རྔ་བ་རྒྱལ་ཁམས་པ།
གྲོག་མས་གྲོག་མཁར་བརྩིགས་པ་ལྟར། མེས་པོའི་རུ་རྒྱུད་ཀྱི་དང་རྩེ་ཞིག་གིས་ཚེ་རབས་ནས་ཚེ་རབས་སུ་བསྐྲུན་པའི་འཇིག་རྟེན་ཅིག ཚོར་འདུ་བྲལ་བའི་ས་གཡོའི་འཇིག་པ་ཞིག་གིས་རྨི་ལམ་ལྟར་སྐད་ཅིག་ལ་མེད་པར་བཟོས་སོང་། གོད་ཆགས་འདི་ནི་ང་ཚོའི་ལས་དབང་འཁོར་སྐྱོད་ཀྱི་ཆེས་ཚབས་ཆེན་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་ལ། གཞིས་བྱེས་བོད་མིའི་སྲོག་རྩ་གཅིག་ཏུ་བསྒྲིལ་མཚམས་ཀྱི་འདུས་མདོ་གལ་ཆེན་ཞིག་ཀྱང་རེད། ཚང་མས་མཁྱེན་གསལ་ལྟར།གོད་ཆགས་འདིའི་ཐོག་མཐའ་བར་གསུམ་ལ་གདོང་ལེན་གྱི་རྐང་འཛིན་མཁན་གཞིས་བཞུགས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང་། ལར་ཞེན་དང་གཏོང་ཕོད་ལྡན་པའི་བོད་རྒྱ་ཆེའི་མི་མང་རྣམས་ལ་སེམས་ཁོང་རུས་པའི་གཏིང་ནས་གུས་བཀུར་རྗེས་སུ་ཡི་རངས་ཞུ་བཞིན་པ་ཡིན། སྐབས་འདིར་ང་ཚོས་སེམས་རྣལ་དུ་ཕབ་ནས་བསམ་བློ་གཏོང་དགོས་པ་ཞིག་ལ། གཞིས་ལུས་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་མཐའ་མེད་དུ་འཕེལ་བཞིན་ཡོད་པ་དང། ཕྱི་སྡོད་བོད་མིས་རང་ཉིད་ངོས་ཟིན་པ་ནས། སླར་ཡང་བོར་བརླག་ཏུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་འདི་རེད། གཞིས་ལུས་བོད་མིས་རྒྱལ་དོན་གྱི་བྱ་འགུལ་ཡོད་ཚད་རྒྱ་སྟག་གི་མཆེ་བའི་སྒང་ནས་སྤེལ་བཞིན་ཡོད་ལ། བྱེས་སྡོད་བོད་མིས་ལས་འགུལ་ཕལ་ཆེར་ཞི་བདེ་དང་། རང་དབང་གི་ལུང་པ་དག་ནས་སྤེོལ་བཞིན་ཡོད། འདི་ལ་དངོས་པོའི་རིན་ཐང་གི་ཆ་ནས་གཞལ་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད། འོན་ཏེ་ང་ཚོས་དོན་དངོས་ཐོག་བོད་མི་མང་སྤྱི་དང་། ཁྱད་པར་གཞིས་ལུས་མི་མང་གི་སེམས་འདུན་ངོ་མ་དེ་འཐབ་རྩོད་ཀྱི་སྙིང་བོར་འཛིན་བཞིན་ཡོད་དམ་མེད། བོད་གཞིས་ལུས་མི་མང་གི་ཐོད་བརྒལ་རང་བཞིན་གྱི་སྒུལ་སྐྱོད་དག་ལ་དངོས་དོན་གྱི་གཞོགས་འདེགས་ཡག་པོ་ཞིག་བྱེད་ཐུབ་ཀྱི་ཡོད་དམ་མེད། ངས་བསམས་ན། མིག་སྔའི་སྐྱེ་རྒུ་མདོའི་དོན་རྐྱེན་ལས། ང་ཚོ་ལ་ཕྱི་གསལ་ནང་གསལ་གྱི་ཚོད་སྒམ་ཞིག་བྱས་འདུག་སྙམ། སྐབས་འདིའི་གོད་ཆགས་ལ་གདོང་ལེན་གྱི་རྐང་འཛིན་མཁན་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང་། གཞིས་བཞུགས་རང་རིགས་གཏོང་ཕོད་ཅན་ཚོ་ཡིན་པ་ཡོངས་གྲགས་རེད། རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་གསལ་ལམ་ཕལ་ཆེར་ན་གནས་ཚུལ་དངོས་དེ་ཐོན་ཐུབ་མེད། འདིའི་ཐད་རང་གཞུང་གིས་བདེན་དོན་རྒྱབ་ལངས་ཀྱི་གསར་འགོད་དང་། ཡོངས་ཁྱབ་ཕྱི་གསལ་ནང་གསལ་ཞིག་གནང་མ་ཐུབ་པ་ནི། སྡུག་ཐོག་སྡུག་བཞག་གི་ཁུར་བོ་དང་བོ་དང་། རྒྱ་གཞུང་རང་ངོས་ནས་གདུང་སེམས་མཉམ་བསྐྱེད་ཐོག་བོད་དུ་ཡོང་འདུན་ཡོད་མཁན་ཚོར་ལུགས་མཐུན་གྱི་སྣེ་ལེན་བྱ་རྒྱུའི་གསལ་བསྒྲགས་ཐད། དུས་ཚོད་དམ་འཛིན་གྱིས་༧གོང་ས་མཆོག་ས་ཁུལ་དེར་ཞབས་སོར་འཁོད་ཐབས་རྒྱ་ནག་དབུས་གཞུང་ལ་ཐབས་བརྒྱ་ཇུས་སྟོང་གི་རེ་འབོད་བྱ་བཞིན་ཡོད་དམ་མེད། གལ་སྲིད་མེད་ན་ནི་དེའང་སྡུག་ཐོག་སྡུག་བཞག་གི་གྱོང་གོད་གཉིས་པ་རེད། ང་ཚོར་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་གཞུང་འཛིན་མ་ལག་ཕལ་ཆེར་ཞིག་ཚང་གི་ཡོད་པ་རེད། ང་ཚོས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བགྲེངས་འཛུགས་ཀྱི་ཆོ་ག་ལག་བསྟར་བྱས་ནས་མི་ལོ་ལྔ་བཅུ་ང་གྲངས་ནང་འགྲོ་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐེངས་འདིའི་གོད་ཆགས་ཐད་སྲིད་ལུགས་ཀྱི་མྱ་ངན་ཆེན་པོ་ཞིག་ལག་བསྟར་བྱས་ནས། སའི་གོ་ལ་ཧྲིལ་བོའི་ཁྱོན་ལ་ཁྱབ་བསྒྲགས་འདོད་བློ་ཚིམས་པ་ཞིག་བྱས་སོང་། ང་ཚོས་གར་དང་མཐུན་པའི་རོལ་མོ་ཞིག་དཀྲོལ་ཤེས་ཡོད་དམ་མེད། རྒྱལ་ཁབ་ཅིག་ལ་གོད་ཆགས་ཚབས་ཆེན་ཕོག་སྐབས། རྒྱལ་དར་མར་ཕབ་པ། མྱ་ངན་གྱི་ཚོགས་འདུ་འཚོགས་པ། སེམས་གསོས་སྨྲེངས་འཕྲིན་སྒྲོགས་སྦྱངས་བྱེད་པ སོགས ནི། སྤྱིར་བཏང་གི་འགྲོ་ལུགས་ཤིག་རེད། ང་ཚོས་འགྲོ་ལུགས་དེ་བཞིན་ལག་ལེན་དུ་བསྟར་ཐུབ་ཡོད་དམ་མེད། མེད་ན་ནི་དེའང་སྡུག་ཐོག་སྡུག་བཞག་གི་གྱོང་ཁ་རང་ཉིད་ཀྱིས་ཉོས་པ་ཞིག་ཡིན་པས། སྡུག་གྱོང་འབུར་རུ་རང་གྱོང་དུ་སོང་བ་རེད། མཇུག་མཐར། རང་གིས་བཤད་པ་ཕར་ཕྱོགས་ཀྱིས་གོ་མི་ཐུབ་ཅིང་། ཕ་རོལ་བོའི་སྐད་ཆ་རང་གིས་མགོ་མ་ཚོས་པའི་གྲོས་མོལ་དག་ལ་མགོ་འཁོར་བ་ལས། ད་ལྟའི་སྐྱེ་རྒུ་མདོའི་གོད་ཆགས་ལ་ཚུལ་མཐུན་གྱི་གདུང་སེམས་མཉམ་བསྐྱེད་རེ་གནང་ཐུབ་ན། གཞིས་བྱེས་རྡོག་རྩ་གཅིག་བསྒྲིལ་ལ་ཁྱད་དུ་འཕགས་པའི་དགེ་མཚན་རེ་ཐོན་ཐུབ་པར་འདོད་དོ།།
ཟུར་ཞུ། དུས་ཚོད་ཀྱི་དབང་གིས་ཡི་གེ་འདི་ལ་ཞུས་དག་གཟབ་ནན་སོང་མེད་པར་དགོངས་དག་ཞུ་བ་ལགས།
ངའི་སེམས་ཁམས་ནི་ཁྱོད་དང་ཡོངས་སུ་མཐུན་པ་རེད་འདུག ད་ཐེངས་ཀྱི་གོད་ཆགས་འདི་གཞིས་བྱེས་བོད་མའི་བསམ་འདུན་གཅིག་ཏུ་སྒྲིལ་བའི་གོ་སྐབས་གལ་ཆེན་ཞིག་རེད། གོ་སྐབས་འདི་ཉིད་དམ་འཛིན་མ་ཐུབ་ན་མི་རིགས་རྡོག་རྩ་གཅིག་སྒྲིལ་ལ་བག་ཆགས་གཞན་ཞིག་མི་འཇོག་པའི་གདེངས་ཙོད་ཅི་ཡང་མི་འདུག་བསམ།
དེས་ནས་སྔ་མོ་ནས་ཟུར་ཟ་དང་། འཁང་རའི་སྐད་ཆ་འགའ་ཞིག་ཀྱང་ཤོར་ཐལ།
འདི་དག་ལ་གཟིགས་རོགས། http://www.tibettimes.net/blogs.php?id=264&post_id=8693
དྲྭ་གྲོགས་གླིང་བུའི་ཡི་གེ་དག་མཐོང་ཡོད། གནས་ཚུལ་མང་བོ་ཞིག་དཀའ་ལས་ལ་མ་འཛེམས་པར་ཞིབ་བཤད་གནང་འདུག ཐུགས་རྗེ་ཆེ།
རྔ་པ་རྒྱལ་ཁམས་པ་ཡུན་རིང་ཞིག་ལ་མཇལ་མ་སོང་ད་ལྟ་ཀློག་ཁོམ་མ་བྱུང་ལ་རྗེས་སུ་ཀློག་ངེས་བདེ་མོ་འདི་སྒང་ནས་ཡང་ཡང་མཇལ་ཐུབ་པར་སྨོན།
དྲྭ་གྲོགས་གངས་དཀར་ཕེབས་པར་དགའ་བསུ་ཡོད། ངས་ངོ་མ་ཞིག་གླེང་གི་ཡོད། ད་རྒྱ་གཞུང་དང་བོད་གཞུང་བར། གྲོལ་མོལ་བྱ་རྒྱུ་མང་བོ་ཞིག་ཡོད་པ་མ་རེད། བོད་ཕྱི་ནང་རྡོག་རྩ་གཅིག་བསྒྲིལ་སྲ་བརྟན་ཅིག་བྱུང་བ་ཡིན་ན། ཕར་ཕྱོགས་ཅི་བྱ་གཏོལ་མེད་ཀྱིས་མི་འདོད་བཞིན་དུ་ང་ཚོ་ལ་བསམ་བློ་ཞིག་གཏོང་དགོས་པར་ཆགས་ཀྱི་རེད། དེ་ཙམ་ཡིན།
རེད་ཡ། ངོ་མ་རྒྱ་ནག་གི་ལས་སྟངས་ངན་པ་རེད། སྤྱིར་ད་ཐེངས་ཁ་ཡོད་ཁ་ཡོད་ཀྱི་རོགས་རེམ་བྱེད་མཁན་མང་ཆེ་བ་གྲྭ་དང་དེ་མིན་བོད་རིགས་དག་ཡིན་ནའང་དེའི་སྐོར་གསར་འགྱུར་བརྒྱུད་ནས་སྟོན་རྒྱ་མེད་པ་དང། དེ་ཡང་གསར་འགྱུར་འགོ་མཁན་གྱིས་མ་བསྟན་པ་ཞིག་མིན་པར་སྲིད་གཞུང་ནས་གསར་འགྱུར་བརྒྱུད་ལམ་དུ་གྲྭ་བའི་རིགས་སོགས་བསྟན་མི་ཆོག་པ་བཟོ་འདུག་ཟེར། དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ངན་པ་དེ་འགྲུབ་མ་བཅུགས་པར་ང་ཚོས་དངོས་ནས་གང་ཐུབ་ཅི་ཐུབ་ཀྱི་གནས་ཚུལ་དེ་དག་ཡོངས་ཁྱབ་ཀྱི་བསྒྲགས་རྒྱུ་བོད་མི་མི་རེ་ངོས་རེ་འགན་ཡོད་པ་ཞིག་རེད
སྐུ་ཞབས་ཁ་ཕྱོགས་མེད་ཕེབས་ནས་དགོངས་འཆར་གསུངས་པར་སེམས་དགའ་ནས་ཡོད། ཐུགས་རྗེ་ཆེ། ཁ་སྔོན་ཁྱེད་ཀྱིས་རྔ་ཡུལ་ཕྱོགས་ནས་མི་རྒྱུ་གཉིས་ཐད་ནས་རོགས་སྐྱོར་ཆེན་པོ་ཞིག་གནང་བའི་གནས་ཚུལ་ཞིག་བཤད་སོང་། དེ་སྐོར་ཞིབ་གསལ་ཞིག་བྲིས་ཏེ་དྲྭ་ཐོག་ཏུ་འཇོག་རྒྱུ་འདྲ་བྱུང་ན་ཡག་པོ་འདུག རྗེས་སོར་སླར་ཡང་མཇལ་ཡོང་།