རྔོག་བུ་བདུད་མགོན་ཚེ་རིང་།
སྤྱི་ཟླ༣པའི་ཚེས༢༡ཉིན་ནི་འཛམ་གླིང་གི་གཉིད་གསོ་བའི་ཉིན་མོ་ཡིན། ༢༠༠༡ལོར་རྒྱལ་སྤྱིའི་སེམས་ཁམས་དང་དབང་རྩའི་ཚན་རིག་ཐེབས་རྩ་ཚོགས་པས་ལོ་རེའི་དཔྱིད་ཚུགས་པའི་ཉིན་དང་པོ་སྟེ། སྤྱི་ཟླ༣པའི་ཚེས༢༡གི་ཉི་མ་དེ་འཛམ་གླིང་གི་གཉིད་གསོ་བའི་ཉིན་མོར་བདམས། གཉིད་ལོག་པ་ནི་མིའི་ལུས་སེམས་གཉིས་ཐད་ནས་རང་འགུལ་གྱིས་ངལ་བ་སེལ་ཞིང་དུབ་པ་གསོ་བའི་བརྒྱུད་རིམ་ཞིག་ཡིན་པས། སེམས་ཤུགས་ལྷོད་ལ་འབབ་ཅིང་ལུས་ཀྱི་ངལ་དུབ་སེལ་ཞིང་རླུང་དང་ཁྲག་རྩའི་རྒྱུ་བ་སྙོམས་ཐུབ་པ་མ་ཟད། བྱ་བ་ལ་འཇུག་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན། ཟས་ཚོད་རན་པར་ཟ་བ་དང་རྩོལ་བ་འོས་འཚམ་བཅག་པ། གཉིད་ཚིམ་པར་ལོག་པ་གསུམ་ནི་འཛམ་གླིང་གི་སྤྱི་ཚོགས་ཧྲིལ་བོར་ཚང་
མས་ངོས་ལེན་བྱེད་པའི་བདེ་ཐང་གི་རྨང་གཞིའི་འགན་སྲུང་གསུམ་ཡིན། ཡིན་ན་ཡང་ཚང་མས་གཉིད་ཚིམ་པར་ལོག་པ་ལ་དེ་འདྲའི་དོ་སྣང་ཆེན་པོ་མི་བྱེད་པ་དང་ཡང་ན་བྱ་བ་དང་འཚོ་བའི་གནོན་ཤུགས་ཀྱིས་གཉིད་བཅག་པ་དང་གཉིད་མི་ཡོང་བའི་གནས་ཚུལ་ཚབས་ཆེན་ལ་དམིགས་ནས་རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་དང་དབང་རྩ་ཚན་རིག་ཐེབས་རྩ་ཚོགས་པས་འཛམ་གླིང་གི་གཉིད་གསོ་བའི་ཉིན་མོ་འདི་གཏན་ཁེལ་བྱས་པ་རེད། 2001年国际精神卫生和神经科学基金会将每年初春的第一天3月21日设为“世界睡眠日”༢༠༢༢ལོར་ཀྲུང་གོའི་གཉིད་ཉལ་བའི་ཞིབ་འཇུག་གི་སྙན་ཞུ་ཁྲོད༢༠༡༢ལོ་ནས༢༠༢༡ལོའི་བར་རྒྱལ་ནང་དུ་ནུབ་མོ་གཉིད་པའི་དུས་ཚོད༢ཙམ་གཞུག་བསྣུར་བྱས་ཡོད་པ་དང་། གཉིད་ཉལ་བའི་དུས་ཚོད་སྔར་གྱི༨.༥དེ༧.༠༦གིས་ཇེ་ཐུང་དུ་སོང་ཡོད་ཅེས་བསྟན།
ནམ་རྒྱུན་འཚོ་བའི་ཁྲོད་དུ་ང་ཚོ་གཉིད་མི་ཁུག་པའི་སྡུག་བསྔལ་ཅན་གྱི་མི་གང་མང་དང་འཕྲད་ཡོང་། ཁོ་ཚོར་གཉིད་མི་ཁུག་པའི་རྒྱུ་རྐྱེན་སྣ་ཚོགས་ཤོད་ཀྱི་ཡོད་པ་མ་ཟད། མཚན་མོ་གཉིད་མ་ཁུགས་པ་དེས་ཉིན་གྱི་ལས་ཀ་ལ་གེགས་དང་བར་ཆད་མི་ཉུང་བ་ཐེབས་སྲིད་ལ། ལྷག་པར་དུ་རྒ་རྒས་ཚོར་མཚན་མོ་གཉིད་མ་ཁུགས་པར་དུས་ཡུན་རིང་བོ་འགོར་ན་མགོ་ཡུ་འཁོར་བ་དང་། རྣ་བ་འུར་བ། དྲན་པ་མི་གསལ་བ། ལུས་ལྕི་ཞིང་སོང་ན་གོམ་པ་འཁྱོར་བ། སྐྲ་མདོག་དང་ངོ་མདངས་ཉམས་པ། གཉེར་མ་ཆགས་པ། མིག་སྤྲིན་དམར་པོ་ཆགས་པ། མིག་ལྕིབས་སྔོན་པོར་འགྱུར་ཞིང་ལུག་པ། ཟས་ཟ་སྙིང་མེད་པ། བྱ་རྨྱང་ཡང་ཡང་བྱེད་པ། སྒྱིད་ལུག་པ། བཤང་གཅི་དུས་སུ་མི་འབྱུང་ཞིང་རྟུག་པ་སྐམ་པ་སོགས་འབྱུང་།
དེང་སང་ན་གཞོན་མང་པོ་ཞིག་ལའང་བྱ་བའི་གནོན་ཤུགས་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་འགྲན་རྩོད་ཀྱི་ཁུར་བོས་མཚན་མོ་གཉིད་མི་ཡོང་བའི་གནས་ཚུལ་རྒྱུན་མཐོང་དུ་འགྲོ་བཞིན་ཡོད་པ་རེད། གནས་སྐབས་རེར་གཉིད་མ་ཁུགས་པ་དེ་ནད་གཞི་ཛ་དྲག་ཅིག་མ་ཡིན་མོད། འོན་ཀྱང་དུས་ཡུན་རིང་བོར་གཉིད་མ་ཁུགས་པ་དེས་ནད་རིགས་མང་པོ་ཞིག་གི་རུ་སྣ་འདྲེན་ཡོང་བ་མ་ཟད། གཉིད་ཡེར་ནས་ལོ་དང་ཟླ་བ་སོང་ཙང་ལུས་རིད་པ། དྲན་པ་འཐོར་བ། བརྗེད་ངས་ཆེ་བ། སྨྱོ་བ་དང་འབོག་པ། དབང་རྟེན་སོ་སོའི་ནུས་ཤུགས་ཉམས་ནས་བྱེད་ལས་ཇི་བཞིན་ཐོན་པར་མི་འགྱུར་བས་དུས་ཚོད་ལྟར་ཉལ་བ་དང་གཉིད་པ། ཡང་ན་གཉིད་གསབ་པ། གཉིད་ཀྱི་གོམས་གཤིས་ཡག་པོ་ཆགས་སུ་འཇུག་རྒྱུ་ནི་ལུས་སྲུང་བདེ་ཐང་འཕྲོད་བསྟེན་གྱི་རྒྱུན་ཤེས་གཙོ་བོ་ཞིག་ཡིན།
དེ་ལ་གསོ་རིག་རྒྱུད་བཞིར་གཉིད་ཅེས་པའི་ཐ་སྙད་འདིའི་བྱུང་གྲངས༡༩༣ཙམ་ལ་བསྐྱར་ཟློས་ཐོན་ཡོད་པ་འདིས་ཀྱང་གསོ་རིག་གི་ངོས་ནས་གཉིད་ནི་ཧ་ཅང་གལ་ཆེ་བའི་སྤྱོད་ལམ་ཞིག་ཡིན་པ་མཚོན་ནུས། རྒྱུད་ལས། མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག །མ་ལོག་ནང་པར་སྨྱུང་བྱ་ཕྱེད་གཉིད་ལོག །ར་རོ་སྟོབས་ཟད་མྱ་ངན་རྩོལ་བས་དུབ། །སྨྲ་མང་རྒས་དང་འཇིགས་པའི་མི་རྣམས་ལ། །སོ་ག་རྩུབ་ཅིང་མཚན་མོ་ཐུང་བས་ན། །ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར། །ཉིན་པར་གཉིད་ལོག་སྣུམ་ལྕིར་འགྱུར་བས་ཕན། །གཞན་དུ་ཉིན་གཉིད་བད་ཀན་སྐྱེད་ཅིང་སྐྲངས། །རྨོངས་བག་མགོ་ན་སྒྱིད་སྐྱུར་རིམས་འདེབས་འགྱུར། །གཉིད་འཕེལ་སྐྱུགས་དང་སྨྱུང་བྱ་བུད་མེད་བསྟེན། །གཉིད་ཡེར་འོ་མ་ཞོ་ཆང་ཤ་ཁུ་བཏུང༌། །མགོ་བོ་བསྐུ་ཞིང་རྣ་བ་སྣུམ་གྱིས་དགང༌། ། ཞེས་པའི་ཚིག་རྐང་བཅུ་གཉིས་པོ་འདི་ནི་གཉིད་ཀྱི་སྤྱོད་ལམ་ལས་སྤྱི་སྡོམ་རང་བཞིན་གྱི་ཤེས་བྱའི་གནད་ཅིག་ཡིན་པ་མ་ཟད། གཉིད་མ་ལོག་པའི་སྐྱོན། གཉིད་མ་ལོག་པ་གསབ་ཐབས། གཉིད་མི་ཡོང་བའི་རྒྱུ་རྐྱེན་དང་གཉིད་རན་པར་ལོག་པའི་ཉིན་དང་ཟླ་དུས། དུས་མ་ཡིན་པར་གཉིད་ལོག་པའི་སྐྱོན། གཉིད་འཕེལ་བ་བྲི་བར་བྱ་ཐབས། གཉིད་ཡེར་བ་དགུག་པའི་ཟས་སྐོམ་གྱི་གཉེན་པོ་སོགས་རེ་རེ་བཞིན་ཞིབ་ཏུ་བསྟན་ཡོད།
དང་པོ། ནད་ཀྱི་དབང་གིས་གཉིད་ཟད་པ།
བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་ཁག་ལས་འབྱུང་བ་ལྟར། གཉིད་མི་ཡོང་བ། གཉིད་མི་ཕེབས་པ། གཉིད་སྲབ་པ། གཉིད་ཡང་བ། གཉིད་ཡེར་བ། གཉིད་ཆུང་བ། གཉིད་ཉམས་པ་སོགས་ཀྱི་ཐ་སྙད་འདི་དག་སྤྱིའི་ཆ་ནས་བལྟས་ན་ནུབ་མོ་གཉིད་མི་ཡོང་ཞིང་གཉིད་ཟད་པའི་དོན་ལ་འཇུག་པ་དང་། གཉིད་མི་ཡོང་བའི་བྱེ་བྲག་གི་རྒྱུ་རྐྱེན་ལ་ལྟོས་ནས་ཐ་སྙད་དེ་དག་གི་སྤྱོད་སྒོ་མི་གཅིག་པ་དཔེར་ན། གཉིད་ཡེར་ལྟ་བུ་གཉིད་གཏན་ནས་མི་ཡོང་བ་དང་། གཉིད་ཆུང་ལྟ་བུ་གཉིད་གཏན་ནས་མི་ཡོང་བ་མ་ཡིན་པར་གཉིད་ཐུན་ཐུང་ངུ་ཡང་ཡང་ལོག་པ། གཉིད་སྲབ་པ་ནི་གཉིད་ཡང་མོ་ལོག་པ་སད་སླ་བ། གཉིད་མི་ཡོང་བ་ནི་གཉིད་ལོག་རྒྱུའི་འདོད་པ་མི་ཁུག་པ། གཉིད་ཉམས་པ་ནི་ཉིན་རེ་ནས་ཉིན་རེར་གཉིད་ཀྱི་དུས་ཚོད་ཐུང་ངུར་ཕྱིན་པ་སོགས་ཀྱི་འགྲེལ་ཚུལ་སྣ་ཚོགས་ཡོད།
ཡང་གཉིད་ཟད་པ་ལ་སྤྱིའི་དབང་གིས་ནམ་སྟོད་དུ་གཉིད་མ་ཁུགས་པ་དང་། ནམ་བར་ནས་སད་པ། ནམ་སྨད་ལ་གཉིད་སངས་སྔ་བ་གསུམ་དུ་བཀར་ཆོག ཡང་ནད་ཀྱི་དབང་གིས་དབྱེ་ན། ཁྲག་མཁྲིས་ཚ་བ་རྒྱས་ཏེ་གཉིད་མི་ཕེབས་པ། ཚ་བ་རྒྱས་དྲགས་ནས་གཉིད་ཡེར་བ། རླུང་དང་མཁྲིས་པ་འཕེལ་ནས་གཉིད་ཉམས་པ་དང་ཆུང་བ། ཚིལ་ཟད་ནས་གཉིད་ཆུང་བ། སྟོངས་ཚད་དང་རིམས་ནད་གཟེར་ཐུང་འབྲུམ་བུ་སོགས་ཀྱིས་གཉིད་ཆུང་ཞིང་དངངས་པ། རླུང་ལས་གྱུར་བའི་སྙིང་ནད་དང་སྙིང་ལ་ཆུ་སེར་བབས་པ། རྩ་དཀར་དང་གདོན་ནད་སོགས་ཀྱིས་གཉིད་ཆུང་བ། རླུང་གི་རྩ་ལ་མཚོན་ཕོག་པས་གཉིད་ཟད་པ་སོགས་ཀྱི་དབྱེ་ཚུལ་ཡོད།
གཉིས་པ། ནད་ཀྱི་དབང་གིས་གཉིད་འཕེལ་བ།
གསོ་རིག་རྒྱུད་བཞི་ལས། གཉིད་མི་ཐུབ་པ། ཉིན་གཉིད་ཤོར་བ། གཉིད་ལྕི་བ། གཉིད་མཐུག་པ། གཉིད་ཁུགས་པ། གཉིད་ལོག་པ། གཉིད་བསྲུང་བ་སོགས་ཀྱང་ཕལ་ཆེར་གོང་གི་གཉིད་ཟད་པའི་ཐ་སྙད་དེ་དག་གི་ལྡོག་ཕྱོགས་ཀྱི་དོན་ལ་གོ་བ་ལེན་ཆོག་མོད། ཡང་གཉིད་འཕེལ་བའི་བྱེ་བྲག་གི་རྒྱུ་མི་གཅིག་པས་ཐ་སྙད་དེ་དག་གི་སྤྱོད་སྒོ་མི་གཅིག་པ་དཔེར་ན། གཉིད་མི་ཐུབ་པ་ནི་ཉིན་པར་གཉིད་ཁུགས་ཆེ་བ། ཉིན་གཉིད་ཤོར་བ་ནི་ཉིན་གཉིད་ཁུགས་ཆེ་བ་དང་གཉིད་ལ་རོལ་བ། གཉིད་ལྕི་ནི་གཉིད་ཐུན་རིང་བ། གཉིད་མཐུག་ནི་རྐྱེན་ཕྲ་མོས་མི་སད་པ། གཉིད་བསྲུང་ནི་ཉིན་པར་གཉིད་ལོག་པ་ལ་འཛེམས་པ་སོགས་གོ་བ་ཐ་དད་པ་ཡོད།
ཡང་གཉིད་འཕེལ་བ་ལ་ནད་ཀྱི་དབང་གིས་དབྱེ་ན། བད་ཀན་དང་། ཁྲག་ལ་རླུང་ཞུགས་པ། མཁྲིས་པ་མ་ཞུ་བ་དང་བད་ཀན་གྱི་གནས་སུ་ཞུགས་པ། བད་ཀན་ཤ་ལ་རྒྱས་པ། མཚེར་བ་ལ་བབས་པ། མགོ་ལ་ཞུགས་པ། བད་ཀན་སྨུག་པོ། སྟོངས་ཚད། བད་རིམས། རིམས་ནད་ཚིལ་ལ་བབས་པ། སྙིང་འཐིབས། མཆིན་དྲི་དཀར་པོའི་ནད། གཅིན་སྙི། རྒྱ་ནད་ཚད་འཁྲུ། གདོན་ནད། སྨྱོ་བྱེད། རྩ་ཚད་སོགས་ཀྱིས་གཉིད་འཕེལ་བའི་དབྱེ་ཚུལ་ཡོད།
ཡང་རླུང་གི་ནད་འཕེལ་བས་གཉིད་ཉམས་པ་དང་། མཁྲིས་པའི་ནད་འཕེལ་བས་གཉིད་ཆུང་བ། བད་ཀན་གྱི་ནད་འཕེལ་བས་གཉིད་ཆེ་བ་སྟེ་ནད་གཞིའི་ངོ་བོ་འཕེལ་བ་ཡིན་པ་འདྲ་ཡང་ཉེས་པ་སོ་སོའི་རང་བཞིན་མི་གཅིག་པས་གཉིད་ཀྱི་འཕེལ་ཟད་སྣ་ཚོགས་འབྱུང་ལ། དེ་བཞིན་ནད་གཞིའི་ངོ་བོ་འཁྲུགས་པ་ལ་སྦྱར་ནའང་རླུང་འཁྲུགས་ན་གཉིད་མེད་པ། མཁྲིས་པ་འཁྲུགས་ན་ནུབ་མོ་གཉིད་ཆུང་བ་དང་ཉིན་པར་གཉིད་ཀྱིས་མི་ཐུབ་པ། བད་ཀན་འཁྲུགས་ན་གཉིད་ཆེ་བ་ལྟ་བུ་ཡིན། ཡང་སྟོངས་ཚད་ལས་ཁྲག་སྟོངས་ཡིན་ན་གཉིད་ཆེ་བ་དང་མཁྲིས་སྟོངས་ལ་གཉིད་མེད་པ། བད་སྟོངས་ལ་གཉིད་དུས་ཟ་ཟི་མང་བ། ཆུ་སེར་སྟོངས་པ་ལ་གཉིད་མེད་པ། གློ་སྙིང་སྟོངས་པ་ལ་གཉིད་ཆུང་བ་སོགས་སྤྱིའི་དབང་གིས་ནད་གཞི་གཅིག་ཡིན་པ་ལ་གནས་དང་ཉེས་པའི་དབང་གིས་གཉིད་ཆེ་ཆུང་གི་ཁྱད་པར་གྱི་རྟགས་མི་གཅིག་པ་སྣ་ཚོགས་འབྱུང་བའང་ཡོད།
གསུམ་པ། རང་བཞིན་དང་ན་ཚོད་ཀྱི་དབང་གིས་གཉིད་ལ་འཕེལ་ཟད་འབྱུང་བ།
མིའི་འབྱུང་ཁམས་ཀྱི་རང་བཞིན་ངོས་ནས་བལྟས་ན་རླུང་གི་རང་བཞིན་ཅན་གྱི་མི་ལ་གཉིད་སྲབ་པ་དང་། བད་ཀན་གྱི་རང་བཞིན་ཅན་གྱི་མི་ལ་གཉིད་མཐུག་པ་ཡིན། ན་ཚོད་ཀྱི་དབང་གིས་བྱིས་པ་ལ་གཉིད་ཆེ་བ་དང་། དར་མ་ལ་གཉིད་མཐུག་པ། རྒན་པ་ལ་གཉིད་ཡང་བ་བཅས་ཀྱི་ཁྱད་ཆོས་ཡོད།
དེང་རབས་གསོ་རིག་སྨྲ་བས་ཞིབ་འཇུག་བྱས་པ་ལྟར་ན་ལོ་ན༦༠ཡན་གྱི་རྒན་པ་རྣམས་ལ་ནུབ་རེར་ནམ་གུང་གི་དུས་ཚོད༡༢མ་བརྒལ་བར་དུས་ཚོད༥.༥~༧བར་གཉིད་ཚོད་རན་པར་ལོག་ན་རབ་ཡིན། 阿尔茨海默氏症ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན་ནུབ་རེར་དུས་ཚོད༧ཚུན་དུ་གཉིད་ཚིམ་པར་ལོག་པ་ཡིན་ན་ཀླད་པའི་རྒས་ཞད་ལོ་གཉིས་ཀྱིས་ཐུང་ངུར་འགྲོ་བ་ཡིན། ཡང་གཉིད་ལོག་པའི་དུས་ཚོད༧བརྒལ་བའམ་མ་འདང་ན་དྲན་པ་འཐོར་བ་དང་བརྗེད་ངས་ཆེ་བ། རྒས་ཞད་མྱུར་བ། ཚེ་ཐུང་བ་བཅས་ཀྱི་ཉེན་ཁ་ཡོད།
རྒན་པ་ཚོར་དུས་རྒྱུན་རྨི་ལམ་ཟ་ཟི་མང་བ་དང་གཉིད་མི་ཁུགས་པའི་རྟགས་འབྱུང་བ་མང་། རྨི་ལམ་ནི་ལོ་ཚོད་དང་བསྟུན་ནས་ཀླད་ནུས་ཉམས་པའི་མཚོན་བྱེད་ཅིག་ཡིན་ལ། གཉིད་ཡེར་བ་ནི་བོད་སྨན་གྱིས་གཞུང་ལྟར་ན་རླུང་གི་ཁམས་འཕེལ་བས་རྐྱེན་ཡིན། དེང་རབས་གསོ་རིག་གིས黑素分泌ཉུང་ངུར་སོང་བའི་རྐྱེན་དུ་ངོས་འཛིན་བྱེད་བཞིན་ཡོད། ནུབ་མོ་གཉིད་མ་ཁུགས་པ་ཡིན་ན་ཉིན་པར་གཉིད་ཅུང་ཙམ་ལོག་ནས་གསབ་ན་ལེགས་མོད། འོན་ཀྱང་གཉིད་ཡུན་དུས་ཚོད༡བརྒལ་ན་རླུང་ཁྲག་གི་རྒྱུ་བ་ཇེ་ཞན་དུ་འགྲོ་རྐྱེན་སྒྱིད་ལུག་པ་དང་ལུས་ཉོབ་པ། སྙིང་འཐིབ་པ། ཐང་ཆད་པ་སོགས་ཀྱི་རྟགས་འབྱུང་ངེས་ཡིན།
ལོ་ན༣༠~༦༠བར་གྱི་དར་མ་རྣམས་ལ་ནུབ་རེའི་དུས་ཚོད་བཅུ་བ་མ་བརྒལ་བར་སྐྱེས་པ་ཚོ་དུས་ཚོད༦.༤༩དང་། སྐྱེས་མ༧.༥ སྟེ་དུས་ཚོད༧ཡས་མས་ལ་གཉིད་ཚོད་རན་པར་ལོག་ན་རབ་ཡིན། ཧྥིན་ལན་ཌིའི་རྒྱལ་གཞུང་གིས་དར་མ་ཁྲི༢.༡ལ་ལོ་ངོ་ཉེར་གཉིས་རིང་རྗེས་འདེད་ཞིབ་འཇུག་བྱས་པའི་འབྲས་བུར་སྐྱེས་པ་ཚོ་དུས་ཚོད༧~༨བར་གཉིད་ཚིམ་པར་ལོག་པ་དང་། གཉིད་ཚད་དུས་ཚོད༧མ་འདང་བ་གཉིས་ཕན་ཚུན་བསྡུར་ན་གཉིད་ཀྱིས་མ་འདང་བའི་ཤི་ཚད ༢༦% ཡིན་པ་དང་། སྐྱེས་མ་ཚོའི་བསྡུར་ཚད ༢༡% ཡིན། ཡང་གཉིད་ཚད་དུས་ཚོད༨བརྒལ་བ་དང༧~༨བར་གཉིད་ཚིམ་པར་ལོག་པ་གཉིས་ཕན་ཚུན་བསྡུར་ན་གཉིད་ཚོད་བརྒལ་བའི་སྐྱེས་པ་ཚོའི་ཤི་ཚད ༢༤% དང་། སྐྱེས་མ་ཚོའི་བསྡུར་ཚད ༡༧% ཡིན།
དར་མའི་སྐབས་སུ་གཉིད་ཡེར་བ་འདི་ཕལ་ཆེ་བ་ཀླད་པའི་ནུས་ཤུགས་ཉམས་པ་དང་ཡང་ན་བྱ་བའི་གནོན་ཤུགས་ཀྱིས་ལྟོགས་ཆེ་བ་དང་འགྲངས་ཆེ་བ་སོགས་ཀྱི་གོམས་གཤིས་ལ་རག་ལས་པས། ཕྱི་ཉིན་གཉིད་གསབ་པའམ། གནོན་ཤུགས་སེལ་བ་དང་ཉལ་སའི་ཁོར་ཡུག་ལྷིང་འཇགས་ཡིན་པ་སོགས་གཉིད་དགུག་པའི་ཐབས་སྣ་ཚོགས་དང་གྲོགས་སྒྲིགས་པར་བྱ།
ལོ་ན༡༣~༢༩བར་གྱི་ན་གཞོན་རྣམས་ལ་ནུབ་རེར་དུས་ཚོད་བཅུ་མ་བརྒལ་བར་དུས་ལྟར་ཉལ་བ་དང་ཡར་ལངས་རྒྱུའི་གོམས་གཤིས་ཆགས་སུ་འཇུག་དགོས། སྒོས་སུ་སློབ་མ་ཡིན་ན་ལྷག་པར་དུ་གཉིད་ཀྱི་དུས་ཡུན་མ་ལོངས་ན་ཀླད་པའི་འཚར་སྐྱེད་དང་འཚོ་བཅུད་ལ་གནོད་པ་མ་ཟད། ཡིད་འཛིན་མེད་པ་དང་དྲན་པ་འཐོམས་ཤིང་ལྕི་བ་སོགས་ཀྱི་ནད་འབྱུང་སྲིད་ལ། ཡང་གཟའ་ཉི་མ་ལྟ་བུར་གཉིད་དྲགས་ན་ནམ་རྒྱུན་སྔ་ལངས་ཀྱི་སྲོལ་འཆོལ་ཞིང་སྒྱིད་སྐྱུར་བ། དྲན་པ་ལྡིབ་པ། ནངས་ཟས་ཀྱི་དུས་ཡོལ་བ་སོགས་ནམ་རྒྱུན་གྱི་བྱ་བྱེད་གོ་རིམ་འཁྲུགས་པར་འགྱུར་བས་དུས་ལྟར་ཉལ་བ་དང་དུས་ལྟར་ལངས་རྒྱུའི་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས།
ན་ཚོད་གཞོན་དུས་མི་མང་པོ་ཞིག་ལ་མཚན་གཉིད་ཆག་པའི་གོམས་གཤིས་ཡོད་པས་དེས་ཕྱི་ཉིན་གྱི་ལུས་སེམས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད། མིག་མི་གསལ་བ། བྱ་བ་བྱེད་སྙིང་མི་འདོད་པ། པགས་མདོག་ཞན་པ། ནད་འགོག་གི་ནུས་པ་ཉམས་པ། ཆམ་པ་འབྱུང་སླ་ཞིང་ཕོ་བ་དང་རྒྱུ་མའི་ནད་འབྱུང་བ། དུག་ཁྱུད་པ།过敏 ཚིག་པ་ཟ་ཞིང་སྙིང་ཁམས་མི་བདེ་སོགས་ཀྱི་ནད་རྟགས་འབྱུང་བས་ན་གཞོན་ཚོས་འགྲོ་འདུག་གཉིད་འཆག་གི་སྤྱོད་ལམ་ལ་གོམས་གཤིས་ཡག་པོ་གཟུགས་རྒྱུ་ལས་ནམ་གུང་ཟས་མི་ཟ་བ། ཉི་མ་གུང་གཉིད་ཅུང་ཟད་གསབ་པ་སོགས་ཧ་ཅང་གཟབ།
ལོ་ན༤~༡༢བར་གྱི་ན་ཆུང་བྱིས་པ་རྣམས་ལ་ནུབ་རེར་དུས་ཚོད་བཅུ་གཉིས་ལ་གཉིད་ལོག་དགོས་ཤིང་། ནུབ་ཚ་འཐུང་རྗེས་མཚན་གྱི་དུས་ཚོད་བརྒྱད་མ་བརྒལ་བར་ཉལ་རྒྱུའི་གོམས་གཤིས་ཆགས་སུ་འཇུག་དགོས། ཉིན་གུང་གཉིད་ཅུང་ཟད་གསབ་པ་དང་ལོ་དྲུག་བདུན་ལ་སླེབས་དུས་ནུབ་མོ་དུས་ཚོད་༡༠~༨བར་གཉིད་པས་ཆོག བྱིས་པ་ཚོའང་གཉིད་ཀྱིས་མ་ལོངས་ཚེ་ལུས་སེམས་ལྕི་ཞིང་ནད་འགོག་གི་ནུས་པ་ཉམས་པ། ལུས་ཕུང་འཚར་སྐྱེད་ལ་གནོད་པ་ཡིན། ཡང་གཉིད་དྲགས་ན་ཚོ་ཆེས་བའི་ནད་སོགས་འབྱུང་སླ།
བྱིས་པ་ཚོར་གཉིད་ཡེར་བའི་བར་ཆད་མེད་ན་ཡང་། ཁོར་ཡུག་གི་རོལ་དབྱངས་དང་ཕ་མས་སྐད་སྒྲ གློག་འོད་སོགས་ཀྱིས་བྱིས་པའི་གཉིད་ལ་བར་ཆད་བཟོ་སྲིད། ནུབ་བཞིན་ཉལ་ཁར་སོ་འཁྲུད་པ་དང་ཁ་ལག་བཀྲུ་བ། གནའ་སྒྲུང་ལ་ཉན་པ་སོགས་ཉལ་ཁའི་སྤྱོད་ལམ་ཙག་ཙིག་འདི་དག་གིས་བྱིས་པ་ལ་གཉིད་རན་པའི་བརྡ་སྤྲད་དེ་སྔ་མོར་གཉིད་ཀྱི་སྟ་གོན་ཤོམས།
སྐབས་འདིར་རང་བཞིན་དང་ན་ཚོད་ཀྱི་དབང་གིས་གཉིད་ལ་འཕེལ་ཟད་འབྱུང་བ་ནི་ལུས་ཀྱི་ནང་གི་གྲུབ་རྒྱུའི་ཁམས་ཀྱི་རང་བཞིན་འགྱུར་ལྡོག་ལ་རག་ལས་པ་ཡིན་པས་རྒྱུན་ལྡན་དུ་བརྩིས་ཆོག རྒྱུད་བཞི་ལས། སོ་ག་རྩུབ་ཅིང་མཚན་མོ་ཐུང་བས་ན།། ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར།། ཉིན་པར་གཉིད་ལོག་སྣུམ་ལྕིར་འགྱུར་བས་ཕན།།ཞེས་དུས་ཚིགས་དྲུག་གམ་བཞིས་དབང་དུ་བྱས་ནའང་དཔྱིད་ཀ་རླུང་ཁམས་ཀྱི་སྟོབས་འཕེལ་བས་མཚན་མོ་གཉིད་ཟ་ཟིས་ནམ་སྐྱེལ་བས་ཉིན་པར་གཉིད་ཅུང་གསབ་ན་ལེགས་པ་དང་། དགུན་སྟོད་ཀྱི་དུས་ལ་མཚན་མོ་རིང་བས་ན་ནམ་གུང་བཀྲེས་ནས་གཉིད་ལས་སད་པ་དང་། སྟོན་ཀ་གཉིད་མཐུག་པ། དགུན་ཁར་གཉིད་ཐུང་བ། དུས་མཚམས་སོ་སོར་གཉིད་མི་སྙོམས་པ། ནམ་ཟླ་ཐང་རིབ་ཀྱིས་གཉིད་ཡང་ལྕི་འབྱུང་བ་སོགས་ཕྱིའི་འབྱུང་ཁམས་ཀྱི་དབང་གིས་ཀྱང་གཉིད་ཕེབས་དང་མི་ཕེབས་ལ་དབང་བསྒྱུར་བཞིན་ཡོད།
བཞི་བ། གཉིད་བཀག་པས་ནད་སློང་བ།
གཉིད་བཀག་པ་དང་གཉིད་སྤང་བ། གཉིད་བཅག་པ། གཉིད་ཆག་པ་སོགས་གང་ཡང་མཚན་མོ་གཉིད་མ་ལོག་པའི་དོན་ཏེ། རྒྱུད་བཞིའི་གནས་སྐབས་ཀྱི་སྤྱོད་ལམ་ལས། གཉིད་བཀག་གཡལ་མང་ལུས་སྙོམ་མགོ་བོ་ལྕི། །མིག་འགྲིབ་ཁ་ཟས་མི་འཇུ། ཞེས་དང་། ཡང་རླུང་ནད་གསོ་བའི་སྐབས་སུ། དེ་རྐྱེན་ཁ་དང་ཡང་རྩུབ་བསྟེན་དྲགས་དང་།།ཆགས་པས་དུབ་དང་ལྟོ་དང་གཉིད་ཆག་དང་།།ཞེས་གཉིད་བཀག་པ་ལས་ནི་གཡལ་མང་བ་དང་ལུས་སྙོམས་པ་སྟེ་སྒྱིད་ལུག་པ་དང་མགོ་བོ་ལྕི་བ་དང་མིག་འགྲིབ་ཅིང་ཁ་ཟས་མི་འཇུ་བ་དག་འབྱུང་ཞེས་དང་། གཉིད་ཆག་སེམས་ལས་གནོད་པས་རླུང་དུ་ཤེས།། ཞེས་གཉིད་ཆག་པ་ནི་རླུང་ནད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན་པ་མ་ཟད། རླུང་ནད་ལྡང་བའི་ཚེ་ནའང་གཉིད་མི་ཡོང་བའི་ནད་རྟགས་ཡང་ཡང་ཐོན། སྤྱོད་ལམ་མྱ་ངན་སེམས་ལས་གཉིད་ཆག་དང་།། ཉལ་པོ་དཀའ་ཐུབ་ཤེད་མེད་ལྟོ་སྟོང་དུས།།ལུས་ངག་དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས།། ཞེས་དང་ཡང་རྒྱུད་བཞིའི་ལུས་སྟོད་གསོ་བའི་སྐབས་སུ། རྒྱུ་རྐྱེན་དུད་པ་ཉིན་ཚན་གཉིད་ཆག་དང་།།ཆང་མངས་མང་སྨྲས་དུ་བ་དྲགས་པ་དང་། །རླུང་འཚུབ་མ་གོམས་དྲིས་ཕོག་རྒྱུ་ལས་འབྱུང་།།ཞེས་གཉིད་ཆག་པས་རླུང་ཁྲག་འཁྲུགས་པ་དང་ཁྲག་ཤེད་མཐོ་རུ་འགྱུར་བ་དང་། མགོ་ཕྱེད་ན་བ། མགོ་ཡུ་འཁོར་བ། སྐྲ་བུད་པ། རྣ་འུར་བ། སློན་བྲོ་བ་སོགས་ཀྱི་ནད་དང་ནད་རྟགས་འབྱུང་བ་མ་ཟད། ཚབས་ཆེ་ན་སྙིང་འཐིབ་སོགས་འབྱུང་བ་ལ་རྒྱུད་ལས། ཐོག་མར་དོན་གྱི་རྒྱལ་པོ་སྙིང་གསོ་བ།། རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།རྒྱུ་ནི་མྱ་ངན་སེམས་འཁྲུགས་ཡིད་མི་བདེ།།ལྟོ་ཆག་གཉིད་ཆག་ཞེ་སྡང་དྲག་པོས་སྐྱེད།།ཅེས་འབྱུང་ལ། ལུས་ལ་སྔར་ནས་ནད་གཞན་ཡོད་ན་གཉིད་ཆག་པས་ནད་གཞི་ཇེ་ཐུ་རུ་འགྲོ་བ་དང་། ཡང་ལུས་ལ་རྨ་སོགས་ཡོད་ན་གཉིད་ཆག་པས་རྨ་རེད་པར་འགྱུར་བ་ཡིན། རྨ་སྤྱི་གསོ་བའི་སྐབས་སུ།།གཉིད་རེད་དབང་པོ་མི་གསལ་ཟས་མི་འདོད།། ཞེས་རྨ་སོས་དཀའ་བ་དང་། ཡང་རྩ་མདོ་ལས། འགྲངས་ཆེས་ལྟོགས་ཆེས་ཉལ་པོ་གཉིད་ཆག་དང་།།སྨྲ་བརྗོད་སེམས་ལས་འགྲོ་འདུག་སྤངས་ཏེ་བརྟག། ཅེས་དང་ཆུ་མདོ་ལས། སྐོམ་པར་མི་སྡོད་ཉལ་པོ་གཉིད་ཆག་དང་། །འགྲོ་འདུག་སེམས་ལས་ཆུ་འཁྲུགས་སྤང་བར་བྱ། ། ཞེས་ནད་ཅན་ཡིན་མིན་གང་ཡང་རྩ་ཆུ་ལ་བརྟག་དཔྱད་གཏོང་དུས་ཀྱང་སྔ་ཉིན་ནས་གཉིད་མ་ཆག་པར་བརྟག་ན་ནད་པའི་དོན་སྣོད་སོགས་ཀྱི་ནད་གཞི་གསལ་བོར་རྟོགས་ཐུབ་པ་ཡིན།
ལྔ་བ། གཉིད་དྲགས་པས་ནད་སློང་བ།
གཉིད་དྲགས་པ་ཞེས་པ་ནི་ཉིན་རེར་དུས་ཚོད་བརྒྱད་ཡན་དུ་གཉིད་ལོག་པའི་རིགས་ལ་ཟེར། རྒྱུད་ལས། ཚད་གུང་གཉིད་ལོག་ན་མཁྲིས་ཚད་སློང་བ་དང་སྒོས་སུ་བད་ཀན་གྱི་ནད་རིགས་སྣ་ཚོགས་ཉིན་གཉིད་ལོག་པ་དང་འགྲངས་རྗེས་གཉིད་ལོག་པ་ལས་སློང་བ་གོང་དུ་བཤད་པ་ལྟར་ཡིན་ལ། གཉིད་དྲགས་པས་ན་མགོ་བོ་ལྕི་ཞིང་འཐོམ་པ། སྒྱིད་ལུག་པ། དྲན་པ་མི་གསལ་བ། བརྗེད་ངས་ཆེ་བ། བྱ་བ་ལ་འཇུག་སྙིང་མི་འདོད་པ་སོགས་ཀྱི་རྟགས་འབྱུང་བ་མ་ཟད། བཤང་ལྕི་དུས་སུ་མི་འབྱུང་བ། སྙིང་གི་འཕར་ཚད་ཞན་པ། མ་ཞུ་བའི་ནད་དང་དབུགས་མི་བདེ་བ། སྙིང་མི་བདེ་བ། སྣ་སྦྲིད་པ། ཡན་ལག་གི་ཤ་ལྷོད་པ། ལུས་ཀྱི་ཤ་དང་ཚིལ་རྒྱས་པ། གཅིན་སྙིའི་ནད་འབྱུང་བའི་ཉེན་ཆེ་བ། ཚེ་ཐུང་བ་སོགས་ཀྱི་ནད་འབྱུང་ཞིང་ཡང་ན་འབྱུང་སླ་བ་ཡིན།
ལྷག་པར་དུ་རྩ་དཀར་གྱི་བྱེད་ནུས་ཉམས་ཏེ་དུས་ལྟར་གཉིད་ལོག་རྒྱུའི་དྲན་པ་གསོ་བའི་དབང་བོ་ཉམས་པ། གཉིད་དྲགས་ནས་དུས་ཡུན་རིང་བོ་ལོན་ཚེ་ཐང་ཆད་པ། བྱ་བ་དང་རྩོལ་བ་ལ་སྒྱིད་ལུག་པ། ཕོ་བ་དང་རྒྱུ་མའི་འགུལ་ཤུགས་ཉམས་ཏེ་ཕོ་བའི་ནང་ངོས་སུ་ཟས་ཀྱི་མྱག་ཞུ་དུས་དུ་མ་བྱས་པས་རྨ་རེད་པ་སོགས་ཀྱི་མཇུག་འབྲས་སྣ་ཚོགས་བཟོ་སྲིད།
དྲུག་པ། ཉིན་གཉིད་ཀྱི་སྤང་བླང་།
རྒྱུད་ཀྱི་སྨུག་པོའི་བཅོས་ཐབས་ལས། འཇུ་དཀའ་ལྕི་བསིལ་ཉིན་གཉིད་གྲང་བ་སྤང་། །རླན་མེད་དྲོ་སར་རྔུལ་མ་ཐོན་ཙམ་བཅག །[P139]ཅེས་དང་། རྒྱུད་ཀྱི་མ་སྨིན་ཚ་བའི་སྐབས་སུ། དྲག་ཤུལ་མེ་ཉིས་གདུངས་དང་ཉིན་གཉིད་ལོག །ཤ་ཆང་དྲོད་བཅུད་མཁྲིས་ཚད་སྐྱེད་ཕྱིར་སྤང་། །[P207]ཞེས་དུས་དང་ན་ཚོད་ལ་མ་ལྟོས་པར་ནད་གཞི་རྐྱང་བའི་དབང་གིས་བྱས་ནའང་ཉིན་གཉིད་ལོག་པ་ནི་ནད་གཞི་སློང་བའི་རྐྱེན་དུ་འགྱུར་བ་མ་ཟད། བཅོས་ཐབས་ཀྱི་འཛེམས་བྱ་ཞིག་ཀྱང་ཡིན་པ་རེད། དེ་ལ་བད་ཀན་སྨུག་པོ་དང་སྦྱར་དུག སྐྱ་རྦབ། རྒྱས་ཚད། སྟོངས་ཚད། རྙིངས་ཚད། གག་ལྷོག ཆམ་པ། གྲུམ་བུ། མོ་ནད་བཅས་ཀྱི་སྐབས་སུ་ཉིན་པར་གཉིད་ལོག་པ་སྤང་དགོས་པར་གསུངས་ལ། ཡང་རྒྱུད་ཀྱི་སྣུམ་འཆོས་དང་། རྩ་མདོ་ཆུ་མདོ་ལྟ་བུའི་སྐབས་སུ་སྔ་ཉིན་ནས་ཉིན་གཉིད་སྤང་དགོས་པ་དང་། མངལ་སྦྲུམ་པའི་བུད་མེད་ལྟ་བུར་མཚོན་ན་ཟླ་བ་བརྒྱད་བར་དུ་ཉིན་གཉིད་སྤང་དགོས།
མཚན་མོ་གཉིད་མི་ཡོང་བའི་རྐྱེན་ཕྲན་བུ་སྣ་ཚོགས་སྤང་བ། ཉལ་ཁར་ཕྱི་ཉིན་གྱི་བྱ་བ་ལ་བསམ་བློ་མང་པོ་མི་གཏོང་བ། ཁཱོ་ཧྥེ་དང་ཇ་ནུར་བོ་སོགས་དབང་རྩ་དང་སྙིང་ལ་ཤུགས་འབྱིན་པའི་རིགས་ཀྱི་སྐོམ་ཆུ་ཕྱི་དྲོའི་དུས་ཚོད་བཞི་ནས་འཐུང་བ་སྤང་བ། རྩོལ་བ་དང་སྨྲ་བརྗོད་ཐལ་དྲགས་པ། རོལ་དབྱངས་དང་གློག་བརྙན། འཁོན་འཛིང་། དགོད་དྲགས་པ། ལྟོ་སྟོང་ལ་ཉལ་བོ་སྤྱོད་པ། དྲག་ཤུལ་གྱི་ལས་སོགས་སྙིང་ཁམས་སྙོམས་པར་མི་གནས་པའི་བྱ་བ་སྤྱོད་ལམ་གྱི་རིགས་དང་རོ་ཁ་ཚ་ནུས་བ་རྣོ་བའི་ཟས་ཀྱི་རིགས་སྤང་བ། མལ་ས་བདེ་ཞིང་སྙོམས་པ་མ་ཡིན་པ། སྔས་མཐོ་དམའ་དྲགས་པ། མལ་གོས་རྩུབ་མོ་དང་སྲབ་མཐུག་ཐལ་དྲགས་པ་མ་ཡིན་པར་གཉིད་བདེ་བར་ལོག་པ་ཧ་ཅང་གལ་ཆེ།
བརྒྱད་པ། གཉིད་དགུག་པའི་ཐབས།
སྡེ་དགེ་བླ་སྨན་པས། རླུང་གི་གཉིད་མེད་གྱུར་པ་ན།། ཟི་ར་དཀར་ནག་གོ་སྙོད་དང་།། པི་ལིང་སུག་སྨེལ་འོ་མས་ཕུལ།། [P354]ཞེས་དང་། ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པ་ལས། རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་ན།། དེ་ནི་རྒས་ངལ་རླུང་འཇོམས་ཡིན།། མིག་གསལ་ལུས་རྒྱས་ཚེ་འཕེལ་ཞིང་།། གཉིད་འོང་པགས་འཇམ་རྟས་བྱེད་ཡིན།། [P126] ཞེས་པ་ལ་འགྲེལ་ཆེན་དུ་དུས་རྟག་ཏུ་ལུས་ལ་སྣུམ་བསྐུ་ཞིང་བྱུག་པ་དང་མཉེ་བའི་ཆོ་ག་ལེགས་པར་སྤྱོད་པར་བྱེད་པ་དེས་ནི། རྒས་ཀ་སྲ་ཞིང་ཚེ་འཕེལ་བ། གཉིད་ཁུག་ཅིང་དབང་བོ་གསལ་བ། སྟོབས་རྒྱས་ཤིང་པགས་པ་འཇམ་པ། ལུས་ངལ་བའི་ནད་དང་། རླུང་གི་ནད་ཀྱང་འཇོམས་པར་བྱེད་པ་བཅས་ཡིན་ཞིང་། རྒྱུ་མཚན་དེས་ན། མགོ་བོ་དང་རྐང་ལག་གི་མཐིལ་བཞི་ལ་རྩེའི་སྣེ་མོ་ཡོད་པས་བསྐུ་ཞིང་བྱུག་པ་དང་། རྣ་བ་ཡང་རླུང་གི་གནས་ཡིན་པས་འབྲུ་མར་གྱིས་དགང་བ་སོགས་སྣུམ་གྱི་ཆོ་ག་ཡང་ཡང་བྱའོ།། ཞེས་ནུབ་ཟས་ཉུང་ཙམ་བསྟེན་པ་ནས་ཏིལ་མར་སོགས་འབྲུ་སྣུམ་གྱིས་ལུས་ལ་སྲབ་ཅིང་ཡང་མོ་བྱུག་པ་དང་། ཙན་དན་དང་ཨ་གར་ལས་བྱས་པའི་དབྱུག་ཤིང་ངོས་འབུར་འཇམ་རན་པོས་ལྟོ་བ་དང་ཡན་ལག་རྒྱབ་སྟོད་སྨད་སོགས་ལ་བྱུག་པ་དང་རྩོལ་བ་འོས་འཚམ་སྤྱོད་པ་ནི་གཉིད་ལེགས་པར་ལོག་པའི་མན་ངག་གི་གནད་ཡིན། ཡང་ཡན་ལག་བརྒྱད་པ་ལས། ཡང་ཞིང་ལུས་ནི་ནུས་པ་དང་།། མེ་ཡི་དྲོད་སྐྱེད་ཚིལ་འབྲི་ལ།།ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཉིད།།རྩོལ་བ་ལས་ནི་འབྱུང་བར་འགྱུར།།[P126]ཞེས་གོང་དུ་བཤད་པ་ལྟར་ཟས་ཚོད་རན་པར་ཟ་བ་དང་རྩོལ་བ་འོས་འཚམ་བཅག་པ། གཉིད་ཚིམ་པར་ལོག་པ་གསུམ་ནི་བདེ་ཐང་གི་རྩ་བའི་འགན་སྲུང་ལྟ་བུར་བསྟན་ཡོད།
གཉིད་དགུག་པའི་གྲོགས་ཕྲན་བུ་སྣ་ཚོགས་བསྟེན་པ། ནང་དོན་ཡག་ལ་འབྲས་བུ་ཕུན་སུམ་ཚོགས་པའི་གནའ་སྒྲུང་ལ་ཉན་པ། དཔེ་ཆ་ཀློག་པ། དེའི་ཕྱོགས་སུ་བསམ་བློ་འཁོར་བ། སེམས་སུ་གྲངས་འདྲེན་པ་དང་ཡང་ན་རོལ་དབྱངས་དང་ཆོས་དབྱངས་སྙན་ཞིང་འཇེབས་པ་ལ་ཉན་པ། ཡན་ལག་བདེ་བར་བརྐྱང་ཞིང་སྙོམས་པོའི་རྣམ་པས་ཉལ་བ། ཉལ་ཁར་འོ་མ་དྲོ་འཇམ་འཐུང་བ། ཁྲུས་བྱེད་པ། རྐང་པ་ཆུ་དྲོན་གྱིས་སྦང་བ། སྣུམ་བྱུག་པ་སོགས་བྱས་ནས་གཉིད་དགུག་པར་བྱ།
ཟུར་བཀོད།
གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་མན་ངག་པོ་ཏི་དམར་པོ་ལས།
གཉིད་མི་ཡོང་བའི་ཐབས་ནི། ར་མོ་ཤགས[ཤག]ནི་བྲེ་ཕྱེད་ལ།།བརྡུས[བརྡུངས]་ལ་རྩོས[བཙོས]ལ་ཁུ་བ་ནི།།ནང་མ་གསུམ་དུ་འཐུངས་གྱུར་ན།།གཉིད་ནི་འབྱུང་བར་མི་འགྱུར་རོ།། ལུག་རུའི་མེ་ཏོག་སྐམ་པོའི་དུད་པ་སྣ་བུག་གཡས་ནས་བཏང་ན་གཉིད་མི་ཡོང་། གཡོན་ནས་དུད་པ་བཏང་ན་གཉིད་ཡོང་བར་འགྱུར་རོ།། ཡང་སྤང་རྒྱན་དང་རྟའི་རུས་པ་གཉིས། བའི་མར་གསར་པ་དང་སྦྱར་ནས་རིལ་བུ་ལུག་གི་རིལ་མ་ཆེ་བ་ཙམ་མེ་དུད་མེད་ལ་བསྲགས་པའི་དུད་པ་སྣ་བུག་གཡོན་ནས་བདུག་ན་གཉིད་ཆུང་བའོ།། ཆེ་བར་འདོད་ན། དུད་པ་དགོངས་ཕྱོགས[དགོངས་རེ་བཞིན་མ་ཆད་ན་ཕན་པ་མྱོང་བས་འགྲུབ་བོ།]བདུག་གོ། ཨྠཱིི། ཡང་སླེ་ཏྲེས་དང་། ལུག་མིག[ཞིབ་པར་བཏགས་ན་ཡང་ཡོང་།] རྡོ་ལ་བརྡར་ཏེ། ཆུ་གཙང་ལ་སྦྱར་ནས་དཔུང་པ་གཉིས་ལ་བཀུས་[བསྐུས]ན་གཉིད་ཆུང་བའོ།།
གཏི་མུག་བསྲུངས་པའི་ཐབས་ལ་གསུམ་སྟེ། རྫས་དང་སྔགས་དང་ཏིང་ངེ་འཛིན་གསུམ་ལས། རྫས་ནི་བུ་མོ་སྟག་ལོ་མའི་སེན་མོ། སྔགས་ནི། ཙི་ཙི་མུ་ཀམ་ཧེ་དུ་རམ་ཕུ་ཕུ་སད། ཏིང་འཛིན་ཡི་དམ་ལྷར་བསྒོམ་ལྦལ[སྦལ]བའི་ཁ་རུ་སྟག་ལོ་མའི་སེར[སེན]མོ་ཅུག[བཅུག]ལ་སྔགས་ཁྲི་ཚོ་གསུམ་གཏབ[བཏབ]། སྙིད་[གཉིད]མི་ལོག་པའི་དུས་སུ་ཁ་རང་ལ་བསྟན། ལོག་པའི་དུས་སུ་གཞན་ལ་སྟོན་པ་ལགས།
ལ་ཆ་ལོ་ལོན་ལ་སྦལ་བའི་གཟུགས་ཡན་ལག་ཚང་བ་གཅིག་བྱས་ལ། བུ་མོ་སྟག་ལོ་མ་སྐྱེས་པས་མ་གོས་པའི་སེན་མོ་བྲེག་ལ། སྦལ་བའི་ཡན་ལག་བཞི་མ་ནོར་བའི་བེར་དཀྱོན[སྐྱོན]། དེའི་ལྟོ་བར་སྔ་གྲོ[དྲོ]ཉི་མ་ལྷག་ཕེབ[ཕེབས]པ་ལ། ཨོཾ་པར་མ་གུ་ན་སྦྲིང་ཆ་སེར་མོ་མུ་ཀ་ལེ་མ་ལ་ཆོ་ཆོ། ཞེས་པ་ག་བུར་གྱིས་བྱུགས་ལ་བཞུགས་[གཞུག]སྔས་ཀྱི་ཁར་བཞག་ན་ཁ་ཕར་བསྟན་ནོ།།དེས་རྙིད[གཉིད]བྱ་ཡར་ནས་མི་ཡོང་ཡོང་བར་འདོད་ན་ཁ་ཚུར་སྟན་ཏེ། སྣ་སྒོའི་རྫས་ཕྱིས་པས་རྙིད་འོང་། རྟེན་འབྲེལ་གྱི་ཆེ་བ་ཡིན་ནོ།། ཟབ།
གཉིད་ཆེ་བ་ལ་སྤྱང་ཁུའི་སྙིང་རྩ་ཁྲག་དང་བཅས་པ་གངས་ཆུས་རྩོས[བཙོས]ཏེ། སྙིང་ཧྲིལ་ཟོས་ན་ནུབ་གཅིག་ཏུ་སྙིད་[གཉིད]མི་ཡོངས[ཡོང]། ཕྱེད་ཟོས་ན་ནམ་ཕྱེད། སུམ་ཆས་སུམ་ཆ་དེས་འདྲེས། ནང་མ་གཉིས་ལྟོ་བཅག་ལྟོ་སྟོང་ལ་ཟའོ།། གཉིད་ཆུང་བ་ལ་སྤྱང་སྙིང་ཆང་ལ་རྩོས་[བཙོས]ཏེ་ཟོས་ན་ཆེ་བར་འགྱུར་རོ།།གཉིད་མ་ཁུག་པ་ལ། ཚ་བ་གསུམ་འོ་མ་ཏིལ་མར་སྦྱར་ལ་བཏང་། བླ[གླ]རྩི་མར་དཀར་སྐུ[བསྐུ]མཉེ་བྱ།མྱུར་དུ་གཉིད་དུ་འགྲོ།
གཉིད་བསྲུང་ན་མེ་ཏོག་དཀར་པོ་སྤང་རྒྱན། ལུག་རུ་སེར་པོ་ལྔ། རྟའི་སྤྱི་བོའི་རུས་པ་ཙོག་པོ་མེ་ཏོག་དང་བུངས་སྙམས[མཉམ]པ། མརར་རྙིང་དེ་ཀ་ཙམ། དེ་རྣམས་ཞིབ་པར་བཏགས་པ། གཉིད་བསྲུངས་དུས་དུད་པ་སྣ་བུག་གཡོན་ནས་བཏང་གཡས་ལྐག[བཀག] གཉིད་ལོག་དུས་དུད་པ་གཡས་ནས་བཏང་གཡོན་བཀག་གོ། ཡང་གཉིད་ཆུང་དུ་བཏོང[བཏོང]ན། རྟ་གཟི་ཡིན་ན་ལེགས། མིན་ན་རྟ་གང་རུང་གི་སྤྱི་བོའི་རུས་པ་སྲེག་པ་དེ་ཞིབ་པར་བརྡུང་ནས། ཆུ་གཙང་ལ་བཏབ་ནས་འཐུངས་ན་གཉིད་ཆུང་བར་འགྱུར་རོ།། ཨྠཱིི།
ཡང་སྙིད[གཉིད]གདོན་སོགས་ཀྱི་བརྐྱེན་[རྐྱེན]གྱིས་མ་བྱུང་ན། ནད་པ་སོགས་རང་གི་ལྷམ་ཡའི་ནང་དུ། སྟག་བེའི་རྣམ་པ་ཁ་ལ་བཅིངས་ལ་སྔགས་བཏབ་པས་སྙིད[གཉིད]ཁུགས་སོ།། སྔགས་ནི། ར་ཛ་སེ་ཏི་སརྦ་ཏི་ག་ནན། གེགས་སེལ་ནང་ནས་མཆོག་བསྡུས་པ་ ཨྠཱིི།
མན་ངག་ལ་རྟའི་སྤྱི་གཙུག་གི་རུས་པ། མིའི་སྤྱི་བོའི་སྐྲ། མར་ནག་གི་འོལ་སྐོམ་གསུམ་བསྲེགས་པའི་དུ་བ་སྣ་བུག་ཏུ་བདུག ཁོང་དུ་ཆང་བཟང་པོ་ལ་བུ་རམ་སྤྲུལ[སྲུལ]་ལ་བཏང་། དེས་ཁུགས་པར་ཐེ་ཚོམ་མེད། ལུག་རུ་སེར་པོ་གཏོང་བ་ཡང་འདུག
ཡང་གཉིད་མི་ཡོང་བའི་ཐབས། ལྕོག་གའི་སྒོ་ང་ཏིག་ཏའི་ཆུ་ལ་བཙོས་ནས། རང་སོ་ཟོས་ན། མཚན་མོ་རེངས་པ་གཉིད་མི་ཡོངས[ཡོང]། དེ་བཞིན་ཕྱེད་ཟོས་ན་ཕྱེད། སུམ་ཆ་བཞི་ཆ་ལ་སོགས་པ་ཟས་ན་གཉིད་ཀྱང་དེ་བཞིན་དུ་མི་ཡོང་ངོ་། དགྲ་ཟོན་བྱེད་ན་དགོས་ཤིང་ཤིན་ཏུ་ཟབ། ཨྠཱིི།
གཉིད་མེད་ལི་སུག་ཛཱ་ཏི་ཟི་ར་དཀར། འོ་མ་གདུས་པ་སྐའ་སླ་ཞོ་ཙམ་ལ། བཏབ་ནས་ཟོས་པས་གཉིད་ཕེབས་འགྱུར་བར་བྱེད། བྱི་བའི་སླད[ཀླད]དང་ལྕང་གུའི[སྤྱང་ཀིའི]སྙིང་།། མར་དཀར་སྦྱར་ལ་མཐེབ་ཙམ་གསུམ།། ཐོ་རངས་བཏང་བས་ཏི[གཏི]མུག་གཉིད།། གཏན་དུ་གསང་བ་མེ་ལེན་ནོ།། ལྷ་གཤོས[བཤོས]སྐམ་པོ་བརྡུངས་ཁུ་དང་།། བའི་འོ་གྲོན[དྲོན]སྤེལ་མཐུངས[འཐུང]ནས།།གླ་རྩི་མར་དཀར་སྦྱར་བ་ཡིས།།ལུས་བྱུགས་གཉིད་མེད་མེ་ལེན་ནོ།། ཨྠཱིི། ཞེས་གཉིད་མི་ཡོང་བའི་ཐབས་དང་གཉིད་ཁུགས་པའི་ཐབས།[P914]ཞེས་བྱ་བའི་མན་ངག་ཁ་ཚང་འདིར་ཞུས་པའོ།།
སྐབས་སུ་མཇུག་བསྡུ་བར་བྱའོ།། ཁ་བྲོ་བཀྲ་ཤིས།
རྔོག་བུ་བདུད་མགོན་ཚེ་རིང་། 1982ལོ་ནས་བཟུང་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་།མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་སོགས་སུ་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་བྱེད་ཞོར་བོད་སྨན་གྱི་ལས་ཀ་གཉེར། སྔ་གཞུག་ཏུ་སྨན་བླའི་ཐུགས་ཀྱི་ས་བོན་དཔལ་ལྡན་རྩ་བའི་རྒྱུད་ཀྱི་འགྲེལ་བ།ལུས་བསྲུང་རྡོ་རྗེ་ཕ་ལམ།བདེ་ཐང་གསལ་སྟོན་སོགས་དཔེ་དེབ་གསུམ་བརྩམས། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་གི་འབྲིང་རིམ་སློབ་དེབ་ཉེར་བཞིའི་གཙོ་སྒྲིག་གི་འགན་ཁུར་བ་དང་།དཔྱད་རྩོམ་དང་རྩོམ་རིག་བརྒྱ་ཕྲག་ཙམ་དུས་དེབ་དང་ཚགས་པར།དྲ་ལམ་སོགས་སུ་བཀོད་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུ་ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ཀྱི་རྩོམ་སྒྲིག་གི་ལས་ཀ་གཉེར་བཞིན་ཡོད།