འཆམ་ར་དྲི་མེད་རྒྱལ་མཚན།
དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཆོས་མཆེད་གྲྭ་བཙུན་ཡོངས་ཀྱིས་མཁྱེན་ཆུབ་དགོས་རྒྱུར།
དེ་ཡང་གདན་ས་རྣམ་གྲོལ་གླིང་གིས་ཁ་སྔོན་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་གསར་བསྒྲགས་གནང་གསལ་དུ། འདི་ལོའི་བོད་ཟླ་དགུ་བའི་ ཚེས་༢༢ རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན། སྔ་འགྱུར་མཐོ་སློབ་ཆེན་མོའི་མདོ་འོག་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་དང་། མདོ་གོང་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས། རྒྱུད་སྡེ་གོང་འོག་གི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ངེས་གསང་ལེགས་བཤད་མཛོད་འཆང་གི་ཕྱག་ཁྱེར་བཅས། སོ་སོའི་གནས་བབ་དང་བསྟུན་ནས་འབུལ་རྒྱུ་གཏན་ཁེལ་གནང་མོད།
འགྱུར་ལྡོག་ཕྱིན་པ་ཞིག་ལ། ༧གོང་ས་མཆོག་ལྷོ་ཕྱོགས་སུ་ཕེབས་འཆར་དང་སྟབས་བསྟུན་ནས། འདི་ལོའི་ཕྱི་ཟླ་དགུ་བའི་ཚེས་ ༣ ཉིན་༧གོང་ས་མཆོག་གིས་མཛད་སྒོའི་དབུ་འབྱེད་དང་འབྲེལ། ལག་ཁྱེར་རྣམས་གནང་འཆར་གྱིས་མཛད་སྒོ་དེ་སྔ་འཐེན་གནང་རྒྱུའི་གསར་བསྒྲགས་གདན་ས་རང་ནས་གནང་ཟིན་འདུག་པས་དེ་ལུགས་གྲ་སྒྲིག་གནང་གལ་ཆེ་བ་མཐོང་ཞུ།
༢༠༡༠་༧་༢༩ ཉིན།