གཅེར་བུ་པ།
༈དབྱངས་ཀྱི་དགེ་མ།
___ ཨ་ནི་ཆོས་དབྱངས་སྒྲོལ་མར་བྲིས།
སྣང་བ་སིབ་སིབ་གང་དབྱངས་ལ་བརྒྱུས་སོང་།།
དྲན་པ་ཕྲ་ཕྲ་དེ་གར་ལ་བསྟབས་སོང་།།
དགེ་མའི་ཞལ་རས་ལས་བྱིན་རླབས་འཐོར་ཏེ།།
མི་སེམས་བྱེ་འུ་ལ་གཤོག་སྒྲོ་བཏགས་པ།།
དད་པའི་འོད་ཕུང་ལས་དབྱངས་ཞིག་འཕྱུར་ཡོང་།།
དབྱངས་ཀྱི་འཕར་རྡེབ་ལ་བརྩེ་བ་བསྣོན་ཡོད།།
མི་ཡི་ཡིད་ཁམས་ལ་གླན་པའི་ནམ་མཁའ།།
རིམ་དང་གཅིག་ཅར་གྱིས་བབས་སྟངས་ཨེ་ཤེས།།
ཕྱག་སོར་ཡར་བཀྱགས་དང་མར་ཕབ་རེ་ཡིས།།
གདངས་ལ་རམ་འདེགས་ཀྱིས་ངར་ཁ་ལྡུད་ཡོང་།།
གནམ་སའི་ལྷིང་འཇགས་ལ་བྱིན་རླབས་འདྲེན་པའི།།
དགེ་མའི་གཟི་བྱིན་ལ་ཉི་མ་འཚེར་འདུག།
གློག་འོད་ཟིམ་ཟིམ་དུ་འཕྲོ་བ་འདི་ཀོ།།
ངག་གིས་མར་མར་དུ་འཐེན་པ་འདྲ་བོ།།
ཉིད་ཀྱི་ཞབས་བཀྱག་གི་ཟུར་ངོས་ཀུན་ནས།།
འཁོར་བའི་མི་སེམས་ལ་ལྷོད་ཆ་ཕབ་སོང་།།
ཚེ་ཕྱེད་ཕར་ཡོལ་ལ་སྐུ་རྐྱང་བཞུགས་ཤག།
བྲང་གི་ནུ་འབུར་ལ་ཆ་སྙོམ་བྱུང་ངམ།།
བདག་མེད་དྭ་ཕྲུག་ལ་བརྐྱངས་བའི་ཕྱག་ཟུང་།།
དྭངས་གཙང་ཆུ་ཤེལ་གྱི་ངོས་གཞན་ཡིན་ཨང་།།
གཞན་ཡུལ་ས་མཐའ་ཡི་སྨྲེང་བ་སྒུམ་དུས།།
ཡུལ་པོའི་སྣང་བ་ཡིས་ཞེ་ལ་བརྣག་གམ།།
མི་ཚོགས་སེམས་རྒྱུད་ལ་འཇའ་བཞིན་ཟུག་པའི།།
མཚན་ཙམ་བོས་པས་ཀྱང་རྒུད་པ་བསལ་འགྲོ།།
༈ ག་རེ་བྱས་སོང་།
སྐྲ་ལོའི་མཛེས་པ་རླུང་ཁར་གཡེང་བའི་ཚུལ།།
ཐལ་རླུང་ག་ཚོད་དཀྲིགས་ཀྱང་མཐོང་བ་བྱུང་།།
རི་ཚོགས་ཟམ་དུ་བསྟར་བའི་ཉག་ཁ་འདིར།།
ཀུ་རེ་མི་རྩེ་སེམས་ལ་འཕྲོད་ཐབས་མེད།།
ང་ནི་ཕ་གེར་བབས་ཤིང་ཚུར་ཕྱོགས་མཆོང་།།
སྡོད་ཚུགས་བྲལ་བའི་གཤིས་ལ་ཞུགས་པ་ཡི།།
གཉིད་ཀྱི་བཟི་ཁ་སྟུག་པའི་ལམ་ཁ་རུ།།
འོ་བརྒྱལ་མང་དུ་མྱངས་བ་དོན་ཡོད་མིན།།
དཔེ་སྒྲོམ་ངོས་སུ་ཆགས་པའི་རྡུལ་དག་གིས།།
ཉིན་དང་མཚན་གྱི་རྣམ་ཤེས་གཏིང་ནས་འགྲེལ།།
བར་མཚམས་ཤིག་ནས་སྐར་མ་ཆག་ཀྲུམ་འགའ།།
ཕྲན་གྱི་ངོ་གདོང་ཁྱེར་ནས་འགྲམ་དུ་ཟགས།།
༈ ཚོར་བས་བསླེས་པའི་འུར་ཐག་ཆུ་མིག་དགུ་སྒྲིལ།
མཛའ་གཅུགས་ཡིད་ཀྱི་པདྨོ་སྐམ་པ་དང་།།
བུང་བ་དག་ནི་ཡུལ་གྱེར་འགྲོན་པོར་གྱུར།།
གཞན་ཡུལ་ཇ་ཞིང་འདབས་ནས་ཉུལ་བའི་རྗེས།།
ཤོག་བྱར་བཅིབས་པའི་རྣམ་ཤེས་འཛིང་ཞིག་གཉོམ།།
ཡུལ་ལྗོངས་ཧྲིལ་བོ་ལྟེབ་ཆགས་བརྒྱག་སྙམ་ཚེ།།
འགུག་ཐབས་མེད་པའི་ལས་སྐལ་གསེང་དུ་འཛུལ།།
ཡུལ་འདིར་བདག་མེད་གླང་གོག་གང་སར་ཡན།།
ལྕི་བ་དག་གིས་སྣུམ་ལམ་རྒྱ་ཁྱོན་འཇལ།།
དགོང་མོ་ཙམ་ལ་གྲོག་མ་གཤོག་ཐོགས་འགའ།།
ནམ་མཁར་རུག་ཅིང་ཕན་ཚུན་སྐོར་རེས་འཐབ།།
ཉི་མས་དམར་མདངས་ཅུང་ཙམ་གྱོན་རྗེས་སུ།།
རི་ཚོགས་ཟུར་ཁ་བསྣོལ་བའི་རྩེ་ནས་བཞུད།།
སྲོས་ཀྱི་གཟི་འོད་གང་སར་འཕྲོ་བ་དང་།།
ནུབ་ཀྱི་ཤིང་ལོ་ཚོགས་ལ་གསེར་རྩི་སྤུད།།
དེ་ཡང་རླུང་བུས་འགུལ་ཀྱོག་གཏོང་བ་ན།།
ཤིན་ཏུ་བརྗོད་དཀའི་མཛེས་པས་ཧད་པར་བྱེད།།
མི་ཚེ་སུམ་ཆ་ཙམ་ཞིག་འདི་གར་རྫོགས།།
རི་ཆུ་དག་ལ་གུས་པའི་ལུས་དྲི་ཐིམས།།
ཡིད་ཀྱི་གཞུང་དུ་ཡོམ་པའི་ཆུ་མོ་ནི།།
ད་དུང་ཕ་ཡུལ་ཞེས་བྱ་གནས་དེར་འཁྱིལ།།
ལྷགས་པའི་རྣོ་དབལ་རྒོད་པའི་མཚེར་འདབས་ནས།།
རྫ་ཆུ་སྔར་ལྟར་བཞུར་བ་གོ་གོ་འདྲ།།
ལན་ཆགས་བུ་ལོན་སྟོང་གིས་མི་གསབ་པའི།།
སེམས་པའི་ཕྱི་མོར་གྱུར་བའི་ཕ་ཡུལ་ཨང་།།
༈ ཟླ་བར་ཕེབས་སྐྱེལ་ཞུས་པ།
—མཁན་ཆེན་ཀུན་དགའ་དབང་ཕྱུག་སླར་ཡང་དྲན་པ།
ནམ་མཁའ་ངོས་སུ་འོད་ཀྱི་དྲ་བ་ཕྱུང་།།
མཚན་ལྗོངས་བརྔུབས་ནས་ས་ཕྱོགས་དབེན་པར་སྙེགས།།
དམ་པ་ཞེས་སུ་སྙད་པའི་སྐྱེ་བོ་གང་།།
འདི་ནས་གུས་གསོལ་ཚིག་གི་མེ་ཏོག་འདེབས།།
ཟླ་བ་ཡེངས་བའི་མཚན་ལྗོངས་ཧ་ཅང་སིམ།།
རི་གྲོང་ཡོད་ཚད་ལྷིང་འཇགས་ངང་དུ་གནས།།
སྙན་དང་བཀུར་སྟི་སོགས་ལ་མ་ཆགས་པའི།།
ཞི་བར་གཤེགས་པའི་གང་ཁྱེད་དགེ་བ་འོ།།
མུན་པར་ལག་སྙོབ་བྱས་པའི་གོ་རིམ་ནང་།།
ངོ་གདོང་སྐྱོ་ཉམས་དང་བཅས་ཡུལ་པོར་གྱུར།།
མཚན་མོ་ཟློ་བའི་དགེ་སྦྱོང་གང་ཉིད་ནི།།
སླར་ཡང་སེམས་པ་ནམ་མཁའི་ཀློང་དུ་འབྱམས།།
རྒྱུན་པར་ལབ་ལབ་ཉིད་ནས་བྱང་བ་ཡི།།
ཚིག་སྐམ་མཆི་མས་བདས་པའི་སུག་རྗེས་སུ།།
ལས་དང་འབྲས་བུའི་དཔང་པོར་མི་ཡོང་བའི།།
ངག་གི་བྱིན་རླབས་གཏོར་བཞིན་ཕེབས་པ་རྨད།།
ངེད་ཅག་ཚེ་ནི་རྫོགས་པའི་རྗེས་མི་མངོན།།
ངེད་ཅག་ལས་ནི་བྱས་པའི་ཤུལ་མི་གསལ།།
དེ་ལྟར་རིག་རིག་ངང་ནས་འདས་པ་ན།།
ད་དུང་ཧ་ཧ་ཧེ་ཧེ་དགོད་བཞིན་རྒྱུག།
ངུས་ཀྱང་མིག་ཆུ་སྐམ་པའི་ལོ་ཟླ་ལ།།
བུ་ལོན་ལྟ་བུ་ལོས་ཀྱི་ཐོ་ཡོར་འདི།།
མི་སྡུག་གཤིན་རྗེས་བཏགས་པའི་གྲིབ་མ་སྟེ།།
སྤྲང་པོའི་ལག་རྟེན་ཞིག་ཀྱང་ཡོང་རེ་སྐན།།
མཚན་མོ་ནམ་མཁའ་ཡངས་བ་ཤེས་སུ་བཅུག།
བར་བཅུག་རི་མོ་རེ་རེ་གསལ་བར་སྟོན།།
མི་ཚོགས་སྔུར་པས་ལྷད་པའི་འཇིག་རྟེན་འདི།།
སླར་ཡང་ལྗོངས་རྣམ་ཧ་ཅང་མཛེས་པོ་བཟོས།།
དགེ་སྡིག་རླུང་གིས་འཁྱེར་བའི་ནུབ་མོ་རེར།།
སྒོ་དང་སྒེའུ་ཁུང་དམ་པོར་གཏན་ན་ཡང་།།
ཉལ་ཁང་ངོས་སུ་འཕྱངས་བའི་སྡོམ་རྒྱ་ལྟའི།།
ཉག་ཉོག་སྣ་ཚོགས་གང་སར་འཛུལ་ཞིང་ནར།།
ཉིད་ཀྱིས་དེ་དག་གཙང་ཕྱགས་བྱ་ནུས་མིན།།
འོན་ཀྱང་སྤྲུལ་པའི་ཆོ་འཕྲུལ་མེད་མིན་ཀྱང་།།
སྐྱེ་བ་འདི་ཀོ་ཞན་ཞིང་ཉམ་ཐག་པས།།
འོད་ངོགས་ཅུང་ཟད་མཐོང་བ་དེ་གས་ཚིམས།།
ལས་ཀྱི་རྟོད་ཕུར་འབལ་བའི་ཤེད་མོང་ཅན།།
འགྲོ་བའི་བློ་ལ་བསིལ་སྣང་བསྟབས་པ་གང་།།
མཆོད་ཡོན་སྣ་ཚོགས་ཕུལ་བས་མ་ཡིན་ཡང་།།
ཕྱོགས་བྲལ་ནམ་མཁའ་བློ་ཅན་འཛུམ་པ་ཉིད།།
༈ སྒེའུ་ཁུང་ཕྱི་རོལ་ལ་བལྟས་ཏེ་དབུགས་དབྱུང་བའི་ལེའུ།
2015. 5. 25. ཉིན།
རླངས་པ་བན་བུན་རེ་འགས་བཏུམས་པ་ཡི།།
ཉིན་འདིར་ལྗོངས་ཀྱི་རྣམ་པ་མི་གསལ་ལོ།།
བདག་གི་ཁམས་ཀྱང་དེ་ལྟར་ལགས་པས་ན།།
བྱང་རྒྱུད་རི་འདབས་འདི་ནས་ཆས་ན་སྙམ།།
འདི་རུ་བསྡད་ནས་དུས་ཡུན་རིང་ཙམ་ཕྱིན།།
ལོ་མང་འགྱུར་བ་ཅི་བྱུང་ཆད་མེད་མྱངས།།
ད་ནི་ཕན་ཚུན་ངོ་འདྲིས་གྱུར་པའི་མི།།
བྲལ་ཡང་སེམས་སུ་ལྷང་ངེར་གསལ་བ་ལྟར།།
སེམས་ཀྱི་གཏིང་ལ་སྨིན་པའི་གོ་རིམ་ནི།།
ངག་གི་འགྲེལ་བརྗོད་ཡུལ་ལས་འདས་པར་གྱུར།།
འཚོ་བ་ཆུ་ཡི་ནང་དུ་ཚ་བཏབ་མཚུངས།།
བྲོ་བ་གཅིག་ལས་གཅིག་འདུས་ཕུང་པོར་གྲུབ།།
དེ་ལྟར་དགའ་སྐྱོ་འབུམ་གྱིས་རྐྱ་འཐབ་པའི།།
ལོ་ཟླའི་སྐུད་པ་ཕྲ་སྦོམ་ཇི་འདྲ་ཡང་།།
རེ་བཞིན་ཕྱི་བཤོལ་མི་ཐུབ་ཆོས་ཉིད་ཀློང་།།
འདང་རྒྱག་མང་བར་གྱུར་ཞིང་ཞེ་བློ་འཚུབ།།
སྔར་བྱས་ལས་ལ་འགྱོད་པས་གདུང་བ་དང་།།
ཕྱིན་ཆད་གང་ལ་མོས་པའི་འདུན་པ་སོགས།།
ངེས་མེད་ཆར་རླུང་ལྷན་དུ་ལྡང་བ་ན།།
ནམ་ཟླ་དུས་ལྟར་འགྱུར་བའི་གོ་རིམ་ཁྲོད།།
རེག་བྱ་ཕལ་ཆེར་མྱོང་བའི་གོ་སྐབས་བྲལ།།
མཚམས་རེར་རྨི་ལམ་ལྟ་བུ་འགྱུར་ལྡོག་ཁྲོད།།
ཕྱི་རོལ་ཁམས་ལ་ལྟ་ཙམ་བྱེད་པའི་ཚེ།།
ལྷིང་འཇགས་ཁྲོད་ཀྱི་བྱ་དང་བྱི་འུ་དག།
བག་ཕེབས་ངང་དུ་འཚོ་བས་ལྷོད་ཅིག་བྱིན།།
མནོག་ཆུང་བྱ་བར་རྒྱབ་ཀྱིས་ཕྱོགས་སྙམ་པ།།
གུས་པའི་སྣང་བར་ཅུང་ཙམ་འཁོར་ན་ཡང་།།
མེ་ཡི་ཚ་བ་ཆུ་ཡི་རླན་གཤེར་ལྟར།།
གོམས་པའི་ཞེན་ཆགས་ཐི་གུ་ཕྲ་མོ་འདི།།
ཆད་པར་མ་ནུས་སྲ་ནས་སྲ་རུ་སོང་།།
ལས་འཕྲོའི་འབྲེལ་ཐག་གང་ལ་བསྲིངས་ན་ཡང་།།
ཉག་ཉོག་མང་བའི་དུས་མཐའི་གདུངས་བ་ཡིས།།
ལས་ཀྱི་ཡོལ་བ་ཧྲལ་བའི་བར་གླགས་ནས།།
མི་ཚོགས་མདུན་དུ་ལྷགས་ནས་ངུ་བ་དང་།།
དགོད་དང་འཕྱ་བའི་རྣམ་འགྱུར་ཇེ་མང་ཕྱིན།།
གཟན་སྣེ་རླུང་ངོར་རྡེབ་པའི་དུས་སུ་ནི།།
གསོན་པའི་རེངས་བ་རྩྭ་རྡུལ་བཞིན་དུ་ལངས།།
དགོན་གྲོང་ཆོས་ཀྱིས་སྣུམ་པའི་ཁོར་ཡུག་དག།
མྱོང་བས་མི་ངོམས་མཛེས་པ་འབར་ན་ཡང་།།
སྟོན་པ་གང་གི་ཞབས་རྡུལ་ཙམ་ལ་ཡང་།།
ཉེ་བར་བཏུད་མ་ཐུབ་པར་ཤིན་ཏུ་ཕངས།།
རང་བྱུང་རླབས་ཀྱིས་འདུ་ཤེས་སྒུལ་བ་ཡིས།།
གདོད་མའི་སྐྱེས་སུ་བཏེགས་པའི་ཕྲ་ཕུང་ལུས།།
མི་མངོན་དབྱིངས་སུ་འཕོ་བའི་ནམ་ཞིག་ཚེ།།
མགུལ་གྱི་དྲགས་པ་གསིག་ནས་གྲུངས་པོར་ལྟ།།
ལས་སྐལ་འདུས་པ་སྤྲིན་གྱི་ཚོགས་བཞིན་དུ།།
ཕྱོགས་མེད་དེངས་བའི་གཟུགས་བརྙན་ཡིད་ངོར་འབྲི།།