ཆབ་མདོ་ངག་ཕུན།
བླ་མ་ཡི་དམ་མཁའ་འགྲོ་རྣམས།།
ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ཏེ།།
མ་རིགས་མུན་པ་ཡོངས་སེལ་ནས།།
ཤེས་རབ་སྣང་བ་བསྩལ་ཏུ་གསོལ།།
ས་རྒྱུན་མེད་པའི་ལུང་ལ།།
ཐེངས་གཅིག་སྤྲོ་འཁྱམས་ཕྱིན་པས།།
སྐྱིད་པའི་ཕ་ཡུལ་ལུང་པར།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
དབུས་ཀྱི་རི་བོ་རྩེ་ལ།།
སྤྲིན་དཀར་གཡས་སྐོར་གཡོན་སྐོར།།
འོན་ཀྱང་རླུང་འཚུབ་གཅིག་གིས།།
སྤྲིན་དཀར་ལ་འཁུར་ལུང་འཁུར།།
ལྷོ་ཡི་སྤྲིན་དཀར་འཕྱུར་མོ།།
ནུབ་རིའི་ཕྱོགས་ལ་ཕྱིན་སོང་།།
མི་ཡུལ་འཁྱམས་པའི་བུ་ཆུང་།།
ས་མཐའི་རོང་ལ་ལྷག་སོང་།།
ཡར་གཅིག་གནམ་ལ་བལྟས་པས།།
ཐང་དཀར་རྒོད་པས་ལྡིང་སྐོར།།
ཐང་དཀར་གཤོག་འགྱུར་མང་མང་།།
གཤོག་རྩེ་བྲག་ལ་བརྡབ་ཉེས།།
ཕུ་ཡི་ལྷ་བྱ་གོང་མོ།།
གངས་རྫ་བར་ལ་གནས་འདུག།
ད་ལོ་གངས་ཆར་མང་བས།།
གོང་མོ་འཆི་གྲབ་བྱེད་ཀྱི།།
མདའ་ཡི་ཁང་པའི་སྦུག་ལ།།
བྱིའུས་བྱ་ཚང་བཟོས་ཀྱང་།།
ཁྲེལ་མེད་ཁྲ་རྒན་སླེབས་ནས།།
བྱིའུ་སྤུ་ས་ལ་སྟོར་སོང་།།
ཁུ་བྱུག་ཤིང་སྟེང་འཛེགས་ཏེ།།
གསུང་སྐད་ལན་གསུམ་རྒྱབ་དུས།།
མདའ་ཡི་ཕོ་རོག་ནག་ཆུང་།།
མ་འདོད་རྣམ་གྱུར་བཏོན་གྱིན།།
རྟ་གཅིག་བཞོན་དགོས་བསམ་ནས།།
རྟ་ལ་སྒ་གཅིག་བརྒྱབ་པའི།།
ཁྲེལ་གཞུང་མེད་པའི་རྟ་ཕོས།།
བྱང་ཐང་གཞུང་ལ་གཡུག་བྱུང་།།
རྟ་ཕོ་གཞོན་དགོས་བསམ་ནས།།
རྟ་ལ་སྒ་གཅིག་རྒྱབ་ཀྱང་།།
རྟ་ཕོ་ཁ་ཤུགས་ཆེ་བས།།
གཡང་རོང་ནང་ལ་གཡུག་བྱུང་།།
ལ་མོའི་བརྒྱབ་ཀྱི་ཆུ་དེ།།
དུག་ཆུ་ཡིན་པར་མ་ཤེས།།
རི་དགས་སྣང་བ་འཁྲུལ་ནས།།
འཐུང་བས་འཆི་གྲབ་བྱས་སོང་།།
མཐོན་པོ་རི་བོ་རྩེ་ལ།།
ལྷ་བསངས་ཐེངས་གཅིག་བཏང་ཡང་།།
ཡུལ་ལྷ་གཞི་བདག་འཁྲོས་ཏེ།།
སེར་བས་སྟོན་ཐོག་བརྡུང་སོང་།།
ཕར་རི་སྤང་གཤོངས་ངོས་ལ།།
མེ་ཏོག་གཅིག་ཤར་གཉིས་ཤར།།
ན་ཆུང་བློ་ལ་ཐད་པའི།།
མེ་ཏོག་གཅིག་ཀྱང་མི་འདུག།
མདུན་གྱི་རི་བོ་རྩེ་ལ།།
ད་ལོ་ཁ་བ་བཞག་འདུག།
བུ་མོ་འགྲོ་དགོས་དྲན་ཡང་།།
ཐར་བའི་ལས་འཕྲོ་ཟད་འདུག།
དབྱར་གྱི་སྤང་གཤོངས་སྟེང་ལ།།
མེ་ཏོག་དཀར་དམར་ཤར་འདུག།
སྟོན་སད་བརྒྱབ་ཐེངས་གཅིག་གིས།།
ཐམས་ཅད་སད་ཀྱིས་བཅོམ་སོང་།།
རྟག་ཤར་གཞོན་པ་གཅིག་གིས།།
ཡིད་ཐད་རྣམ་འགྱུར་སྟོན་ཡང་།།
ཚེ་གཅིག་གཏན་གྲོགས་ཡོང་བའི།།
བསམ་པ་སེམས་ནང་མི་འདུག།
ཤར་གྱི་རི་བོ་རྩེ་ནས།།
དཀར་གསལ་ཟླ་བ་ཤར་བྱུང་།།
བདག་ལ་བཀའ་དྲིན་ཆེ་བས།།
སྐྱེད་མ་ཡིད་ལ་དྲན་བྱུང་།།
མདུན་གྱི་རི་རྒྱལ་ལྷུན་པོ།།
ཐེངས་གཅིག་མཇལ་འདོད་འདུག་ཀྱང་།།
རྒྱབ་རི་སྐུ་དབང་བཙན་པས།།
མཇལ་བའི་རང་དབང་བྲལ་སོང་།།
གངས་རི་མཐོན་པོའི་རྩེ་ལ།།
གངས་ཀྱི་མཆོད་རྟེན་བཞེངས་ཡོད།།
ཚ་ཟེར་ཤར་ཐེངས་གཅིག་གིས།།
ཨེ་འདུག་ལྟད་མོ་ལྟོས་ཤིག།
རྟ་ཕོ་བཞོན་དགོས་བསམ་ནས།།
རྟ་ལ་སྒ་སྟན་བཏད་དེ།།
རྟ་ཕོ་ཁ་ཤུགས་ཆེ་བས།།
བྱང་ཐང་གཞུང་ལ་འཁྱེར་སོང་།།
ཡིད་འོང་མཛེས་པའི་ཞལ་རས།།
མེ་ཏོག་སེར་ཅན་འདྲ་ཡང་།།
ཐོག་སེར་བརྒྱབ་ཐེངས་གཅིག་གིས།།
མེ་ཏོག་རྩ་མེད་བཟོས་བཞག།
ཁམ་བུ་ཁ་ལ་ཞིམ་བྱུང་།།
མེ་ཏོག་མིག་ལ་མཛེས་བྱུང་།།
ཞིམ་མངར་ཁམ་བུ་ཟ་ཚེ།།
མེ་ཏོག་དགོངས་པར་ཚོམས་སོང་།།
ཆུ་མོ་མར་བབས་སྟེང་ལ།།
དངུལ་གྱི་ཟམ་པ་བཙུགས་ཡོད།།
དབྱར་ཆུ་རྒྱས་ཐེངས་གཅིག་གིས།།
དངུལ་ཟམ་ཆུ་ཡིས་འཁྱེར་བཞག།
རི་བོ་མཐོན་པོའི་རྩེ་ལ།།
དར་ལྕོག་དམར་པོ་བཙུགས་ཡོད།།
ད་ལོ་གངས་ཆར་མང་རྐྱེན།།
དར་ལྕོག་མཚོན་ཁ་གྱུར་སོང་།།
བྱང་གི་མཚོ་མོའི་སྟེང་ལ།།
དགུན་གྱི་འཁྱག་དཀར་ཆག་འདུག
བྱ་ཆེན་ཁྲུང་ཁྲུང་དཀར་མོ།།
ག་འགྲོ་མ་ཤེས་ལྷག་འདུག
སྟོབས་ལྡན་རི་དྭགས་རྒྱལ་པོས།།
རི་དྭགས་དབང་དུ་བསྡུས་ཀྱང་།།
བློ་གྲོས་ལྡན་པའི་རི་བོང་།།
སེང་གེ་ཐབས་ཀྱིས་བཏུལ་སོང་།།
དངུལ་གྱི་ཚིགས་ཁེབས་ཁྲ་རྒྱན།།
མཛུ་མོར་གྱོན་དགོས་བསམ་ཡང་།།
མཛུ་མོའི་ཚིགས་རྡོག་ཆེ་བས།།
ཚིགས་ཁེབས་ཐར་ས་མ་རེད།།
ཕར་རིའི་སྤང་གཤོངས་ངོས་ལ།།
སྐྱ་ག་ཁྲ་མོ་སླེབས་སོང་།།
སྒུ་འབུ་འཐུ་རྒྱུ་མེད་པའི།།
རི་ལུང་སྐད་སྒྲས་བརྒྱངས་སོང་།།
ད་ལོ་རྫ་སྤང་ངོས་ལ།།
སྟག་སྐད་གྲགས་ཐེངས་གཅིག་གིས།།
མདའ་ཡི་མཚོ་མོ་ནང་གི།།
ཉྭ་སྲིན་གཉིད་ལས་འདྲོགས་སོང་།།
སྤང་གཤོངས་ཡང་པའི་སྟེང་ལ།།
སྔ་མེད་རི་དྭགས་སླེབས་ནས།།
ཉམ་ཆུང་བྱ་ཚོགས་ཐམས་ཅད།།
སྡོད་ཐབས་མེད་པར་གྱུར་སོང་།།
ཡིད་འོང་མཛེས་སྡུག་རྣམ་པར་བཀྲ་བའི་མ།།
བྱམས་བརྩེ་འཛུམ་གྱིས་བསུ་བའི་མཛའ་མོ་མིན།།
སྙན་དབང་འཕྲོག་པའི་ཡར་དུང་གླུ་དབྱངྶ་ཏེ།།
ལྷ་ཡི་ཏམ་བུ་ར་ཡི་སྒྲ་དབྱངས་མིན།།
ཞེས་པ་འདི་ཆབ་མདོ་ངག་ཕུན་གྱིས། 2015/9/22
ནོར་བཅོས། བཏད་ཟེར་བ་དེ་(བསྟད་)ཅེས་ནོར་བཅོས་ཡོང་བར་མཛོད།