གསལ་ལེ་རྒྱལ།
ད་ནི་ང་རང་གཞི་ནས་སད་བྱུང་།
ང་རང་གཉིད་ལས་སད་དུས།
ང་རང་བྲོས་བྲོས་བྲོས་ནས་ཡོང་སྟེ་མགོ་སེར་མ་ཞིག་གི་རུམ་ན་ཉལ་ནས་བསྡད་འདུག
“ གསལ་ལེ་རྒྱལ “ཞེས་ངའི་མིང་ཡང་བརྗེས་འདུག
ད་དུང་ང་ལ་བུ་མོ་ལོ་ན་བཅོ་ལྔ་ཅན་ཞིག་ཀྱང་འདུག
སྟབས་ཡག་ནས་ངས་བོད་ཡིག་ད་དུང་བརྗེད་མི་འདུག
ང་རང་གཉིད་ལས་སད་རྗེས།
ང་རང་ལོ་རྒྱུས་ལ་མི་དགའ་ན་ཡང་ལོ་རྒྱུས་ཀྱི་ཤོག་ལྷེ་འགའ་བཀླགས
༧ གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་དགོངས་པ་ཞུས་སྟེ་ལོ་བཅུ་འཁོར་འདུག
ལོ་ངོ་བཅུ་བོ་དེ་ཀློག་མི་འདོད་པའི་ལོ་རྒྱུས་རྙོག་འཛིང་ཅན་ཞིག་རེད།
ལོ་རྒྱུས་ལ་མི་དགའ་བའི་དབང་གིས་ང་ལ་ཡང་བསྐྱར་གཉིད་བབས་སོང་།
ད་ཡང་གཉིད་གི་ཡིན།
ང་ལ་མི་ཚེའི་ཟས་རིན་འཁྱེར་ཤོག་མ་ཟེར།
འབྲས་དང་རྡ་ལི་ཟས་པ་བདེན་ཡང་།
དེ་ནི་༧ཡིད་བཞིན་ནོར་བུའི་གནང་སྦྱིན་ཡིན།
དེ་ནི་བུ་ལོན་མིན།
ང་ལ་མི་ཚེའི་འཐུང་རིན་འཁྱེར་ཤོག་མ་ཟེར།
ཝུ་ཆང་དམ་བུ་འགའ་འཐུང་བ་བདེན་ཡང་།
དེ་ནི་མགོ་སེར་མ་ཞིག་གི་བརྩེ་བ་ཡིན།
དེ་ནི་ཚོང་ལས་མིན།
ད་ཡང་གཉིད་གི་ཡིན།
ལོ་ངོ་ལྔའི་རྗེས་ནས་ང་རང་ཡང་བསྐྱར་སད་ངེས་ཡིན།
དེ་དུས་ངའི་ཞི་མོ་ལོ་ཉི་ཤུར་བུད་ཡོད།
དེ་ནས་ད་ང་གཉིད་གི་མིན།
དེ་ནས་ད་ངས་ངལ་གསོ་བྱེད་གི་ཡིན།
༡༣/༠༤/༢༠༢༡ ལ་ཕ་རེ་སི་ནས།