ཁ་བ་ནག་པོ།
བརྩེ་བའི་དྲ་གྲོགས་མ་ལགས། ཁྱོད་བདེ་མོ་ཡིན་ནམ། དེ་རིང་འདི་གར་ཉི་མ་ཤར་ཡོད་ན་ཡང་གནམ་གཤིས་ཧ་ཅང་གྲང་གི དེ་ཕྱོགས་སུ་ཡང་དེ་ལྟར་ཡིན་ན་གྱོན་ཆས་དྲོན་པོ་རེ་གྱོན་རྒྱུ་དེ་ངའི་རེ་བ་ཡིན། ད་ནངས་ཞོགས་པར་ཁྱོད་ཀྱིས་ང་ལ་བརྗོད་པའི་དྲ་གཏམ་དེ་དག་ངའི་སེམས་སུ་ཟུག་སོང་བས། ཡང་སྐྱར་ཁྱོད་ལ་ཡི་གེ་ཞིག་འབྲི་ན་འདོད་སོང་།
རེད། ཁྱོད་ཀྱིས་བཤད་པ་བཞིན་ངས་བརྩེ་དུང་ཞེས་པའི་ཐ་སྙད་དེའི་གོ་དོན་དེ་ད་དུང་གསལ་བོ་ཞིག་རྟོགས་མི་འདུག ཁྱོད་ཀྱིས་བརྩེ་དུང་ནི་ལག་པ་གཉིས་ཀྱིས་ཐལ་མོ་རྡེབ་པ་ལྟ་བུ་ཞིག་ཡིན་པས་དུང་ཞེན་ཙམ་ཞིག་གི་ལག་པ་ཡ་གཅིག་གིས་ཅི་ཡང་བྱེད་མི་ཐུབ་ཟེར་གི འདི་བདེན་རྒྱུ་རེད། ཁྱོད་ཀྱིས་མོ་ལོ་བཅུ་དྲུག་ནས་བཟུང་སྟེ་བརྩེ་དུང་གི་བྲོ་བ་མྱངས་ནས་ཡོང་བ་ཡིན་པས། བརྩེ་དུང་གི་ཕྱོགས་ནས་ཁྱོད་ཀྱིས་ངའི་དགེ་རྒན་ཉན་ནོ་ཁོ་ཐག་ཡིན། ངས་ད་བར་དུ་བརྩེ་དུང་གི་སྒྲུང་གཏམ་དང་གློག་བརྙན་ལ་བལྟས་པ་ཙམ་གྱིས་གདེང་ཚོད་ཡོད་པའི་སྒོ་ནས་བརྩེ་དུང་ངོ་མ་ཞིག་གི་མགོ་རྩོམ་རྒྱུའི་ཚད་ལ་ད་དུང་བསླེབས་མི་འདུག
དེ་བས་ངས་རང་གིས་ནོར་འཁྲུལ་བཟོ་བཞིན་པ་མ་ཤེས་པར་ཁྱོད་ཀྱི་ཕྱོགས་སུ་ལྷུག་རྩོམ་འགའ་བྲིས་ཚར་བ་དེར་གནོང་འགྱོད་ཚད་མེད་དང་བཅས་དགོངས་དག་ཞུས་པ་ཡིན་ལ། ད་ནངས་ཞོགས་པ་དེ་རང་ལ་རྩོམ་འཆལ་དེ་དག་དྲ་ངོས་ལས་བསུབས་ཚར་བ་ཡིན། ངས་ངོ་མ་རང་ཉིད་བོར་བརླག་ཏུ་ཕྱིན་པ་ཤེས་མི་འདུག ངས་ངོ་མ་རང་ཉིད་ཆོས་པའི་སྤྱི་ཚོགས་ཤིག་དང་འཇིག་རྟེན་པའི་སྤྱི་ཚོགས་ཤིག་གི་ས་མཚམས་སུ་ལུས་བསྡད་ཡོད་པ་དེ་ཙམ་ཡང་ངོ་འཕྲོད་མི་འདུག སྤྱིར་ན་ང་ནི་མི་འདྲ་མེད་ཅིག་ཡིན་པས། སྐབས་ལ་ལར་རང་གིས་ཅི་ཞིག་བྱེད་བཞིན་ཡོད་པ་ཡང་ཤེས་ཀྱིན་མི་འདུག
རེད། ཁྱོད་རང་གྲྭ་པ་དང་གྲྭ་ལོག་ལ་མི་དགའ་བ་དེ་ལ་ངས་བརྩི་བཀུར་དང་བསམ་ཤེས་བྱེད་ལོས་ཐུབ། བོད་ཕྱི་ནང་གང་སར་གྲྭ་པ་དང་གྲྭ་ལོག་ནི་དུས་རབས་ཉེར་གཅིག་པའི་གད་སྙིགས་སུ་ལྟ་མཁན་ཧ་ཅང་མང་ཞིང་། ཁོ་ཚོའི་ཚོད་ཀྱིས་ཁོ་ཚོར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་རེད། ཡིན་ན་ཡང་ཁྱོད་ཀྱིས་བརྩེ་དུང་གི་སྒོ་མོ་དེ་དུས་ནམ་ཡང་གྲྭ་པ་དང་གྲྭ་ལོག་ལ་ཕྱེ་གི་མིན་ཟེར་གི་ཡོད་ན་ངས་དེ་ལ་དང་ལེན་བྱེད་མི་ཐུབ། གྲྭ་པ་ཞིག་གི་བྲང་གཞུང་དྲོན་མོ་རུ་མི་ཚེ་ཞིག་གི་བརྩེ་བ་རྣམ་དག་ཡོད་སྲིད་ལ། གྲྭ་ལོག་ཅིག་གི་སེམས་པ་དམར་པོའི་ནང་མི་བུ་ཞིག་གི་མི་ཚེའི་རིན་ཐང་ཡང་ཡོད་ན་ཐང་།
བརྩེ་དུང་ཞེས་པ་དེ་མི་གཅིག་གིས་མགོ་འཛུག་བྱེད་མི་ཐུབ་པ་ཞིག་ཡིན་པ་བདེན་ན། མི་ཞིག་མི་གཞན་ཞིག་ལ་ཆེས་ཐོག་མར་དགའ་བ་དེ་ལས་ལྷག་པའི་ནོར་འཁྲུལ་བཟོ་སྟངས་ཤིག་མེད་ཅིང་། ནོར་འཁྲུལ་དེ་འདྲ་ཞིག་ངས་བཟོས་འདུག་ལ་ཁྱོས་ཀྱང་བཟོས་ཡོད་ན་ཐང་། སྤྱིར་ན་འཇིག་རྟེན་འདིར་མི་ཞིག་གིས་རང་གི་བརྩེ་དུང་རྣམ་དག་དེ་མི་གཞན་ཞིག་ལ་ངོ་སྤྲོད་བྱེད་དུས་སུ། ཕ་རོལ་པོ་དེ་རང་ཉིད་ལ་དགའ་མིན་གྱི་གདེང་ཚོད་མེད་པ་ནི་གྲངས་ལས་འདས་ཤིང་། གལ་སྲིད་ཕ་རོལ་པོ་དེར་ཡང་འཇིག་རྟེན་མི་ཞིག་གིས་སེམས་པ་གསོན་པོ་ཞིག་ཡོད་ན་ཕ་རོལ་པོ་དེ་ལ་ཚིག་རྡོ་ལོག་འདྲ་བ་ཏག་ཏག་འཕངས་ནས་སེམས་ངོས་སུ་རྨ་ཁ་བཟོ་ཅི་ཐུབ་བྱེད་རྒྱུ་མ་ཡིན་པར། ཆེས་ཞི་འཇམ་དང་ཆེས་གུས་ཞབས་ཀྱི་རྣམ་པའི་སྒོ་ནས་དེ་དང་དེ་ཡི་འགྲེལ་བཤད་ཅིག་རྒྱག་ངེས་རེད།
ངས་བརྗོད་ཟིན་པ་བཞིན་ངས་ལོ་འདི་དག་གི་རིང་ལ་ཁོ་རེ་ཡའི་བརྩེ་དུང་གི་གློག་བརྙན་ལ་ལྟ་རྒྱུ་མང་དྲགས་པས། རང་ཉིད་ཀྱི་གནས་བབ་དག་ཡོངས་སུ་བརྗེད་དུ་ཁོ་རེ་ཡའི་ཕོ་གཞོན་མོ་གཞོན་དེ་དག་གི་བརྩེ་དུང་གི་ཟློས་གར་དེ་འདྲ་ཞིག་རང་ཉིད་ཀྱིས་ཀྱང་ཇི་བཞིན་བསྐྱར་བཟློས་བྱེད་ལོས་ཐུབ་སྙམ་པའི་འཁྲུལ་སྣང་ཞིག་གིས་ཁོ་བོ་ཡོངས་སུ་བསླུས་ཟིན་ཡོད་ནའང་ཐང་ཀི ཁྱེད་ཀྱིས་བརྗོད་པ་བཞིན་ང་ནི་མི་ཅོལ་ཆུང་དང་མིའི་གཟུགས་བརྙན་ཙམ་ཞིག་ལས་རིན་ཐང་ཅི་ཡང་མེད་པའི་དུད་འགྲོ་རྐང་གཉིས་པ་ཞིག་ཡིན་པ་བདེན་ན། ངས་ཀྱང་ཉི་མ་དེ་རིང་ནས་བཟུང་སྟེ་རང་ཉིད་ཁྱེད་དང་ཁྱེད་ལྟ་བུའི་རྣམ་དཔྱོད་ལྡན་པའི་འགྲོ་བ་མིའི་རིགས་ཀྱི་གྲས་སུ་འཚུད་ཨེ་ཐུབ་ཀྱི་འབད་བརྩོན་བྱེད་ངེས་ཡིན་ཞིང་། གལ་སྲིད་བག་མེད་དང་ལེ་ལོའི་འདམ་དུ་བྱིངས་པའི་དུས་ཚོད་རེར་འཕྲད་པ་ཡིན་ན། ངས་ཁྱེད་ཀྱིས་ང་ལ་བརྗོད་ཟིན་པའི་མི་ཞིག་ཏུ་ཇི་ལྟར་འཚར་ལོངས་འབྱུང་དགོས་པའི་སྐོར་གྱི་མན་ངག་དག་སེམས་ནང་དུ་འཆར་ཐུབ་པའི་ངལ་བ་བསྟེན་རྒྱུ་ཡིན།
ཁྱོད་ཀྱིས་ཚེ་བརྟན་རྡོ་རྗེ་དང་ཁྱོད་གཉིས་ཀྱིས་བརྩེ་དུང་ཞེས་པའི་ཚིག་དེར་གོ་བ་ལོན་མི་འདུག་ཟེར་བ་དེ་ཡང་ངས་ནམ་ཡང་བརྗེད་མི་སྲིད། ཚེ་བརྟན་རྡོ་རྗེས་བརྩེ་དུང་ཁེར་རྐྱང་ཞིག་གི་སྡུག་བསྔལ་མྱོང་བཞིན་པའི་དུས་དེར་ང་རང་ཐེངས་ཤིག་རྡ་རམ་ས་ལ་རུ་བསླེབས་པའི་དུས་ཚོད་དང་ཁེལ་འདུག་ཅིང་། དེ་དུས་ཚེ་བརྟན་རྡོ་རྗེར་ཁྱུག་ཙམ་ཞིག་གི་རིང་ཐུག་སོང་། དེ་དུས་ངས་ཁོས་བྲིས་པའི་དེབ་དེ་ཐེངས་འགར་བཀླགས་ཟིན་མོད་ང་ལ་དེ་ཙམ་གྱི་ཚོར་བ་དྲག་པོ་ཞིག་བསྐྱེད་པ་ངས་དྲན་གི་མི་འདུག ཡིན་ན་ཡང་དེ་རིང་ངས་དེབ་དེ་བཀླགས་པ་ཡིན་ན་ངས་དེ་དུས་ཀྱི་ལས་སྐལ་དམན་པའི་ཚེ་བརྟན་རྡོ་རྗེའི་གནས་སྟངས་ཡ་ང་བ་དེ་ལ་གདུང་སེམས་མཉམ་སྐྱེད་ཅིག་བྱེད་ཐག་ཆོད་ཡིན།
སྤྱིར་འཇིག་རྟེན་འདི་ན་བརྩེ་དུང་ཞེས་པའི་མིང་ཚིག་ཅིག་མེད་པའམ། ཡང་ན་བརྩེ་དུང་གི་ཆེད་དུ་འཚོ་བའི་འགྲོ་བ་མིའི་རིགས་ཤིག་མེད་པ་ཡིན་ན། ངས་རང་གིས་བཟོས་པའི་ནོར་འཁྲུལ་འདི་ལ་བརྟེན་ནས་རང་གིས་རང་ལ་གུ་ཡངས་གཏོང་ཐབས་ཤིག་ཡེ་ནས་མེད་ན་ཡང་། བརྩེ་དུང་གི་ཀློང་ནས་སྐྱེ་འཚོ་འཆི་གསུམ་བྱེད་བཞིན་པའི་སྲོག་ལྡན་འདི་དག་གི་འགུལ་སྐྱོད་མཐོང་ཐེངས་རེ་རེ་དང་ཚོར་བ་མྱོང་ཐེངས་རེ་རེ་བཞིན། ངས་རང་ཉིད་ཀྱིས་ལག་པ་ཡོད་མཁན་ཞིག་གིས་འབྲི་ཆོག་པ་ཞིག་བྲིས་པ་དང་རྣམ་ཤེས་ཡོད་མཁན་ཞིག་གིས་བསམ་ཆོག་པ་ཞིག་བསམས་པ་ཙམ་ཞིག་ལས་གཞན་པའི་ནག་ཉེས་ཆེན་པོ་དེ་འདྲ་གང་ཡང་བསགས་ཡོད་པ་ཞིག་ཏུ་མཐོང་གིན་མི་འདུག
ཡིན་ན་ཡང་བརྩེ་དུང་ལ་རྒྱལ་མཚམས་ཡོད་པར་སྨྲ་བའི་གྲུབ་མཐའ་ཞིག་འཇིག་རྟེན་འདིར་གསར་དུ་མགོ་བརྩམས་པའི་དུས་དེར། བརྩེ་དུང་ལ་ཚུར་སྣང་ཡོད་པར་སྨྲ་བའི་སྡེ་ཚན་ཞིག་ལོགས་སུ་གྱེས་པའི་དེ་རིང་། ངས་རང་ཉིད་ཀྱིས་བསྟན་པའི་སྨྱོ་རྟགས་གྲངས་ཀ་མེད་པ་དེ་ཚོ་རིམ་པ་དགུའི་དོང་ཞབས་སུ་འཕངས་ཏེ་ངོ་ཚ་དང་འགྱོད་གདུང་གི་ཁ་གཅོད་སྲ་ཞིང་མཁྲེགས་པ་ཞིག་བརྒྱབ་སྟེ་དུས་བསྐལ་པའི་བར་དུ་ནམ་ཡང་ཁ་མི་འབྱེད་པའི་གཡར་དམ་ཞིག་ཀྱང་འབུལ་ན་འདོད།
དགེ་འདུན་ཆོས་འཕེལ་ཡང་དང་པོར་གྲྭ་པ་དང་དེ་ནས་གྲྭ་ལོག་བྱས་པའི་སྙན་ངག་པ་ཞིག་རེད་ལ། ཁོ་རང་ཡང་བརྩེ་དུང་གིས་བསླུས་ཟིན་པའི་མི་རྐྱང་སྨྱོན་པ་ཞིག་ཏུ་གྱུར་པ་ཐེངས་མང་བྱུང་ཞིང་། ཡང་སྐབས་རེར་གཉིད་ལས་སད་པ་ཇི་བཞིན་བརྩེ་དུང་ཞེས་པའི་མིང་བཏགས་པའི་ཚོར་སྣང་བཅོས་མ་རེའི་ཀློང་ནས་རང་ཉིད་ཀྱིས་རང་ཉིད་བོར་བའི་ངང་ཚུལ་ལ་འཇིགས་སྣང་དང་འགྱོད་གདུང་ཆེན་པོའི་ངང་འདི་ལྟ་བུའི་སྙན་ངག་རེ་ཡང་བྲིས་ཡོད་པ་སྟེ།
རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ནས། །
ཐག་རིང་རྒྱུས་མེད་མི་ཡི་རྒྱལ་ཁམས་སུ་བསླེབས་ཏེ། །
མདོ་མེད་འཕྱོར་མོའི་ཕྱོགས་སུ་རང་སེམས་དེ་ཤོར་ནས། །
དྲིན་ཅན་ཕ་མ་བརྗེད་པའི་བུ་རུལ་ང་སྐྱོ་ཨང་། །
གང་ལྟར་འདི་ནི་ངས་ཁྱེད་ལ་བྲིས་པའི་ཟིན་ཐོ་མཐའ་མ་དེ་ཡིན་ལ། འདི་ནི་ངས་ཁྱེད་ལ་བྲིས་པའི་རྩོམ་ཡིག་མཇུག་མ་དེ་ཡང་ཡིན་སྲིད་པས། ཁྱེད་རང་ལ་ཁྱེད་རང་དང་ཕྱོགས་གང་ཐད་ནས་འགྲན་ཟླ་བྱེད་ཐུབ་པའི་མི་ཚེའི་མཛའ་བོ་ཞིག་འཕྲད་ཐུབ་པའི་སྨོན་འདུན་དང་། ང་རང་ལ་ཡང་ང་རང་གི་ཁ་ཡ་བྱེད་ཐུབ་པའི་མི་ཚེའི་སྐྱོ་གྲོགས་ཤིག་འཐོབ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཅིག་རྙེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། ཡིན་ན་ཡང་མི་ཚེའི་ཀྱག་ཀྱོག་གི་ལམ་ཕྲན་སྟེང་ནས་ངེད་གཉིས་ཐུག་འཕྲད་བྱུང་བའི་ཉི་མ་རེ་ཤར་བ་ཡིན་ན། དེ་དུས་ཕན་ཚུན་གྱི་གདོང་ལ་བལྟས་ནས་སྒྱུ་རྩལ་གྱི་བསླུ་བྲིད་ལྟ་བུའི་འཛུམ་མདངས་རེ་སྟོན་རྒྱུ་དེ་ནི་ངའི་མཐའ་མཇུག་གི་རེ་བ་ཡིན།
ཨ་ཨ་་་་ ཨ་ཁུ་ཀླུ་སྨྱོན་ཁྱོད་འདི་ད་ངོ་མ་མི་འདྲ་མེད་ཟེར་ནོ་རེད། ང་ཚོས་ཁ་སང་གི་ཁྱོད་ཀྱི་བརྩེ་འཕྲིན་དེ་ད་སྐྱིད་པོ་ཞིག་བྲིས་འདུག་ཟེར་གྱི་ཡོད། དེའི་མི་ཚད་གསར་གཏོད་མཚར་བོ་ཞིག་ཀྱང་བྱེད་རྒྱུ་རེད་ཟེར་བཞིན་ཡོད། འོན་ཀྱང་ཁྱོད་ཀྱིས། ཁོ་མོའི་སྐད་ཆ་ཚིག་གཅིག་གི་སྣེ་ཡང་མ་བརྟན་པར་ནག་འཚུབ་བེར་བཏང་འདུག མི་དགོས་ནོ་ད་དུང་ངེས་ཤེས་སྐྱེས་བྱུང་ཡིན་ན་ཅིག་ཟེར་གྱི་འདུག
ད་ངས་ཁྱོད་ལ་བཤད། གོམ་བགྲོད་དུ་འགྲོ་རྒྱུའི་འཆར་གཞི་དེ་མུ་མཐུད་དུ་མཇུག་སྐྱོངས། ཁ་སང་གི་བརྩེ་འཕྲིན་དེ་ཡང་མཆན་དང་བཅས་པ་ཕྱིར་དྲ་ངོས་སུ་ཞོག ངེད་ཅག་གིས་མུ་མཐུད་དུ་དེའི་མཇུག་འབྲི། ལམ་བར་ནས་ཁྱོད་ཀྱི་གནས་ཚུལ་ལ་འགྱུར་ལྡོག་རེ་བྱུང་དང་ན། ང་ཚོས་དུས་ཐོག་ཏུ་ཀློག་པ་པོ་ཚོར་བརྡ་འཕྲོད་པ་བྱེད། བཟང་ངན་གྱི་གནས་ཚུལ་ཅི་ཞིག་བྱུང་རུང་། དོན་དག་ཡོད་ཚད་མཇུག་བསྒྲིལ་རྗེས། ང་ཚོས་ཁྱོད་ཀྱི་ཚབ་ཏུ་ཁྱོད་ཉིད་འཛམ་གླིང་གི་ཟིན་ཐོར་འགོད་ནོ་ཐག་ཆོད་ཡིན། དེ་བས་ན་བློ་བདེ་བོའི་ངང་ནས་མཇུག་སྐྱོངས། ཁ་ཕྱིར་ལ་མ་འཁོར། ཨེ་གོ་ཐལ།
ཡག་པོ་འདུག མི་ཟེར་བ་དེ་ལ་ཚུགས་ཐུབ་ཀྱི་ལྟ་གྲུབ་ཚན་ལྡན་ཞིག་ཡོད་མེད་གང་ལྟར་ཡང་། སྐྱེས་ཕོ་རབ་ཅིག་ལ་མ་མཐར་ཡང་ཚང་དགོས་པའི་ཆོས་ཤིག་ནི། གནད་དོན་གང་ལའང་རང་ཚུགས་བརྟན་པོ་རེ་འཛིན་དགོས་པར་འདོད། ང་རང་ཕོ་མོའི་བརྩེ་དུང་འདིས་ཕམ་མྱོང་ལ། རྒྱལ་ཡང་མྱོང་། གང་ལྟར་ཡང་། ཕོ་མོའི་བར་གྱི་བརྩེ་དུང་འདི་མིའི་རིན་ཐང་འཇལ་བའི་རྒྱ་མ་ལྟ་བུ་ཞིག་རེད། འདིའི་ངོས་ན་ཆོས་འཇིག་གང་ཐད་ནས་བསླབ་བྱ་གལ་ཆེན་མང་བོ་ལེན་རྒྱུ་ཡོད་ཀི དེ་ཙམ་ཡིན།
http://www.youtube.com/watch?v=WqjDhmyfuno
ཀླུ་སྨྱོན་ལ་མི་ཚེའི་སྐྱོ་གྲོགས་ཤིག་གང་མགྱོགས་སུ་རྙེད་པར་སྨོན།
ཀླུ་སྨྱོན་ལགས་ཀྱིས།
འབྲི་རྩལ་དང་བརྡ་དག་གཟབ་ནན་ལ་རྗེས་སུ་ཡི་རང་ཡོད།
མུ་མཐུད་ནས་བྲིས་རོགས་གནང་།
ཨ་ཁུ་ཀླུ་སྨྱོན་ལགས། ཁོ་མོའི་འཕྲིན་ཐུང་དེས་ཁྱོད་ཀྱི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་ཚོད་འདུག་མོད། དེ་ཙམ་གྱིས་སེམས་ཕམ་ནས་ཕྱི་ནུར་བྱེད་དགོས་དོན་མེད། ཐེངས་དང་པོ་ནས་འགྲིག་འགྲིག་འཕྲོད་འཕྲོད་རེ་བཤད་མཁན་གྱི་བུད་ཅེད་ཅིག་གནམ་འོག་འདི་ན་དཀོན་པོ་ཡིན་ལ། དེ་ནི་བུད་མེད་ཚོས་སེམས་ནས་དགའ་ཡང་ཁ་ནས་མི་འདོད་འདོག་འདོག་བྱེད་པའི་གཤིས་ཀ་ཞིག་ཀྱང་ཡིན། ད་ལ་བློ་ཕམ་རྒྱུ་གང་ཡང་མེད། མུ་མཐུད་ནས་ཤུགས་རྒྱོབས་དང་། མཐའ་མཇུག་གི་རྒྱལ་ཁ་ཁྱོད་ལ་འཐོབ་པའི་ཡིད་ཆེས་བརྟན་པོ་ཡོད།
གྱང་ཁའི་རྩྭ་ཡི་གཡོ་འགུལ་རླུང་ལ་བརྟེན། རླུང་རླབས་རེ་རེའི་ཁྲོད་ན་འདའ་ར་ར།
སྨན་ཤར་གང་གི་སྨད་གོས་བཤུ་འདོད་ཀྱི། ཆགས་སེམས་བརྩེ་བའི་ཚོན་གྱིས་བསླད་པ་འཁྲུལ།
རྣམ་རྟོག་ཡོད་དགུ་སུ་ཡིས་བྲི་བར་ལངས། རྣམ་པར་འགྱུར་བའི་སེམས་ཉིད་སུ་ཡིས་འགོག
ད་ནི་བག་ཡོད་ངུར་སྨྲིག་གོས་བཟང་ནང། དགེ་བའི་བག་ཆགས་ཅུང་རེ་འཇོག་འཚལ་ལོ།
སྙིང་རྗེ། ཁག་མེད་ཀི
ཀླུ་སྨྱོན་ལགས། ང་རང་ཆུང་དུས་ཀྱི་རྒན་པོ་ཀླུ་སྨྱོན་ལགས། ལོ་ལྔ་ཅུར་སླེབས་ནས་སྨྱོ་གི་ཡོད་དམ་ཨ། ད་འགོར་སོང་བ་མ་རེད་དམ་ཨ། ད་ཁྱོད་ལ་སྙིང་རྗེ་གི
སྙིང་རྗེ། ཁག་མེད་ཀི
ཀླུ་སྨྱོན་ལགས། ང་རང་ཆུང་དུས་ཀྱི་རྒན་པོ་ཀླུ་སྨྱོན་ལགས། ལོ་ལྔ་ཅུར་སླེབས་ནས་སྨྱོ་གི་ཡོད་དམ་ཨ། ད་འགོར་སོང་བ་མ་རེད་དམ་ཨ། ད་ཁྱོད་ལ་སྙིང་རྗེ་གི ཁག་ཀྱང་མེད་ཀི
ཨ་ཁ་ཁ། ངས་ཁ་སང་ལུང་བསྟན་ནོ་འདི་ལྟར་ཉིན་གཉིས་ལས་མ་འགོར་བ་ཁ་ཐོག་མྱིག་ཐོག་ལ་བུད་འགྱོ་མ་འདོད། ད་ཨ་གཙིག་ནུ་གཙིག་བྱེད་དགོ་ནི་རེད། སེམས་ཤུགས་འཕར་ཆོག་ཆོག་དང་སེམས་ཤུགས་ཆགས་ཆོག་ཆོག་དེ་འདྲ་ག་རེ་རེད། གོམས་བགྲོད་བྱེད་རྒྱུ་མཚམས་བཞག་ནོ་ཧྲ་གི དགུན་འཁྱགས་ཁ་དམར་ཞིག་ལ་གོམས་བགྲོད་དེས་ཁྱོད་གསོད་ན་ཐང་གི ཡིན་ན་ཡང་ཟླ་འགའི་རྗེས་ནས་དུས་འཁོར་དབང་ཆེན་དང་སྟབས་བསྟུན་ནས་ཟ་ཁང་ཞིག་ཏུ་གདན་འདྲེན་ཞུས་ནས་ཁ་བརྡ་ལྷོད་ལྷོད་ཅིག་བྱས་ནས་དེས་ཁྱེད་ལ་ཡང་འགྲིག་ནི་བྱོས། ཁྱོད་གཉིས་ཀའི་ཕྱོགས་ན་ཡང་དེ་ལས་ལྷག་པའི་ལས་བསྐལ་ཞིག་མེད་པ་འདྲ། ཟ་ཁང་ཞིག་ཏུ་གདན་འདྲེན་ཞུ་རྒྱུ་དེ་ངས་འཇོན་ཁོ་ཐག་ཡིན། ཡང་དེའི་སྐབས་སུ་ཤམས་ཐབས་ཕུད་མི་ཉན། ཚ་བ་ཆེན་པོ་རེད་མདོག་མདོག་བྱས་ནས་གཟན་ཅུང་ཟད་ཕུད་ན་འགྲིག་གི་རེད། འོ་ད་རུང་སྟོད་འགག་ཕུད་མི་ཉན། གོ་སོང་ང་། ངའི་ཆོས་གྲོགས་དགའ་བོ། ཁྱེད་ཀྱི་ན་ཚ་འདི་ངའི་ན་ཚ་ཞིག་ཀྱང་རེད། གདུང་སེམས་མཉམ་བསྐྱེད་ལོས་བྱེད།
ལར་གུས་པ་ནི་ཀླུ་སྨྱོན་གྱི་རྩོམ་ཀློག་པ་པོ་ཞིག་ཡིན་ལ། བོད་ནས་མ་ཡོང་སྔོན་ཙམ་ནས་ཁོང་གི་རྩོམ་ལ་་རྒྱུས་ལོན་བྱུང་བ་ཞིག་ཡིན། སྙན་མོ་རེད་ལ། ཚིག་དོན་གང་ཅིར་རྩ་བ་བརྟན་ཅིང་ཡལ་ག་ལོ་འདབས་དང་ལྡན་པ་ཞིག་རེད། ཁོང་གིས་མི་ལ་དམའ་འབེབས་ཀྱི་རྩོམ་ཡིག་སྤེལ་གྱི་མེད་པར་ཡི་རང་དང་རྩེ་དུང་གི་སེམས་ཁམས་ཀྱིས་སྙན་ངག་འབྲི་བར་ཡིད་མོས་ཡོད།
འོན་ཀྱང་ད་ཆ་སྙན་ངག་དང་ཁ་རྩོག་མང་དྲགས་ནས་མི་ལ་རས་པས་རས་ཆུང་བར་རྫུ་འཕྲུལ་བསྟན་པ་ལྟར་སུན་སྣང་སྐྱེ་བའི་མགོ་ཚུགས་གྲབ་འདུག་གོ