འབའ་སྲས།
དང་པོར་ཨ་མའི་མངལ་དུ་སྦྲུམ་དུས།།
བྱ་སྒོང་བཞིན་དུ་རུམ་པའི་གཅེས་ལོ།།
ཨ་ཕའི་ལག་མཐིལ་དང་པོར་བསླེབས་དུས།།
དུང་དཀར་ཕྱིས་ཕྱིས་བྱས་པའི་ལོ་ལོ།།
ཨ་ཕའི་རུས་རྐང་ཐབས་ཀྱི་སྡོང་བུ།།
ཨ་མའི་ཁྲག་རྒྱུན་ཤེས་རབ་མར་ཁུ།།
ལུས་ཀྱི་ཀོང་བུར་མཉམ་དུ་བཞེས་པའི།།
བུ་ཕྲུག་འཚར་ལོངས་འོད་སྣང་འཕྲོ་འཕྲོ།།
ལོ་གཅིག་ལོ་གཉིས་རིམ་གྱིས་འདས་ཏེ།།
དེ་རིང་ལོ་བདུན་ཁ་ལ་སོན་སོང་།།
ལོ་བདུན་འཁོར་བའི་ཉིན་མ་དང་པོར།།
ཨ་ཕས་ཁྱོད་ལ་སྙན་ངག་འབྲི་འོ།།
གོམ་པ་བདུན་སྤོས་ཤུལ་དུ་མེ་ཏོག །
འཁྲུངས་པའི་ངོ་མཚར་ལྟད་མོ་མེད་ཀྱང་།།
ལྷན་སྐྱེས་སྤྱང་གྲུང་རིག་པ་འབར་བས།།
ཨ་ཕའི་སེམས་པ་དྲོད་ཀྱིས་ཁེངས་ཡོད།།
བུ་གཅིག་རྗེས་སུ་སེམས་འཁུར་མང་བའི།།
མིག་ཆུ་ཕ་མ་རྣམས་ལ་མང་ཡང་།།
བུ་ཁྱོད་སྐྱེས་ནས་དེ་རིང་བར་དུ།།
ཕ་མའི་གདོང་པ་འཛུམ་གྱིས་ཁེངས་ཡོད།།
ཨ་ཕའི་ཡ་ཆུང་ཁོག་གི་ཉི་མ།།
ཨ་མའི་ཁྲ་ཆུང་མིག་གི་ཟླ་བ།།
ཨ་ཅེ་ཕུ་བོའི་སེམས་ཀྱི་སྐར་ཆེན།།
ཨ་ཕའི་གཅེས་ལོ་འོད་སྣང་ཆེམ་ཆེམ།།
ཨ་མ་འདྲ་བའི་སེམས་པ་བཟང་པོ།།
ཨ་ཕ་འདྲ་བའི་རང་བཞིན་དྲང་བོ།།
ཨ་ཅེ་འདྲ་བའི་རང་ཚིགས་བརྟན་པོ།།
ཨ་ཇོ་འདྲ་བའི་སྤྱང་གྲུང་ལྡན་འདུག །
བོད་རིགས་ཉུང་ཞིང་རྒྱལ་ཁབ་ཆེ་བ།།
བོད་སྐད་བཤད་པའི་ཁོར་ཡུག་ཆུང་ཡང་།།
རང་ཉིད་བོད་རིགས་ཡིན་པའི་ངོ་གདོང་།།
སྲོག་ལ་ཐུག་ཀྱང་མ་དོར་གཅེས་ལོ།།
བོད་པ་ཡིན་ཡང་བོད་ངོ་མི་ཤེས།།
སྐད་ཆ་ཤེས་ཀྱང་བོད་སྐད་མི་ཤེས།།
ཕ་རྒྱུད་མ་རྒྱུད་གཞན་ལ་བསྒྱུར་མཁན།།
དགྲ་བོ་དེ་འདྲ་མ་བྱེད་གཅེས་ལོ།།
རིགས་རྒྱུད་གཙང་མ་ལུས་ལ་ལྡན་དགོས།།
དབྱངས་གསལ་སོ་བཞི་ངག་ལ་འབྱོར་དགོས།།
ཡ་རབ་སྤྱོད་བཟང་ཡིད་ལ་འཇགས་དགོས།།
བོད་རིགས་ཤིག་གི་ངོ་བོ་མཚོན་དགོས།།
དེ་རིང་ཁྱོད་ཀྱིས་ལོ་བདུན་སྐྱེས་སྐར།།
བསུ་ཕྱིར་ཁྱོད་ཀྱི་གྲོགས་པོ་ཆུང་ཆུང་།།
མགྲོན་དུ་བོས་མེད་བརྔན་པ་ཉོས་མེད།།
ཨ་ཕས་ཁྱོད་ལ་སྙན་ངག་འབྲི་ཆོག །
གླང་ཤ་བཙོས་ནས་མགྲོན་པོ་བོས་མེད།།
བྱ་ཤ་བསྲེགས་ནས་མདུན་ཅོག་བསྒྲིགས་མེད།།
ཆང་རག་ཉོས་ནས་རྒྱས་འཛོམས་བྱས་མེད།།
ཨ་ཕས་ཁྱོད་ལ་སྙན་ངག་འབྲི་ཆོག །
དཔའ་བོ་རལ་གྲི་ཅན་གྱི་འཁྲུངས་སྐར།།
བླ་མ་བྱིན་བརླབ་ཅན་གྱི་འཁྲུངས་སྐར།།
རྒྱུ་དང་འབྱོར་བ་ཅན་གྱི་འཁྲུངས་སྐར།།
འཁྲུངས་སྐར་རྒྱས་འཛོམས་དེ་འདྲ་མ་ནུས།།
མཆོད་པ་བདུན་ཚར་འཕྲེང་དུ་བཤམས་ཡོད།།
ལོ་བདུན་སྐྱེས་སྐར་མཚོ་ཡིས་བསུས་ཡོད།།
མཆོད་མེ་རྐང་གཅིག་མེ་རུ་བསྒྲོན་ཡོད།།
མི་ཚེ་གཅིག་པོ་འོད་ཀྱིས་བསུས་ཡོད།།
ལུས་ལ་ནད་མེད་བདེ་བའི་རྟེན་འབྲེལ།།
ངག་ལ་དབྱངས་རྟ་འཁྱིལ་བའི་རྟེན་འབྲེལ།།
སེམས་ལ་སྡུག་བསྔལ་མི་འབྱུང་རྟེན་འབྲེལ།།
མི་ཚེ་སྐྱིད་ལ་རོལ་བའི་རྟེན་འབྲེལ།།
ལུས་ངག་ཡིད་གསུམ་རྟེན་འབྲེལ་འདི་ཡིས།།
ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ཞིང་།།
དགེ་བ་འདི་ཡིས་ཀུན་ལ་ཕན་པའི།།
སྐྱེས་བུ་ཞིག་གི་གོ་འཕང་མྱུར་འཐོབ།།
ཤ་རུས་གཅིག་པའི་སྤུན་ཆུང་གཅེས་ལོའི།།
བཀྲིས་སྐྱེས་སྐར་དགའ་སྟོན་ཉིན་མོར།།
ཐག་རིང་ཨ་ཇོ་སྐྱ་སྟོང་ཞིག་གིས།།
ནད་མེད་ཚེ་རིང་ཡོང་བར་སྨོན་ཆོག།
ཁྱེད་ཀྱི་ཕ་རྒན་སྙན་ངག་རྒྱལ་བོ།།
ཁྱེད་ཀྱི་མ་ལོ་བྱམས་བརྩེའི་བདག་མོ།།
ཁྱེད་ཀྱང་ཁ་བའི་གསོན་རྩ་ངོ་མ།།
ཁྱེད་ཀྱི་བཟའ་ཚང་བཀྲིས་རང་འགྲུབ།།
གཅེས་སུ་སྐྱོང་བའི་རང་རིགས་བྱིས་པའི་ཚོགས། དགོས་སུ་ངེས་པའི་བོད་ཡིག་ཡི་གེ་དང་། རང་གི་ཕ་སྐད་དྭངས་གཙང་སྦྱང་རྒྱུ་ནི། ལོ་བདུན་སླེབས་པའི་བྱིས་པ་ཁྱེད་ཀྱི་འགན། ཕ་མ་གཉིས་ལ་རྒྱུ་དངོས་འབྱོར་ལྡན་ཡང་། རང་གི་བུ་ཕྲུག་གཞན་སྐད་ཅི་ཤེས་ཀྱང་། རང་གི་སྐད་དང་གོམས་སྲོལ་མ་ཤེས་ན། ལོ་བདུན་བྱིས་པ་ར་མ་ལུག་ལ་ངེས། རང་སྐད་རང་རིགས་མི་སྤྱོད་སུ་ཡིས་སྤྱོད། རང་གོམས་རང་གི་མ་བྱེད་སུ་ཡིས་བྱེད། རང་རྒྱལ་རང་གི་མ་ལེན་སུ་ཡིས་ལེན། ལོ་བདུན་བྱིས་པ་བོད་ཀྱི་སྲོག་རྩ་ཡིན།
ཚོར་བ་སྦྱིན་པའི་སྙན་ངག་འདི་ཤིན་ཏུ་ལེགས།
ལོ་བདུན་ལ་སོན་པའི་བུ་ཆུང་ཁྱོད་ལ་མཆོག་གསུམ་རྒྱལ་བ་རྒྱ་མཚོ་དང་ཁྱད་པར་འཆི་མེད་ཚེ་དཔག་མེད་ཀྱིས་དགེ་ལེགས་སྩོལ། ངག་གི་ལྷ་མོ་དབྱངས་ཅན་མས་མགྲིན་པར་འཁྱུད། ཛམ་ལྷ་རིགས་ལྔས་པང་དུ་བླངས། འདས་པོ་ ༡༠༨ གྱི་ལྷག་བསམ་དང་བློས་གཏོང་གིས་ནུས་པ་སྙིང་སྟོབས་སྦྱིན། བཀྲ་ཤིས་ཤོག
འབའ་སྲས ཁྱོད་ཀྱིས་ངའི་སྐད་འདི་བུ་ཆུང་ལ་འཕྲོད་པར་གྲོགས་དན་མཛོད།
ལགས་སོ།། མེ་ཏོག་དཀར་དང་གཞན་ཚང་མའི་རྟེན་འབྲེལ་ཞུ་ཚིག་ལོ་བདུན་བུ་ལ་ཐེངས་བདུན་ཚེགས་ཀློག་བྱེད་དུ་འཇུག་ཆོག བཀའ་དྲིན་བླ་མེད་ཞུ།
ཀ་ཁ་འབྲི་ཀློག་སློབ་པ་ཕ་རྒན་འགན། །
ཁ་ལག་གོན་པ་གཡོག་པ་མ་ལོའི་འགན། །
ག་འགྲོ་མིག་གིས་ལྟ་བ་གཉིས་ཀའི་འགན། །
ང་ཚོའི་ཕ་མའི་ལས་འགན་འདི་འདྲ་ཞིག །
ཁྱེད་ཀྱི་ཕ་རྒན་དུ་ཆང་ལ་དགའ་བ།།
ཁྱེད་ཀྱི་ཨ་མ་ཚངས་སྤྱོད་ལ་རོལ་བ།།
ཁྱེད་ཀྱང་གོས་ཐུངཨོན་རྡོ་ལ་གོན་མཁན།།
ཁྱེད་ཀྱི་ནང་མི་ངན་གོམས་ནས་གྲོལ་ཤོག།
ཅ་དག་བོད་སྐད་བཤད་ཤེས་བུ་ཆུང་འདིས།།
ཆ་ལུགས་གཞན་ལ་མི་དགའ་བུ་ཆུང་འདི།།
ཇ་མངར་ཉུང་ཙམ་འཐུང་ལ་དགའ་ན་ཡང་།།
ཉ་ཤ་གཏན་ནས་མི་ཟ་བུ་ཆུང་འདིས།།
ཏ་ལའི་བླ་མའི་དྲིན་ཆེན་ཤེས་མཁན་ཞིག །
ཐ་མག་ཆང་རག་ཁ་ལ་མི་ལེན་ཞིག །
ད་ལྟ་ལས་ཀྱང་སང་ཉིན་བཟང་ལེ་ཞིག །
ན་རྒས་འཆི་བའི་འཇིག་ལས་གྲོལ་མཁན་ཞིག །
པ་ལགས་མ་ལགས་གཉིས་ལ་གཅེས་ནི་ཞིག །
ཕ་རོལ་སུ་དང་གང་མ་འགྲིག་ནི་ཞིག །
བ་གླང་ལ་ཡང་མི་སྐད་སློབ་ནི་ཞིག །
མ་རིག་རྨོངས་ལ་རལ་གྲི་གདེངས་ནི་ཞིག །
ཙ་རི་རོང་བཞིན་གུ་དོག་མ་ཡིན་བློ་རྒྱ་ཆེ་ནི་ཞིག
ཚ་ཟེར་ཉི་མ་ལྟ་བུའི་ཀུན་ལ་ཕན་པ་བྱེད་ནི་ཞིག
ཛ་ར་ཛོ་རེ་མ་ཡིན་མོ་བརྒྱའི་ཡིད་སེམས་འགུག་ནི་ཞིག
ཝ་སྐད་ཐན་སྒྲོག་མ་ཡིན་ཕ་སྐད་གཙང་མ་རྒྱབ་ནི་ཞིག
ཞ་ར་ཉམ་ཆུང་ཀུན་ལ་གཅེས་ནི་ཞིག།
ཟ་མའི་ཕུད་དེ་ལྷ་ལ་མཆོད་ནི་ཞིག།
འ་ཅག་བོད་པའི་ལ་རྒྱ་ཡོད་ནི་ཞིག།
ཡ་རབས་ཡུལ་ལུགས་མ་ལུས་ཤེས་ནི་ཞིག།
ཞྭ་སེར་བསྟན་པའི་ལུགས་ལ་དད་ནི་ཞིག །
ཟ་མ་ཏོག་ལྟར་ཀུན་གྱིས་བཀུར་ནི་ཞིག །
འ་ཅག་བོད་དོན་བསྒྲུབ་ལ་ཕན་ནི་ཞིག །
ཡ་རབ་ཡོན་ཏན་ཡིད་དབང་འཕྲོག་ནི་ཞིག །
ཞ་ར་ལྟ་བུ་ཧུར་རྒྱུགས་མི་བྱེད་ཞིག།
ཟ་ཧུར་རྒྱལ་པོ་བཞིན་དུ་མཛད་པ་ཞིག།
འ་རེ་འོ་རེ་འཆལ་གཏམ་མི་སྨྲ་ཞིག།
ཡ་ཡོད་མེད་པའི་བུ་ཆུང་བཟང་པོ་ཞིག།
རྭ་ཅོ་ལྟ་བུའི་གཤིས་ཀྱོང་མིན་ནི་ཞིག །
ལ་ཕུག་འདྲ་བའི་སྙི་མོའང་མིན་ནི་ཞིག །
ཤ་ཡི་གསིང་ན་རུས་རྐང་མཁྲེགས་པོ་ཞིག །
ས་སྟེང་འདི་ནས་ས་རྒྱ་ཆོད་ནི་ཞིག །
ཡང་ན།
ར་བ་གངས་ལ་ལ་རྒྱ་ཆེ་ནི་ཞིག །
ལ་ལུང་བརྒྱུད་ཀྱང་བོད་ལ་ལོག་ནི་ཞིག །
ཤ་རུས་གདོང་རྒྱུད་སྙིང་ལ་འཛིན་ནི་ཞིག །
ས་དང་གནམ་གྱི་དབྱེ་བ་འབྱེད་ནི་ཞིག །
ར་གཉིས་ལྟ་བུ་བློ་སེམས་མེད་ནི་ཞིག།
ལ་རྒྱའི་གླུ་དབྱངས་སྙིང་ནས་ལེན་ནི་ཞིག།
ཤ་ཟ་ཆང་འཐུང་ནམ་ཡང་མི་བྱེད་ནི་ཞིག།
ས་ཕྱོགས་གང་དུ་སོང་ཡང་འགྱོན་ནི་ཞིག།
ཧ་ལོའི་དུག་འདྲའི་གཤིས་ངན་གཏན་མེད་ཅིག །
ཨ་མ་འགྲོ་ལ་བརྩེ་བ་ལྷོད་མེད་ཅིག །
ཧ་ལས་དགོས་པའི་གལ་ཆེན་མི་སྣ་ཞིག །
ཨ་སྔོན་མནམ་འོག་གྲགས་པ་ལྡིར་མཁན་ཞིག །
ཧ་ཧོར་ནོར་འཛུལ་མི་བྱེད་མཁན་ནི་ཞིག།
ཨ་ལ་ཐ་ལ་ཞབས་བྲོ་ཤེས་ནི་ཞིག།
ཧ་གཉིས་གང་ཡིན་གསལ་གསལ་ཤེས་ནི་ཞིག།
ཨ་ཁུ་ཁྲོ་ཐུང་འཁྲབ་སྟོན་མེད་ནི་ཞིག།
ཧ་ཅང་རྒྱུ་དང་འབྱོར་བ་ལྡན་ནི་ཞིག །
ཨ་ཕ་ང་ལ་སྒོར་མོ་སྟེར་ནི་ཞིག །
ཨ་མའི་མི་ཚེ་སྐྱིད་ལ་འགོད་ནི་ཞིག །
ཧ་ཅང་དྲང་མོར་བཤད་ན་འདི་མོ་ཞིག །
ཀ་ཕྲེང་ཡག་པོ་ཞིག་བསྒྲིགས་སོང་། བཀའ་དྲིན་ཆེ་རྣམ་པ་ཚོ།
ཨ་ཅག་བུ་མོར་རིག་དུས་རང་ཚུགས་ཡོད་ནི་ཞིག །
ཧ་ཅང་དྲང་མོར་བྱེད་ཚོད་རང་གིས་ཟིན་ནི་ཞིག །
ཨ་ཁུ་ཨ་ནེར་གུས་ཞབས་གཤིས་སུ་འཇགས་ནི་ཞིག །
ཧ་ལོ་དབྱིན་སྐད་བོད་སྐད་ཐོགས་པ་མེད་ནི་ཞིག །
བརྗོད་གཞི་འདི་དང་མ་འགལ་བའི་ཐོག་ནས་སུས་འདིའི་འཕྲོ་ནས་བྲིས་ཀྱང་དགའ་བསུ་ཞུ། གོང་གི་ཀ་རྩོམ་ཡག་པོ་བྲིས་གནང་འདུག་སྟེ་་་ཐོག་མའི་ཀ་སྡེའི་བརྗོད་གཞི་དང་འབྲེལ་མེད་པས་ལགས་སོ་ཞུ་ན་མ་འདོད་ཐལ་་་མ་གཞི་སྙན་ངག་ཡིན་ན་རེད་་་དཔྱད་རྩོམ་་་སྒྲུང་རྩོམ་སོགས་གང་བྲིས་ཀྱང་ཐོག་མའི་བརྗོད་གཞི་གང་ཡིན་པ་ངེས་པར་གནང་སྟེ་མུར་མཐུད་བྲིས་ན་་་་མགོ་འཇུག་ཚང་བའི་རྩོམ་ཡིག་ཅིག་ལ་འགྲོ་གི་རེད་ལ།
ས་ཆ་གང་དུ་ཕྱིན་ཀྱང་རང་ལུགས་གཅེས་ནི་ཞིག
ཤ་ཚའི་གཏམ་ལ་མི་ཁྲོ་རྣ་བ་གཏོད་ནི་ཞིག
ལ་དགུ་ལུང་དགུ་བརྒལ་ཀྱང་ཕ་ཡུལ་དྲན་ནི་ཞིག
ར་མ་ནང་བཞིན་ནང་འཐབ་མི་བྱེད་མཛའ་ནི་ཞིག
ཡ་ཐོད་མིག་ལས་བརྩེ་བའི་འོད་མདངས་གསལ་ནི་ཞིག །
འ་ཅག་བུ་མོ་དག་གིས་འཕྲོག་རིས་བརྒྱག་ནི་ཞིག །
ཟ་ཞོར་འཐུང་ཞོར་འགྲོ་ཞོར་སྙན་ངག་འབྲི་ནི་ཞིག །
ཞྭ་མོ་བཞིན་དུ་རང་གི་ཆུང་མར་གཅེས་ནི་ཞིག །
ལེགས་སོ། །
ཨ་མ་དྲན་ཁི་ཟེར་ནི་ཞིག ཨ་ཕ་གཅེས་ལོ་ཟེར་ནི་ཞིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཝ་མོར་འདྲ་བའི་གཡོ་སྒྱུ་མེད་ནི་ཞིག།
ཛ་ཡི་བསྟན་ལ་དད་སྟངས་ཤེས་ནི་ཞིག།
ཚ་གྲང་ངལ་དུབ་སྡུག་རས་ཐུབ་ནི་ཞིག།
ཙ་རིའི་སྨྱུག་བཞིན་གཤིས་ཀ་དྲང་ནི་ཞིག།
མ་ཡིན་ཡིན་མདོག་མ་སྤྲུལ་སྤྲུལ་རྫུས་མིན་ནི་ཞིག
བ་དང་གླང་བཞིན་རིག་པ་མེད་པ་མིན་ནི་ཞིག
ཕ་མྱེས་ཡང་མྱེས་སྲོལ་རྒྱུན་བཟང་པོར་དད་ནི་ཞིག
པ་སངས་ལྟར་དཀར་ཀུན་ལ་དག་སྣང་ཡོད་ནི་ཞིག
ན་ཚ་ཀུན་རིགས་ཀུན་འཇོམས་སྨན་པའི་རྒྱལ་བོ་ཞིག །
ད་ལྟའི་བོད་ཀྱི་གནས་སྟངས་སེལ་བའི་སྲིད་སྐྱོང་ཞིག །
ཐ་གྲུ་ཡུལ་གྲུ་ཀུན་ལ་ཕན་པའི་ཞི་བདེའི་སྐྱེས་བུ་ཞིག །
ཏ་གྲུས་རྒྱབ་ཁབ་སྐྱོང་བའི་རྒན་དེ་ལྟ་བུ་ཞིག །
ཉྭ་མགོ་ལྟ་བུའི་མཇེ་ངན་བདག་པོ་ཐུབ་ནི་ཞིག །
ཇ་རེ་འཐུང་ཞོར་དཔེ་དེབ་ལྟ་ཀློག་དགའ་ནི་ཞིག །
ཆ་མེད་མི་ལ་འགྲོགས་འདྲེས་བདེ་མོ་ཡིན་ནི་ཞིག །
ཅ་ཅོལ་གཏམ་ལ་དགའ་སྣང་དེ་ཙམ་མེད་ནི་ཞིག །
ཡང་ན།
ཉ་གང་ཟླ་བའི་མཛེས་སྡུག་འཕྲོག་པའི་ཕོ་རྒོད་ཅན་གྱི་གསར་བུ་ཞིག །
ཇ་ཆང་འདྲེན་པའི་མཛེས་མ་སྟོང་གི་སེམས་པ་ཡང་ཡང་ཤོར་ནི་ཞིག །
ཆ་ལུགས་དར་གོས་གྱོན་སྟངས་མཁས་པའི་དེང་རབས་ཕོ་གསར་འགྲིག་ནི་ཞིག།
ཅ་ལག་རིན་གོང་གང་ཆེར་དགའ་བའི་གསར་བུ་སྣང་བ་གསོ་མོ་ཞིག །
ང་ལ་འགྲོགས་ཞེས་སྐུལ་མ་མི་དགོས་མཛེས་མ་རང་ང་འཁོར་ནི་ཞིག །
ག་བར་སོང་ན་གཞོན་ནུ་མ་ཡིས་ལག་པ་འཐེན་ནས་འགྲོ་ནི་ཞིག །
ཁ་ནང་ལྕེ་ཡི་སྦྲང་རྩི་མངར་མོས་མཛེས་མ་དྲན་པ་ཐོར་ནི་ཞིག །
ཀྭ་ཡེ་ལོ་བདུན་སོན་པའི་བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ་ཚིག་མང་།།
ཀ་བ་ལྟ་བུའི་བོང་མཇེ་མེད་ཀྱང་བུ་མོ་འགུག་ནི་ཞིག
ཁ་མཛེས་ཁོག་རྩུབ་མིན་པས་ཀུན་གྱི་དགའ་ནི་ཞིག
ག་བར་བཏང་ཀྱང་གོ་ཆོད་ཕོ་གོ་ཆོད་ནི་ཞིག
ང་ངར་འཛིན་པ་མེད་ཀྱང་རང་རིགས་གཅེས་ནི་ཞིག
ཀ་མད་ནས་བཟུང་ཡོན་ཏན་ཀུན་ལ་སྦྱོང་མཁན་ཅིག །
ཁ་དང་ལག་པ་མཉམ་པར་ལས་དོན་བྱེད་མཁན་ཅིག །
ག་རུ་བསྡད་ཀྱང་རང་དོན་སྤྱི་དོན་སྒྲུབ་མཁན་ཅིག །
ང་དང་ངར་འཛིན་མགོ་མནོན་ཉམས་ལེན་བྱེད་མཁན་ཅིག །
ཚང་མར་ཐུགས་རྗེ་ཆེ་་་་འདི་ནི་ངའི་བཤད་བཤད་པོའི་སྡོམ་ཚིག་ཟེར་ན་རེད་་་སྐྱེས་སྐར་ལ་ཕུལ་བའི་ལེགས་སྐྱེས་འཇུག་བསྡུར་བའི་གཏམ་ཡིན།
ཀ་མད་དབྱངས་གསལ་སོ་བཞིའི་གླུ་ཡིས་གཅེས་ཕྲུག་ཁྱེད་ཀྱི་སྐྱེས་སྐར་བསུས། །
ཁ་བའི་མི་སྣ་གལ་ཆེན་ཞིག་ལ་རྒད་པོ་ང་ཚོས་རེ་བར་བྱས། །
ག་ན་བསྡད་ཀྱང་ཤ་ཁྲག་རུས་གསུམ་བོད་མིའི་ཡིན་པར་ཤེས་ནི་ཞིག །
ང་དང་བཅས་པའི་ལོ་ལོན་དག་གི་རེ་བ་བདེ་ལེགས་འགྲུབ་པར་སྨོན། །
དྲ་གྲོགས་ཚོས་ངའི་གཅེས་ལོ་སྐྱེས་སྐར་ལ་ཁ་གཡང་ཚིག་གི་སྙན་ངག་ཕུལ་པར་་ཕ་རྒན་ངས་བུའི་ཚབ་ཏུ་བཀའ་དྲིན་བླ་མེད་ཞུ་བཞིན་ཡོད། ཁ་བྲོ། བཀྲ་ཤིས།
ཀ་ཡེ་གསན་དང་ཨ་མའི་བུ་ཆུང་ཀྱེ། ཁ་ཙམ་མ་གཡེང་འདི་ལ་ལན་གཅིག་གསན། ག་ས་གང་དུ་ཁྱི་སྨྱོན་འགྲོ་བ་བཞིན། ང་མ་ངུ་ཡི་འབོད་སྐད་མ་སྐྱོན་རོགས། ཅ་ཅོ་མང་བའི་དེང་དུས་དྲ་རྒྱའི་ནང་། ཆ་ལུགས་མཐུན་པའི་སྐད་ཆ་ཤོད་མཁན་ཉུང་། ཇ་ཆང་འདོད་པའི་ལོངས་ལ་དགའ་མི་དེ། ཉ་མོ་ལྕགས་དཀྱུས་འཛིན་ལྟར་རང་སྲོག་ཤོར།