གཅན་བཟོད་རྒྱམ།
___________
___________མཚམས་རེར་བྱིས་པ་བཞི་རེ་ལྔ་རེས་རང་རང་གི་ཁ་མཐུན་ཕྱོགས་ཀྱིས་སློབ་གྲྭའི་གྱང་རྩ་དག་དང་། ཡང་ན་གད་རྩ་དག་ན་མགོ་བོ་རིག་རིག་གིས་གཅིག་གིས་སྒྲུང་བཤད་ཅིང་གཞན་ཚོས་ཉན་བཞིན་ཡོད། ཕ་མ་དང་ནང་མིས་བཤད་པའི་སྒྲུང་རྣམས་མཁས་ཉམས་དང་བཅས་་སློབ་གྲོགས་ཚོར་བཤད་པ་དང་། སློབ་གྲྭ་ནས་གོ་བའི་སྒྲུང་རྣམས་ཕྱིར་ནང་དུ་ཡོང་ནས་རང་གི་ནང་མིར་བཤད་བཞིན་ཡོད།
ང་རང་ཆུང་ཆུང་བྱིས་པ་ཡིན་དུས། ཕ་མ་གཉིས་ཀ་གཙོས་ཕུ་བོ་དང་ཨ་ལྕགས་ཚོས་དགོང་མོའི་ནུབ་ཚ་འཐུང་ཚར་བ་དང་ཟངས་དང་དཀར་ཡོལ་བཀྲུས་རྗེས། ཚང་མ་ཚབ་ཐབ་ཐོག་ཏུ་བུད་དེ་མདོ་གདུགས་སྒྲོལ་གསུམ་ཚར་འགའ་བཏོན་རྗེས་རང་རང་གི་ཉལ་སར་འཛུལ། དེ་ནས་ཕ་མ་གཉིས་ནས་མགོ་འཛུགས་ཀྱིས་ཕུ་བོ་དང་གཅེན་མོ་ཚོས་ཕན་ཚུན་ལ་གནའ་སྒྲུང་འདྲ་མིན་བཤད་བཞིན་རང་རང་གཉིད་མ་ལོག་གི་བར་དུ་འདུག འདི་ནི་སྐབས་དེའི་ངེད་ཚང་གི་ནམ་རྒྱུན་གྱི་དགོང་མོའི་འགྲོ་ལུགས་ལྟ་བུར་གྱུར་འདུག
ངས་ཀྱང་རང་གི་ལོ་ཚོད་དང་བསྟུན་ནས་ཁོང་ཚོས་བཤད་པའི་གནའ་སྒྲུང་སྙན་མོ་དེ་དག་རེ་རེ་བཞིན་རང་བློར་ངེས་ཐབས་ལ་འབད་པ་ཡིན་ལ། སློབ་གྲྭ་ནས་ཀྱང་སློབ་གྲོགས་བྱིས་པ་ཚོ་དང་ལྷན་དུ་འཛིན་གྲྭ་ནམ་གྲོལ་དང་བར་གསེང་ནམ་ཡོད་ལ་ཕན་ཚུན་ལ་སྒྲུང་བཤད་རེས་བྱེད་ཀྱི་ཡོད།
(རི་བོང་དང་སྤྱང་ཀི) (ཨ་མ་དྲེད་མོང་དང་དྲེད་ཕྲུག་རྒྱ་ལི།) (ཨ་ཁུ་འབྲོང་དང་ཨ་མ་དྲེད་མོང་།) (ཨ་ཁུ་རི་བོང་དང་གྲོག་མ། ད་དུང་ལྟིག་ལེ་སྐྱ་ལྡིང་།) (རྒྱལ་པོ་དང་གསེར་གྱི་ལྷ་ཁང་།) (ཨ་བོ་བྱེའུ་ཆུང་དང་ཨ་ཕ་ཁྭ་ཏ།) (སྐྱ་ཀ་དང་དེ་ཕོ)་སོགས་བྱིས་སྒྲུང་འདི་དག་ནི་སྐབས་དེའི་ངེད་བྱིས་པ་ཚོས་བཤད་སྤྲོ་ལ་ཉན་འདོད་པའི་སྤྱི་ཚོགས་རང་བཞིན་ཅན་གྱི་སྒྲུང་རྐྱང་རྐྱང་རེད།
མཚམས་རེར་བྱིས་པ་བཞི་རེ་ལྔ་རེས་རང་རང་གི་ཁ་མཐུན་ཕྱོགས་ཀྱིས་སློབ་གྲྭའི་གྱང་རྩ་དག་དང་། ཡང་ན་གད་རྩ་དག་ན་མགོ་བོ་རིག་རིག་གིས་གཅིག་གིས་སྒྲུང་བཤད་ཅིང་གཞན་ཚོས་ཉན་བཞིན་ཡོད། ཕ་མ་དང་ནང་མིས་བཤད་པའི་སྒྲུང་རྣམས་མཁས་ཉམས་དང་བཅས་་སློབ་གྲོགས་ཚོར་བཤད་པ་དང་། སློབ་གྲྭ་ནས་གོ་བའི་སྒྲུང་རྣམས་ཕྱིར་ནང་དུ་ཡོང་ནས་རང་གི་ནང་མིར་བཤད་བཞིན་ཡོད།
བྱིས་པ་ཚོས་འདི་ལྟར་ཕན་ཚུན་ལ་སྒྲུང་ཤོད་རེས་བྱེད་པའི་བརྒྱུད་རིམ་ཁྲོད་སྐབས་དེའི་བྱིས་པ་རེའི་ཉུང་མཐར་ཡང་སྒྲུང་བཅོ་ལྔ་ཉི་ཤུ་རེ་མི་ཤེས་མཁན་མེད་ཟེར་ན་ཆོག སྐབས་དེའི་བྱིས་པ་ཚོའི་བཤད་བཞིན་པའི་གནའ་སྒྲུང་དེ་དག་ནི་དངོས་གནས་གནའ་སྒྲུང་རང་རེད་པས། ད་ལྟའི་ཡིག་ཐོག་ན་དེ་འདྲ་མཐོང་རྒྱུ་མི་འདུག
བྱིས་པ་ཚོ་རེ་རེ་བཞིན་ཆེར་ཆགས་པ་དང་། ཁོ་ཚོས་གནའ་བོའི་བྱིས་སྒྲུང་བསྐྱུར་ཏེ་དེང་རབས་བརྩམས་སྒྲུང་ལ་ཁ་ཕྱོགས་པ་དང་བསྟུན་ནས། སྙན་ཞིང་འཇེབས་ལ་དོན་སྙིང་ལྡན་པའི་གནའ་བོའི་བྱིས་སྒྲུང་དེ་དག་ཀྱང་གཏན་དུ་ཁོ་ཚོ་དང་ཁ་བྲལ་སོང་བ་རེད།
ཉན་སྤྲོ་ལ་བཤད་འདོད་པའི་བྱིས་སྒྲུང་དེ་དག ལོ་ངོ་ཅི་ཙམ་གྱི་རིན་ཐང་ལྡན་མིན་མི་ཤེས་པའི་བྱིས་སྒྲུང་དེ་དག ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་སྒྱུ་རྩལ་གྱི་བཞུར་རྒྱུན་རིང་བའི་བྱིས་སྒྲུང་དེ་དག རིག་གནས་ཀྱི་བང་ཁ་ཚད་མཐོར་སླེབས་པའི་དེང་དུས་ཀྱི་ཡིག་ཐོག་ན་མེད་པའི་བྱིས་སྒྲུང་དེ་དག ཁོར་ཡུག་དང་སྤྱི་ཚོགས་ཀྱི་འབྲེལ་བ་གསལ་བོར་མཚོན་པའི་བྱིས་སྒྲུང་དེ་དག བྱིས་པ་ཚོའི་ངག་ནས་བཤད་མཚམས་ཆད་པ་དང་ལྷན་དུ། གཏན་དུ་ཡལ་སོང་། བཙལ་ཀྱང་མི་རྙེད་པའི་མིང་གི་ལྷག་མར་གྱུར་སོང་།
ད་ནི་ངས་ཇི་ལྟར་བསམ་བློ་བཏང་ཡང་ཆུང་བྱིས་དུས་ཀྱི་བྱིས་སྒྲུང་འདི་གཅིག་པོ་ལས་གཞན་རྣམས་བཙལ་ནས་རྙེད་མ་སོང་། ངས་སྒྲུང་བཤད་རྒྱང་ང་ཆུང་དུས་ཀྱི་རྩེད་རོགས་དང་སློབ་གྲྭ་ཚོ་དྲན་འོང་གི དེ་རིང་ཁྱེད་ཚོར་གནའ་བོའི་བྱིས་སྒྲུང་འདི་ཐེངས་གཅིག་བཤད། ཁྱོད་ཚོ་ང་བྱིས་དུས་ཀྱི་རྩེད་རོགས་དང་སློབ་གྲོགས་ཆུང་ཆུང་དེ་ཚོ་ཡིན་ཁུལ་བྱས་ཨང་།
སྒྲུང་དངོས།
ཉིན་ཞིག་རི་བོང་དང་འབུ་གྲོག་མ། ལྟིག་ལེ་སྐྱ་ལྡིང་གསུམ་གྱིས་ཟྭ་བོ་བཏུས་ཏེ་ཚོད་མ་བཅོས་པ་རེད། ཁོ་ཚོས་རེ་རེ་ལ་ཚོད་མ་ཞིམ་པོ་གཅིག་རེ་བཅོས་ཏེ་ཐབ་ཏུ་བཙོས་པ་རེད།
ཅུང་ཙམ་ནས་རི་བོང་གིས། “ཡ་ད་ངས་ཚོས་ཡོད་མེད་ལ་གཅིག་ལྟ་དང་”ཟེར་བཞིན་རྣ་ཅོར་ཅོར་ངང་ཚོད་མ་གཅིག་ཟོས་རྗེས། མགོ་བོ་ཐད་དུ་གཡུག་གཡུག་བྱེད་བཞིན། “ཨིང་ཧིན། ཞིམ་པོ་ད་འདུག་སྟེ། ད་དུང་ཅུང་ཚོས་མི་འདུག”ཅེས་བཤད་པར། གྲོག་མ་དང་ལྟིག་ལེ་གཉིས་ཀྱིས་རི་བོང་ལ་ལྟ་བཞིན་ཁ་ཆུ་མིད་ཙམ་བྱས།
ཅུང་ཙམ་འགོར་རྗེས་ཡང་རི་བོང་གིས”ཡ་ད་ངས་ཚྭ་ཨེ་བྲོ་ལ་གཅིག་ལྟ་དང་”ཟེར་བཞིན་ཡང་ཚོད་མ་གཅིག་ཟོས། གྲོག་མ་དང་ལྟིག་ལེ་གཉིས་ཀྱི་སེམས་སུ། ཡང་སྙིང་ང་ཚོའི་ཚོད་མ་འདིའི་བྲོ་བ་ཅི་འདྲ་ཞིག་ཡིན་ནམ་སྙམ་བཞིན་རི་བོང་གི་གདོང་ལ་བལྟས། རི་བོང་གིས་”ཨོ་ཚྭ་ཏག་ཏག་རེད་འདུག་སྟེ། ད་དུང་ཅུང་ཚོས་མི་འདུག”ཅེས་བཤད་རྗེས་རང་སར་ལྷོད་ཀྱིས་བསྡད།
ཡུད་ཙམ་ནས་རི་བོང་གིས་གྲོག་མ་དང་ལྟིག་ལེ་གཉིས་ཀྱི་རྣམ་ཤེས་གཡང་བའི་སྐབས་དང་བསྟུན་ནས་སླར་ཡང་ཚོད་མ་གཅིག་ལྷག་ཡོད་པ་དེ་ལག་སྙོབ་ཅིག་བྱས་ཏེ་”ཨོ་ད་ཚོས་འདུག་་་་ཚོས་འདུག”ཟེར་བཞིན་ཚོད་ལ་གཅིག་པོ་དེ་ཡང་ཁྱེར་ནས་ནགས་ཀྱི་ཕྱོགས་སུ་བྲོས་སོང་།
གྲོག་མ་དང་ལྟིག་ལེ་གཉིས་ལ་ཚོད་མ་གཅིག་ཀྱང་མ་རག་སྟབས། ཁོང་ཁྲོ་ཆེན་པོ་ལངས་བཞིན་རི་བོང་གི་ར་མདར་འགྲོ་བའི་གྲབས་བྱས།
ལྟིག་ལེ་ཡིས་ཁོང་ཁྲོའི་ངང་ནས་”ང་ར་མདར་འགྲོ”ཟེར་བཞིན་ཤུལ་དུ་ལྷག་པའི་ཁུ་བ་རྣམས་བཏུང་ཡག་བྱས་པས་གྲོད་པ་རིལ་རིལ་ཆགས་ནས་འགུལ་ཡང་མ་ནུས་པ་རེད།
གྲོག་མས་ལྟིག་ལེ་ལ་ལྟ་བཞིན། “ད་ཁྱོད་འགུལ་ཡང་མི་ཐུབ་པས་ར་མདར་ཇི་ལྟར་འགྲོ དེ་བས་ང་འགྲོ”ཟེར་བཞིན་གྲོད་པ་སྟོང་བའི་སྟེང་དུ་སྐེད་རག་བཅིངས་ཏེ་བསྡམས་བསྡམས་པས་མགོ་ལུས་ཆད་ལ་ཁད་པར་གྱུར་བ་དང་། མཐར་ཁོ་གཉིས་ཀར་ཚོད་མ་མ་རག་པའི་སྟེང་དུ་ར་མདར་ཡང་འགྲོ་མ་ཐུབ་པར་ལྷག་པ་རེད།
ཐ་སྙད་གསལ་འགྲེལ།
༡ ཚོད་མ། མོག་མོག
༢ ལྟིག་ལེ། ལུག་ཤིག་གམ། དབྱར་ཁར་ཟོག་ལུག་གི་རྒྱབ་ཏུ་ཡོད་པའི་འབུ་རིལ་རིལ་ཞིག་གི་མིང་ཡིན།
༢༠༠༩ལོའི་སྤྱི་ཟླ་༡༡པའི་ཚེས་༣༠ཉིན་ཡི་གེར་ཕབས་པ་འདིས་ཀྱང་བོད་གངས་ཅན་པའི་བྱིས་པ་སྣབས་ལུག་ཚོའི་སྐད་ཡིག་ཡར་རྒྱས་ལ་ཅུང་ཟད་ཕན་པའི་རྒྱུར་གྱུར་ཅིག
འདི་ངའི་གློག་ཡིག་ལས་མཐོང་དུས་སུ་དྲ་ངོས་སུ་བཀོད་ཚར་འདུག
དགེ་རབ་ལགས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། ངའི་རྩོམ་ཡིག་འདི་སང་ཉིན་མ་གཏོགས་ཁ་བརྡ་དྲ་ངོས་ནས་མཐོང་ཐུབ་རྒྱུ་མ་རེད་འདོད་ཡོད་མོད། ད་ལྟ་རང་བསྐུར་ན་ད་ལྟ་རང་དྲ་ངོས་སུ་བཞག་པར་སྙིང་ནས་དགའ། སླར་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
རེད་རེད། ཀླུ་སྨྱོན་ལ་ཡང་ཁག་ཡོད་ནི་མ་རེད། ངའི་རྩོམ་ཡིག་འདི་ཁྱོད་ལ་བསྐུར་དུས་ངས་ཁོ་རྐང་ཐང་མར་འགྲོ་རུ་བཅུག་པ་ཡིན། དེ་བས་ཁོ་དེ་གར་མགྱོགས་པོར་མ་སླེབས་པ་རེད། རབ་གསལ་ལ་བསྐུར་དུས་དེང་རབ་གློག་འཕྲིན་E-mail བརྒྱུད་དེ་བསྐུར་བས་ད་ལྟ་རང་བསྐུར་ན་ད་ལྟ་རང་འབྱོར་ཐུབ་སོང་བ་རེད།
འདི་ངས་སྐུར་སྟངས་ཀྱི་ཁད་པར་ཞིག་ཡིན་རྒྱུ་རེད། ད་དྲ་ངོས་སུ་བཞག་འདུག་ན་བཤད་དགོས་དོན་མི་འདུག དེ་བས་གཞན་གླེང་རྒྱུ་འདྲ་ཡོད་ན་ཤོད་དང་།
ད་དུང་ཁྱེད་ཀྱིས་ཨ་ཅེ་གསེར་མོ་མཚོ་དང་དངུལ་མོ་མཚོ་ཞེས་པའི་གནའ་གཏམ་དེ་ཉན་མ་མྱོང་ངམ།
གསེར་སྐྱོགས་དང་དངུལ་སྐྱོགས་ཆུ་ཁར་འཇོག་རེས་ཀྱིས་མགོ་སྐོར་བཏང་རྗེས་ནང་ནས་ཐོན་པའི་སྐོར་དང་འབྲེལ་ཡོད་བསམས་སོང༌། དེ་ཉན་མྱོང་ངམ།
ངས་བྱིས་སྒྲུང་སྐོར་གྱི་རྩོམ་ཡིག་འདི་འབྲི་སྐབས། གོང་གི་བྱིས་སྒྲུང་ལས་དེའི་གསལ་བཤད་དམ། ང་ཆུང་དུས་ཀྱི་སྐོར་ནས་གླེང་བ་དེ་གལ་ཆེར་འཛིན་བཞིན་ཡོད། དེ་བས་ངའི་རྩོམ་ཡིག་དེའི་ཁ་བྱང་འཇོག་སྐབས་ཀྱང་བསམ་གཟས་ནས་”གཏན་དུ་ཡལ་ཟིན་པའི་བྱིས་སྒྲུང་ཞིག་ཆེད་དུ་གླེང་བ།”ཞེས་པ་འདི་འདྲི་ཞིག་བཞག་པ་ཡིན།
སྤྱིར་དམངས་ཁྲོད་གཏམ་རྒྱུད་དམ་སྒྲུང་གཏམ་དེ་ཚོ་གལ་ཆེན་ཡིན་པ་སྨྲོས་མེད་ཐོག ངས་འདིར་གླེང་འདོད་པ་དེ་ལོ་ངོ་སྟོང་ཕྲག་གམ་ཡང་ན་དུ་མའི་རིང་ལ་ཡབ་མེས་ཚོ་གཅིག་ལ་གཅིག་བརྒྱུས་ནས་འོང་བའི་གནའ་སྒྲུང་དེ་དག་རྩ་བརླག་ཏུ་སོང་བ་དང་འགྲོ་བཞིན་པར་སེམས་འཁྲལ་ཞིག་དང་། དེ་དག་རྩ་བརླག་ཏུ་འགྲོ་བཞིན་པ་མྱུར་སྐྱོབ་བྱེད་དགོས་པ་དེ་སྟོན་འདོད་པ་ཡིན། ང་ཚོས་བོད་རང་གི་གནའ་བོའི་གསོན་ཉམས་ལྡན་པའི་གནའ་སྒྲུང་གོ་བདེ་ལ་འཛིན་བསླ་བ་དག་རྩ་ཡལ་དུ་སོང་རྗེས། ཕྱི་གླིང་བའི་”བྱིས་སྒྲུང་གྲགས་ཅན”ཡིན་ན་ཅིག་ཟེར་བཞིན་དེ་དག་བོད་བསྒྱུར་བྱེད་པ་དང་དཔེ་བསྐྲུན་འགྲེམས་སྤེལ་གཅིག་འཕྲོག་གཉིས་ལས་བྱེད་བཞིན་འདུག འདི་དག་ལས་དོན་མི་བཟང་མ་ཞིག་ཟེར་གིན་མེད་དེ། དེ་དག་ལས་ཀྱང་གལ་ཆེན་རང་བཞིན་ཞིག་ནི། རྩ་ཡལ་སོང་ཟིན་པའམ་ཡང་ན་ཡལ་ནས་འགྲོ་བཞིན་པ་འདི་དག་མྱུར་སྐྱོབ་ལ་འབད་དགོས་པ་ཁ་ཚ་དགོས་གཏུགས་ཀྱི་ལས་གཞི་ཞིག་ཅིས་ཡིན་པ་སྨྲས་མེད་རེད། དེ་བས་གོང་དུ་ངས་བྲིས་བྱིས་དེ་ལས། དེ་དང་འབྲེལ་བའི་གསལ་བཤད་ཀྱི་སྐད་ཆ་དེ་དག་ལ་རིན་ཐང་དུ་བརྩི་བཞིན་ཡོད།
ཡིག་ནོར་དང་གཏགས་ནོར་ཡོད་ན་དགོངས་དག་ཞུ། བཅོས་ཁོམ་མི་འདུག
དྲ་གྲོགས་བཟོད་རྒྱམ་གྱིས་བྲིས་པའི་གནའ་དཔེ་ཚར་གཅིག་ཀློག་རྗེས་ངོ་མ་ང་ཆུང་དུས་ཀྱི་འཚོ་བ་དག་དག་སེམས་ལ་འཁོར་ཡོང་གི།་་་་་་་ཡུན་རིང་བོར་ཆུང་དུས་ཀྱི་འཚོ་བར་བསམ་བློ་མ་གྷབཏང་བས་གནའ་དཔེ་ཌྷའདི་མོ་འདི་ལ་མ་བལྟས་ན་བརྗེད་སོང་ནི་འདྲ་བོ་རེད།་ཡུམ་དུམ།
རེད། ཆུང་དུས་གནའ་གཏམ་མང་པོ་ཞིག་གོ་མྱོང་ཞིང་ཤོད་ཀྱང་ཤེས་མོད། ང་ལ་མཚོན་ན་ཧ་ཅང་ཚོར་སྣང་སྐྱེན་པའི་གནའ་གཏམ་ནི་གླེན་པ་ལྟ་ལ་ལྟིག་དང་། རྒྱལ་པོ་གླང་དར་མགོ་གི་ར་ཅོ་གཉིས་རེད།
ཡིན་ན་ཡང་ཁྱེད་ཀྱི་བྱིས་སྒྲུང་འདི་ཐོས་མྱོང་མི་འདུག སྙན་པོ་འདུག
བྱིས་སྒྲུང་འདིའི་རིགས་དཔར་དུ་བཏབས་ཏེ་ཤེས་རིགས་ལས་ཁུངས་སུ་བསྐུར་ན་ཕན་ཐོགས་ཆེ་ས་རེད།
དྲ་གྲོགས་གཉིས་ཀྱིས་བསམ་ཚུལ་གླེང་བར་དགའ། འོན་ཀྱང་མདོ་ཁམས་པ་ལགས། “བྱིས་སྒྲུང་འདིའི་རིགས་དཔར་དུ་བཏབས་ཏེ་ཤེས་རིགས་ལས་ཁུངས་སུ་བསྐུར་ན་ཕན་ཐོགས་ཆེ་ས་རེད།”ཤེས་རིག་ལས་ཁུངས་ཀྱིས་འདི་མོ་འདི་པར་དུ་བཏབ་རྗེས་ང་ཚོ་སྟེ་སྤྱི་ཚོགས་ནང་དུ་དཀྲམ་པའམ། ལྷག་པར་དུ་བྱིས་པ་སྡོད་སའི་སློབ་གྲྭ་དག་ཏུ་བཀྲམ་རྒྱུ་མིན་པར། ཡར་ཤེས་རིག་ལས་ཁུངས་སུ་སྤྲད་ནས་གཏེར་དུ་སྤོས་རྒྱུ་ནི་མིན་ནམ། ཕལ་ཆེར་ཉིད་ཀྱིས་སྐད་ཆ་བཤད་སྟངས་ནོར་བ་ལས་དོན་ལ་འདི་འདྲ་སྙམ་མེད་པར་སྨོན། ངས་རྗེས་མ་རང་སྟེང་ནས་འདི་ལྟ་བུའི་བྱིས་སྒྲུང་སྙིང་མོ་དག་དཔེ་སྐྲུན་འདྲ་བྱེད་ཐུབ་སོང་ན། སྙིང་རྗེ་བའི་བྱིས་པ་ཚོ་སྡོད་སའི་སློབ་གྲྭ་དག་གི་དཔེ་མཛོད་ཁང་ལ་རིན་མེད་དུ་འཐུལ་རྒྱུ་ལས། ཤེས་རིག་ལས་ཁུངས་ལ་མི་སྟེར་ཁོ་ཐག་ཡིན། འདི་དངོས་གནས་སེམས་ཀྱི་སྐད་ཆ་ཡིན།
དེ་འདྲ་བ་རེ་བྱེད་ཐུབ་ན་ཡག་པོ་འདུག
བོད་དུ་ཕེབས་རན་རེད་འདུག གཞས་ཚིག
ང་ཡི་༧རྩ་གསུམ་བླ་མ།།
༧སྐྱབས་རྗེ་ཡིད་བཞིན་ནོར་བུ།།
མི་འགྱངས་ཁ་བ་ཅན་ལ།།
ཕེབས་པར་གསོལ་བ་ངས་འདེབས།།
མི་ཚེ་ཕྱེད་ཀའི་རིང་དུ།།
ས་མཐའི་ལྗོངས་སུ་བཞུགས་སོང་།།
རང་ཡུལ་གངས་ཅན་བོད་མིས།།
ད་ནི་སྒུག་ཡུན་རིང་སོང་།།
བོད་མི་ས་ཡ་དྲུག་གིས།།
༧སྐུ་ཉིད་ཁོ་ན་དྲན་ནས།།
རང་གི་གཅེས་པའི་སྲོག་ཀྱང་།།
ཤོར་ཡང་བློ་འགྱོད་མེད་རབས།།
གཞན་ཡུལ་རང་དབང་ཁྲོད་དུ།།
སྐུ་ཚེ་འཕེན་པ་རྫོགས་ཚེ།།
རང་ཡུལ་ཁ་བ་ཅན་ལ།།
མི་ཤི་རྟ་འགྱེལ་བྱུང་ངེས།།
ད་ནི་༧སྐུ་ཉིད་ཁོ་ན།།
གངས་རིའི་ལྗོངས་ལ་ཕེབས་ན།།
ཤི་བོའི་རྣམ་ཤེས་བདེ་ངེས།།
གསོན་པོའི་ཞེན་འཁོན་སངས་ངེས།།
༧སྐྱབས་རྗེ་གངས་རིའི་ལྷ་སྐལ།།
ཐུགས་ལ་ཉེ་རིང་མེད་ཀྱང་།།
རང་རིགས་ཁ་བ་ཅན་པ།།
བསྐལ་བའི་བར་དུ་མ་གཏོང་།།
༠༤།༡༠།༠༩ཉིན་བྲིས་པ་ཡིན། དྲ་ཐོག་ལ་འཇོག་རོགས་རོགས་ཞུ། སྤུན་ཟླ་སུ་ཞིག་གིས་ཐུབ་ཀྱི་ཡོད་ན། དེ་ལ་རེ་སྐུལ་ཞུས་པ་ཡིན།