་ནས།།
ཡིད་བརྩེ་བའི་ནང་མི་དྲན་གྱིན་གདའ།།