འབའ་སྲས།
“ཡིད་བརྟན་མི་རུང་འཆི་བདག་འདི།།
བྱས་དང་མ་བྱས་མི་སྡོད་པས།།
ན་དང་མི་ན་ཀུན་གྱིས་ཀྱང་།།
གློ་བུར་ཚེ་ལ་ཡིད་མི་བརྟན།།”
ཆུང་དུས་བྱམས་ཀྱིས་བསྐྱངས་པའི་མ།།
དར་དུས་སེམས་ཀྱིས་གཉེར་བའི་མ།།
ད་ནི་གཏན་དུ་གྱེས་པའི་མ།།
དྲིན་ཆེན་མ་ལ་ཕྱག་འཚལ་ལོ།།
ཁ་སང་འཛུམ་དགོད་ཁྲོད་ཀྱི་མ།།
དེ་རིང་མོག་མོག་ཀློང་གི་མ།།
སང་ཉིན་གར་སོང་ཆ་མེད་མ།།
དྲིན་ཆེན་མ་ལ་ཕྱག་འཚལ་ལོ།།
འགྲམ་ནས་ཁ་ཟས་ཕུལ་སའི་མ།།
རྒྱང་ནས་ཁ་པར་གཏོང་སའི་མ།།
ཉེ་རིང་གང་དུ་བདག་གི་མ།།
ད་ནི་མེད་སོང་དྲིན་ཆེན་མ།།
བུ་ངས་ལན་རེར་ཁ་པར་ནང་།།
ཨ་མ་བདེ་འམ་འཚམས་འདྲི་མང་།།
ད་ནི་ཨ་མ་ཞེས་པའི་མིང་།།
འཇིག་རྟེན་ཁམས་ནས་སུ་ལ་འབོད།།
ཨ་མ་རྩེ་ལ་དགའ་ལ་རི།།
སྐད་ཆ་བཤད་ན་འཁྱོག་ཚ་བོ།།
ད་ནི་འདི་དག་མེད་སོང་བས།།
ཨ་མའི་རྩེ་དགོད་གང་དུ་ཐོས།།
ལས་གང་བསྒྲུབ་ལ་བློ་ཐག་ཆོད།།
དགེ་བའི་ཕྱོགས་ལ་བློ་སེམས་དཀར།།
བུ་དང་གཉེན་ལ་ཤ་ཚ་ཆེ།།
ཨ་མ་བཟང་མོར་གང་དུ་འཕྲད།།
མདང་དགོང་རྨིས་པའི་རྨི་ལམ་ནང་།།
ཨ་མ་འཛུམ་ཞིང་དགོད་བཞིན་འགྲོ །
ད་ནངས་གཉིད་ལས་སད་མ་ཐག །
མཆོད་མེ་འབར་བའི་འོད་ལས་མེད།།
ཨ་མར་གཏན་དུ་གྱེས་པ་ཤེས།།
འོན་ཀྱང་སེམས་སུ་ཡོད་ཡོད་འདྲ།།
ཨ་མའི་རྗེས་སོང་སེམས་པ་འདི།།
ཉི་མའི་རྗེས་ཀྱི་མུན་པ་འདྲ།།
སྐྱེས་པའི་མཐར་གྱི་འགྲོ་ལམ་ཉིད།།
ཕྱི་མའི་ལམ་ལས་གཞན་མེད་པ།།
བདག་གིས་དེ་བཞིན་ཤེས་ན་ཡང་།།
མཆི་མ་འགོག་ལ་སྟོབས་དང་བྲལ།།
ཨ་མས་གནང་བའི་མིག་གསུམ་ཅན།།
དྲན་རྟེན་གཟི་ཡི་ནོར་བུ་དང་།།
ཚ་རུས་བཟོས་པའི་སྟོད་ལྭ་གཉིས།།
ལྟ་བཞིན་ལྟ་བཞིན་མིག་ཆུ་འཛག །
བུ་ཡི་དོན་ལ་མིག་ཆུ་བཞུར།།
ཁྱིམ་ཚང་དོན་ལ་རྔུལ་ཆུ་བཞུར།།
ཨ་མའི་ཚེ་གང་མྱངས་པ་དག །
བསམས་ན་བུ་ངའི་མིག་ཆུ་བཞུར།།
ཨ་མའི་མིང་གི་འབོད་པ་ཡི།།
སྐལ་བཟང་ད་ནི་མེད་གྱུར་བས།།
དེ་ཡི་ཚབ་ཏུ་གཟུངས་ཀྱི་མཆོག །
མ་ཎི་ཡི་གེ་དྲུག་མ་ཟློ།།
༧གོང་ས་ཡིད་བཞིན་ནོར་བུ་གཙོས།།
ས་སྐྱ་གོང་མ་ཀརྨ་པ།།
སེ་འབྲས་དགའ་གསུམ་ཆོས་ཀྱི་སྡེ།།
བསྔོ་བ་མཆོད་འབུལ་གང་མང་བྱེད།།
ནམ་ཡང་ཡ་རབས་དྲང་བོར་བརྩོན།།
བླ་མ་དགེ་འདུན་ཚོགས་ལ་བཀུར།།
ཁྱད་འཕགས་ལྡན་པའི་དགེ་བའི་གཙོ།།
དྲིན་ཆེན་ཨ་མའི་རྗེས་ལ་བསྲིངས།།
ཐ་མག་ཆོད་པའི་དམ་བཅའ་འབུལ།།
ཆང་རག་མི་བཏུང་ཁས་ལེན་བྱེད།།
འདི་ལ་དགེ་བ་ཅུང་མཆིས་ན།།
དྲིན་ཆེན་ཨ་མའི་དྲུང་ལ་ཕུལ།།
བུ་ལ་དགེ་བ་ཅུང་ལྡན་ན།།
མ་ཁྱོད་དགེ་བའི་སྐྱེས་སུ་ཕུལ།།
ཨ་མར་སྡིག་པའི་ལས་ཡོད་ན།།
བུ་ངའི་ལས་སུ་སྨིན་པར་ཤོག །
ཚེ་འདིར་དྲིན་ལན་མ་འཇལ་བས།།
ཕྱི་མར་བསྲིངས་པའི་བུ་ལོན་ཡིན།།
ཆུང་དུས་མ་ལ་མ་གུས་པས།།
བུ་ལ་འཁོར་འོས་རྣམ་སྨིན་ཡིན།།
ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་དང་།།
འཕགས་པའི་དགེ་འདུན་རྒྱ་མཚོའི་སྡེ།།
མི་ཕྱེད་དད་པ་བྱེ་བས་མཆོད།།
བདག་གི་མ་ལ་སྡོང་གྲོགས་མཛོད།།
མ་ཁྱོད་དལ་འབྱོར་ལུས་ཀྱི་རྟེན།།
རིང་མིན་འཐོབ་པའི་སྐལ་བཟང་ཤོག །
བུ་ང་ནམ་ཞིག་འཆི་ཡང་སླར།།
ཁྱེད་ཀྱི་བུ་རུ་སྐྱེ་བར་ཤོག །
འདི་ལྟར་བྲིས་པའི་དགེ་བ་ཡང་།།
འཇིག་རྟེན་ཁམས་ཀྱི་ཨ་མ་རྣམས།།
འདི་དང་ཕྱི་མ་ཀུན་ཏུ་ཡང་།།
ཕུན་ཚོགས་འབྱུང་བའི་རྒྱུ་རུ་བསྔོ།།
༡༤/༠༩/༢༢
ཨ་མ་མ་བདེར་མ་འགྲིག་ཟིག།
ཚང་མ་འདི་ལྟར་འགྲོ་དགོས་བའི།།
ཆོས་ཉིད་ཙམ་གྱི་སེམས་གསོ་འདི།
རྒན་ལ་ཕུལ་བའི་གདུངས་གྲོགས་ཡིན།
མ་ཎི་རེ་དང་སྨོན་ལམ་ཞིག།
ཁྱེད་ཀྱི་ཨ་མའི་རྗེས་སུ་བསྔོ།
བྱམས་དང་བརྩེ་བའི་བདག་ཉིད་མ།
འདི་ཕྱི་གང་ན་ངན་སོང་མེད།
སེམས་གསོ་ཡོད།
སྙན་ངག་པ་ལ་སེམས་གསོའི་ཆེད།།
སྙན་ངག་ཚིག་བཞིའི་མཆོད་པ་ཞིག།
དུས་གསུམ་རྒྱལ་བ་སྲས་བཅས་ལ།།
སྙིང་ནས་འབུལ་ལོ་བཞེས་སུ་གསོལ།།