ར་མདའ།
ང་རང་སྨྲ་བ་འགག་པའི་ཉིན་དེ་ནས་བཟུང
དཀའ་སྡུག་གི་ལོ་ཟླ་རེ་སྒུག་གི་ཁྲོད་ནས་རྫོགས
ཁྱོད་ཀྱི་འཛུམ་མདངས་རྐུ་བཞིན་སྤྲིན་པ་ལྡོམ་པོ་ཞིག་ལ་འཐམས
མདུན་ཕྱོགས་ཀྱི་མེ་ལོང་ཆག་དེའི་ངོ་ལ་ཅེར་ནས
རང་ཉིད་ཀྱིས་རང་ཉིད་ལ་འདྲི་ཚིག་འགའ་སྡེབ་ཏུ་དྲིས
དོན་ངོ་མ་ངའི་སེམས་སུ་འཕག་འཚག་བྱེད་བཞིན་པའི་གཏམ་འདི་དག
ཁྱོད་ལ་བཤད་ན་འགྲིག་གམ
རྒྱ་མཚོའི་རླབས་རིས་ལྟར་གཡོ་བའི་གཏམ་འདི་དག
ཁྱོད་ཀྱི་སྒྲ་འཛིན་བུ་ག་རུ་བསྐྱལ་ན་འཐུས་སམ
བསམ་བཞིན་བསམ་བཞིན
ང་རང་ངུས་ནས་མིག་རྩ་སྐེམ་སོང་རུང
ང་རང་བསྒྱལ་ནས་གཡང་ལ་འཐིམས་སོང་རུང
གཏམ་འདི་ད་དུང་ཁྱོད་ལ་བཤད་མི་ཉན
ཁྱོད་རང་ནི་ད་ལྟ་ནར་སོན་བཞིན་ཡོད་པས
ཁྱོད་རང་ད་ལྟ་བྱེའུ་ཆུང་བཞིན་ནམ་མཁར་འཕུར་ལྡིང་བྱེད་ཀྱིན་ཡོད་པས
ང་རང་མཚན་ཕྱེད་ཀྱི་འུག་པ་བཞིན་སྐུང་ནས་འདུག་དགོས
ཐག་རིང་ས་རིང་ས་ཞིག་ཏུ་སྐུང་ནས་འདུག་དགོས
ངས་ཉིན་མོ་བློས་གཏོང་བྱ་དགོས་ལ
ཉིན་མོའི་མཛེས་པ་ཡོད་ཚད་ཀྱང་བློས་གཏོང་བྱ་དགོས
ངས སྲིན་འབུ་ཕྲ་མོ་བཞིན་རང་ལུས་ལ་འོད་སྣང་ཞིག་སྒྲོན་ནས
མཚན་མོ་རྐྱང་རྐྱང་བརྒྱུད་དགོས ཁྱོད་རང་མེད་ས་རྐྱང་རྐྱང་འགྲིམ་དགོས
མཚན་མོ་ཁོ་ན་འུ་གཉིས་སོ་སོའི་ས་ན་བག་ཕེབས་སེར་སྡོད་ཆོག
ངའི་དམར་པོ་ཁྲག་གིས་བྲིས་པའི་ཉིན་ཐོ་དག་གཏེར་རྫས་སུ་སྦས་ངེས་ལ
ངའི་ཁྱོད་ཀྱི་དགོད་སྒྲ་དང་ང་ཡི་རེ་བཞག་ཡོད་ཚད་ཀྱང་རླུང་ལ་བསྐུར་ངེས
འདི་ནི་དོན་ངོ་མ་མཐའ་མའི་མཇུག་འབྲས་དེ་ཡིན་ནམ ཡང་ན
འདི་ནི་ངས་བླུན་རྟགས་བཤམས་པ་ཡིན གང་ལྟར
གཏམ་འདི་ཁྱོད་ལ་བཤད་མི་ཉན ཁྱོད་ཀྱི་ལྷིང་འཇགས་དཀྲོག་མི་ཉན
སྙིང་གི་ཕྱེད་ཀ་དང་འདྲ་བའི་ཁྱོད་རང མིག་ཟུང་དང་འདྲ་བའི་ཁྱོད་རང་
ང་ལ་ལེ་བདའ་མ་བྱེད་རོགས
ཁྱོད་ཀྱི་ཆེད་དུ་ངས་རང་ཉིད་མནར་གཅོད་བཏང་བ་ལས་ཐབས་མི་འདུག
གང་ལྟར་ང་རང་མཚན་སྨག་ཀློང་གི་མེ་ཏོག་དཀར་བོ་དེ་ཡིན་པ་མ་བརྗེད་ན་ཆོག
ང་རང་ཁ་ཁུ་སིམ་མེར་རྒྱང་རིང་ཞིག་ཏུ་འགྲོ་ངེས
ང་རང་ཁྱོད་ཀྱི་མིག་ཟུང་རུམ་ནས་མི་སྣང་བར་གྱུར་ངེས
ངས་མཐའ་ན་ཡོད་ཚད་ཁྱོད་ལ་བཞག་ནས་དམར་ཧྲེང་དུ་བུད་འགྲོ
ང་བུད་འགྲོ རྩ་ནས་བུད་འགྲོ
འཇིག་རྟེན་འདི་ནི་བརྩེ་དུང་གིས་བསྐྲུན་་པའི་འོད་སྣང་ཞིག་སྣང་ན་ཡང་མཚམས་རེར། རང་ཉིད་དང་བརྩེ་དུང་ཁ་ཐག་རིང་ས་སྡོད་དེ་དེ་གཅིག་པུ་ཡིད་ལ་སྒོམ་ནས་སྡོད་དགོས་པ་ནི་ངོ་མ་བརྗོད་དཀའ་བའི་ན་ཟུག་གསོན་པོ་ཞིག་རེད་ཨང་། ཁྱེད་ཀྱིས་རང་གི་དྭངས་གཙང་གི་སེམས་པ་གཙིགས་སུ་བཟུང་ནས་་ཕ་རོལ་པའི་མདུན་ལམ་ལ་ཁུར་དུ་ལེན་པ་ནི་སྐྱེས་བུ་ཕོ་རབ་ཞིག་གི་ཁྱད་ཆོས་རེད་སྙམ། ཁྱེད་ནམ་ཡང་དེ་ལས་རྒྱལ་བར་སྨོན།