ཀླུ་སྨྱོན།
དེ་རིང་ནི་ཟླ་དགུ་པའི་ཚེས་ཉེར་གཉིས་ཡིན། ཞོགས་པར་སྨུག་སྤྲིན་ཕོན་པོ་ཞིག་གིས་རྡོ་ལ་བརྡར་རི་རྒྱུད་ཡོངས་སུ་བཀབ་འདུག མེག་ལོར་གན་ཇིའི་སྲང་ཤུར་ཕྲ་མོ་དེ་གཉིས་ཀྱི་བར་སྣང་དུ་སྟོན་ལོ་སེར་པོ་ཁྱུ་གཅིག་གིས་ལྡིང་འཁོར་རྒྱག་བཞིན་ཡོད་ཅིང་། དེའི་ཁྲོད་དུ་བོད་ཡིག་དང་ཧིན་དུ། དབྱིན་ཇིའི་ཡི་གེའི་ཚགས་པར་དང་དུས་དེབ་ལས་དབྲལ་བའི་ཤོག་བུ་ལེབ་མོ་འགའ་ལང་ལིང་དུ་འཕུར་བཞིན་ཡོད། གཙུག་ལག་ཁང་གི་སྐོར་ལམ་ནས་བལྟས་ན་རྒྱང་རིང་ལྷོ་ཕྱོགས་ཀྱི་གནམ་ས་འདྲེས་མཚམས་ཤིག་གསལ་ལ་མི་གསལ་བའི་ཚུལ་དུ་མཐོང་།
མི་ཚོགས་ཤིག་ཀྲུའུ་ཞི་ཏའམ་ལྷ་ཡུལ་དུ་འབོད་པའི་སྒྲུབ་ཁང་དེ་ཚོའི་སྟོད་ཕྱོགས་ནས་ད་དུང་ཧ་ཅང་མཐོ་བའི་རི་ཁྲོད་དུ་བསྲིངས་པའི་ལམ་ཕྲན་གྱ་གྱ་མ་ཞིག་དེད་ནས་ཡར་འགོ་བཞིན་འདུག་ཅིང་། དེ་ཚོའི་ཁྲོད་དུ་རྒན་རྒོན་དང་བྱིས་པ། བོད་པ་དང་ཕྱི་གླིང་པ། རྒྱ་གར་ཁམས་པ་དང་བོང་བུ་སོགས་ཡོད། དེ་ཚོའི་མང་ཤོས་ཀྱི་ལག་ཏུ་ཁ་བཏགས་དཀར་གཙང་རེ་བཟུང་སྟེ་གདོང་ལ་དད་སེམས་དྲག་པོའི་རྣམ་འགྱུར་བཅོས་མིན་རེ་མངོན་འདུག
ཇོ་ལགས། སྒུགས་དང་། ང་ལ་སྒུག་ཙམ་གནངས་དང་།
ངའི་རྒྱབ་ཕྱོགས་ནས་བུ་མོའི་སྐད་གདངས་ཕྲ་བོ་ཞིག་གྲག་ཡོང་ཞིང་། སྐད་གདངས་དེའི་ཁྲོད་དུ་ཆུ་དྲི་ཞིམ་མམ་ཡང་ན་རི་མཐོ་ས་ཁོ་ནར་སྐྱེ་བའི་སྨན་རྩྭ་ཞིག་གི་དྲི་མ་ཁྱད་པར་བ་དེ་འདྲའི་དྲི་བསུང་ཞིག་འཐུལ་བཞིན་འདུག ད་དུང་སྒྲ་སྐད་དེའི་རྦ་རླབས་ཕྲ་མོ་རེ་རེའི་ཀློང་དུ་མི་ཡུལ་གྱི་གསང་བ་ཡོད་ཚད་ཀྱི་གསང་བའི་ཨང་ཀི་སྣ་ཚོགས་ཀྱང་སྦས་སྐུང་བྱས་ཡོད་པའི་ཚོར་བ་ཞིག་སྟེར།
སྤོ་ལགས། སྒུགས་དང་ ང་ལ་སྒུག་ཙམ་གནངས་དང་།
ངས་རང་གི་མདུན་ཕྱོགས་སུ་ཕྱུ་པ་དཀར་པོ་ཞིག་གྱོན་ཅིང་སྐྲ་གཞུག་དམར་པོ་མེ་ལྕེ་འདྲ་བ་ཞིག་མགོར་དཀྲིས་པའི་རྒན་པོ་དེས་ང་ལ་ཏོག་ཙམ་སྒུག་པའི་རེ་བ་བྱས།
ཇོ་ལགས། སྒུགས་དང་། ང་ལ་སྒུག་ཙམ་གནངས་དང་།
རྒྱབ་ཕྱོགས་ཀྱི་འབོད་སྒྲ་དེ་ནི་གཟུགས་མེད་ཀྱི་རྒྱ་ཁབ་རྣོན་པོ་སྟོང་ཕྲག་དུ་མ་ཞིག་དང་འདྲ་བར་ངའི་ལུས་སྟེང་གི་རྩ་ཕྲན་རེ་རེའི་སྟེང་དུ་འཛེར་བྱུང་བའི་ཚོར་བ་ཞིག་བཅོས་མིན་དུ་སྟེར། ངའི་ལྷམ་གོག་གཉིས་པོའི་ནང་དུ་ཞ་ཉེ་བླུགས་པ་དང་འདྲ་བར་གོམ་པ་རེ་རེ་སྤོ་རྒྱུ་ཡང་ཧ་ཅང་དཀའ་བར་གྱུར།
མཐའ་མཇུག་ངས་བུ་མོ་དེར་བསྒུགས་བསྡད་པ་ཡིན། དེ་ནི་ཇོ་མོ་གླང་མའི་རི་རྩེ་ནས་བསྐལ་པ་འཇིག་རྒྱུར་བསྒུགས་བསྡད་པ་དང་ཧ་ཅང་འདྲ་བོ་བྱུང་།
མོ་དལ་བུར་བསླེབས་སོང་། གདོང་གི་མཛེས་པ་དང་ལུས་ཀྱི་གོན་ཆས། གོམ་པའི་འདེག་འཇོག་དང་ལང་ཚོའི་གཟི་བྱིན་སོགས་གང་ལ་བལྟས་ཀྱང་རྡོ་རྗེ་གཡུ་སྒྲོན་མ་ཞུ་བ་དེ་ཁྱོད་མིན་ན་སུ་ཡིན་སྙམ་པ་ཞིག་འདུག ངོ་མ་དེ་འདྲ་ཞིག་འདུག
མོའི་ལག་པ་གཡས་པར་དངུལ་དཀར་གྱི་མེ་ལོང་ཞིག་དང་ལག་གཡོན་པར་ནོར་བུ་གཞོང་བ་གང་བཟུང་འདུག སྟོད་གོས་ཟིང་སྐྱ་དེའི་ཕུ་ཐུང་གི་འོག་ནས་མོའི་ལག་པ་གཡོན་པའི་མགོར་ཀུ་ཤུའི་ཆུ་ཚོད་གསར་ཐོན་ཞིག་གྱོན་ཡོད་པ་མཐོང་ཐུབ།
ངའི་སྣང་བ་ཞིག་ལ་མོས་གོམ་པ་སྤོ་གི་མེད་པར་ལམ་ཕྲན་གྱ་གྱུ་མ་འདི་མོའི་རྐང་ལྷམ་ཆུང་ཆུང་དམར་པོ་དེ་གཉིས་ཀྱི་འོག་ཏུ་ཕར་བཞུད་ཀྱིན་པ་དང་ཧ་ཅང་འདྲ་བོ་ཞིག་བྱུང་།
ཆུ་ཚོད་འགའ་འམ་ཡང་ན་གཟའ་འཁོར་འགའ། ལོ་འགའ་འམ་བསྐལ་པ་དུང་ཕྱུར་འགའི་རྗེས་སུ་མོ་ངའི་འཁྲིས་སུ་བསླེབས་བྱུང་། མོས་ལག་གི་མེ་ལོང་དེ་ངའི་མདུན་དུ་འཕྱར་བཞིན། ཇོ་ལགས། འདིའི་ནང་དུ་གཟིགས་དང་ཟེར།
ངས་རང་གི་གཟུགས་པོའི་ཕྱི་ནང་གི་ནུས་ཤུགས་ཡོད་ཚད་མིག་རིལ་གཉིས་ཀྱི་སྟེང་དུ་བསྡུས་ནས་མེ་ལོང་དེའི་ངོར་བལྟས་པ་ན། རྒྱ་ནག་གི་གཏེར་བརྐོ་རུ་ཁག་ཅིག་གིས་ཧ་ཅང་ཆེ་བའི་ས་འདྲུའི་འཕྲུལ་འཁོར་བཅུ་གྲངས་ཤིག་དང་ལྷན་དུ་རྡོ་ལ་བརྡར་རི་ངོས་སུ་གཏེར་ཁ་སྔོག་བཞིན་འདུག་ཅིང་། དེ་ཚོའི་ཉེ་འཁྲིས་སུ་གསལ་བསྒྲགས་པང་ལེབ་ཆེན་པོ་ཞིག་གི་ངོས་སུ། ཧི་མ་ལ་ཡའི་གཏེར་བརྐོ་ཚད་ཡོད་ཀུང་ཟི། ཞེས་བྲིས་འདུག མི་དེའི་ལ་ལས་རྡོ་ལ་བརྡར་གྱི་རི་རྒྱུད་དུ་འགད་རྫས་བཞག་ནས་བྲག་རི་གཏོར་བཞིན་འདུག་ཅིང་། ལ་ལས་ཟོང་སྐྱེལ་རླངས་འཁོར་ཆེན་པོ་རེ་བསྐོར་ནས་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་རྡོ་ཆེ་ཆུང་མང་པོ་ཞིག་སྦག་སུའི་མགྲོན་ཁང་གི་མདུན་གྱི་གཞུང་ལམ་བརྒྱུད་ནས་རི་ཤོད་དུ་སྐྱེལ་བཞིན་འདུག
ངའི་མདུན་གྱི་གྲལ་རིང་པོ་བསྒྲིགས་པའི་བོད་མི་དང་ཕྱི་གླིང་པ་སོགས་ཀྱི་མི་ཚོགས་དེ་ཚོ་སྐོར་དང་སྐོར་བྱས་ནས་རྒྱ་མིས་གཏེར་ཁ་བསྔོགས་ཤུལ་གྱི་བྲག་ཕུག་དེ་ཚོའི་ནང་དུ་འཛུལ་བཞིན་འདུག
ང་དང་བུ་མོ་དེ་ཡང་ག་ལེར་ཁོ་ཚོའི་འཁྲིས་སུ་བསླེབས་བྱུང་། གཏེར་ཤུལ་བྲག་ཕུག་རེ་རེར་ཨང་གྲངས་དང་མིང་སྣ་ཚོགས་བྲིས་འདུག གཅིག དབུ་མའི་སྒོམ་སྒྲུབ་ཁང་། གཉིས། གཉིས་སྨན་ཏིང་འཛིན་ཁང་། གསུམ། དགུ་བཅུ་གསུམ་ནད་གསོ་ཁང་། བཞི། བཞི་པའི་སྨྱུང་གནས་ཁང་། ལྔ། ་་་ ་་་ ཁོ་ཚོས་སྔ་མོ་ནས་གཏེར་ཤུལ་བྲག་ཕུག་དེ་ཚོ་བདག་འཛིན་བྱས་ཚར་འདུག
ཁོ་ཚོ་རྡོ་ལ་བརྡར་རི་རྒྱུད་དུ་གཉུག་མར་གནས་པའི་ལྷ་དང་ལྷ་མོ་ཁྱུ་གཅིག་ཏུ་གྱུར་ཚར་འདུག
ཁོ་ཚོ་སྔར་བཞིན་མུ་མེད་ཀྱི་ཏིང་ངེ་འཛིན་དེའི་ཀློང་དུ་སད་རྒྱུ་མེད་པར་ཡུར་འདུག
ལྷ་མོའི་བླ་མཚོར་དམག་ཟོར་རྒྱལ་མོ་བཞུགས། །
དྷ་སའི་རི་འགོར་ལྷ་མོ་གཡུ་སྒྲོན་བཞུགས། །
གནས་ཆུང་ཚངས་པ་ཚེ་རིང་མཆེད་མ་སོགས། །
རང་རང་གནས་ས་གསར་པ་གནས་འཚོལ་རེམས། །
་
དཔལ་ལྡན་ལྷ་མོས་ལྷ་མོ་དོན་གྲུབ་བསྐྱངས། །
གནས་ཆུང་ཆེན་པོས་འཕགས་ཡུལ་ལམ་མཁན་མཛད། །
གཡུ་སྒྲོན་ཚངས་པ་ཚེ་རིང་ལྷ་མོ་ཡིས། །
གཞིས་བྱེས་བོད་མིའི་བདེ་དོན་འཕྲིན་ལས་མཛོད། །