ཤ་ཀླན་འཇམ་དབྱངས་གྲགས་པ (ཝཱ་ཎ)
ང་ཚོས་གླེང་བཞིན་པའི་གདན་ས། ང་ཚོས་གླེང་འདོད་པའི་གདན་ས། ང་ཚོའི་སྨྱུག་འོག་ནས་ཉམས་ཆུང་ངང་བཞུར་བཞིན་པའི་གདན་ས།
ཙག་བུ་དང་སད་སེར་སྟོང་ཕྲག་གི་ཁ་གཏད་དུ་འགྲེང་བའི་གདན་ས་ནི་འཇིག་རྟེན་གྱི་དྭངས་གཙང་བསྣམས་པའི་གདན་ས་རེད།
ངས་དེ་རིང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་འདུས་དྲུག་སུམ་ཅུ་སོ་དྲུག་རྒྱབ་རྗེས་ང་ཚོས་དུས་རབས་དང་ཕ་ཡུལ་ཇི་ལྟར་གླེང་རུང་ཕ་མེས་ཀྱི་དྭངས་གཙང་ཉར་མཁན་ནི་གདན་ས་ཁོ་ན་ཡིན་པ་རྟོགས་བྱུང༌།
གདན་སའི་སློབ་གསོ་རྗེས་ལུས་རེད་འདོད་མཁན་ཚོ།
གདན་ས་དམར་པོའི་གཞུང་ལ་བསྡུར་ཕོད་མཁན་གྱི་བླུན་པོ་སྙིང་ཁམས་ཅན་ཚོ།
ཁྱེད་ཚོས་གདན་ས་ལ་འོ་བརྒྱལ་བྱས་པ་བགྲང་ལས་འདས།
ཁྱེད་ཚོས་གདན་ས་ལ་མཆིལ་ཞགས་འཕངས་པ་རྩིས་མི་ཐེབས།
ཡིན་ཡང་གདན་སས་ཁྱེད་ཚོ་འབུ་ནས་མི་རུ་བསྒྱུར་ཡོད།
ཁ་ཟ་ལྡག་མ་ཤེས་པ་ནས་སྤོ་དགྱེ་དགྱེ་བྱེད་པའི་སྐད་འགྲག་ཅན་དུ་བསྒྱུར་ཡོད།
ཅིའི་ཕྱིར་ཁྱེད་ཚོས་གདན་ས་ལ་ཕ་གསོད་དགྲ་བཞིན་ལྟ་དགོས་བྱུང་སོང༌།
“གདན་སའི་ནང་མི་བསད་འདུག ” “ཤ་རྙོག་རུས་རྙོག་བཏང་འདུག” ”
དགེ་བསྐོས་བཙན་པོ། ”
ཐ་སྙད་འདི་དག་ཁྱེད་ཚོས་འཛམ་གླིང་སྐྱེ་བོར་གདན་ས་མཚམས་སྦྱོར་བྱེད་དུས་ཀྱི་ཚིག་དག་རེད།
” སྤྱི་ཚོགས་རྙིང་བ་ང་ཚོའི་ཨ་མ་བཞིན་རེད།
ཕྲུ་གུ་ཆེན་པོ་ཆགས་དུས་ཨ་མར་ཉེས་སྐྱོན་ཡོད་པར་མཐོང་ཡང་ཁོང་ཁྲོ་ཟ་མི་སྲིད་པ་བཞིན།
ང་ཚོས་ཀྱང་སྤྱི་ཚོགས་རྙིང་བར་ལྟ་སྟངས་དེ་འདྲ་འཛིན་དགོས། ”
འདི་ནི་མཁས་དབང་འཇམ་དབྱངས་ནོར་བུའི་ང་དགུ་ལོའི་སྔོན་གྱི་སྤྱི་ཚོགས་རྙིང་བར་ལྟ་སྟངས་རེད།
ཁྱེད་ཚོས་གདན་སར་ཨ་མ་བཞིན་གྱི་འདུ་ཤེས་བཞག་མ་ཐུབ་ཀྱང་གྲོགས་པོ་རྙིང་བ་ཞིག་གི་ཚད་དུ་ཅིའི་ཕྱིར་བཞག་མ་ཐུབ།
སྙིང་ལ་ཟུག་གཟེར་བསྐྱེད་པའི་ཐ་སྙད་དེ་དག་གིས་གདན་སའི་སྙིང་བསྲེགས་པ་གྲངས་མེད།
ད་ལྟ་གདན་ས་དངོས་སུ་བརྒྱུད་མ་མྱོང་ཞིང་ཁྱེད་ཚོའི་ཡིག་འཁྱོག་ཁ་ཟས་སུ་བསྟེན་མཁན་གྱི་ཀློག་པ་པོ་ཞིག་མཆིས་ཚེ་ཁོ་ཚོའི་སྣང་ངོའི་གདན་ས་ནི་ཅི་འདྲ་ཞིག་རེད།
ཁྱེད་ཚོས་གདན་སའི་སློབ་གསོ་རྗེས་ལུས་རེད་ཟེར།
གདན་ས་འབུད་རྡུང་དཀྲོལ་གསུམ་གྱིས་དུས་འདའ་བཞིན་ཡོད་ཟེར། ཁྱེད་ཚོ་ནོར་སོང༌།
ས་གསུམ་ན་འགྲན་ཟླ་བྲལ་བའི་ནང་ཆོས་མཁས་དབང་དེ་ཚོ་གདན་ས་ལ་མ་བརྟེན་པ་ཞིག་དཀོན།
ཕྱི་གླིང་བ་ཚོས་མགོ་འབུལ་ལུས་འབུལ་བྱེད་བསྡད་སའི་གཞུང་ལུགས་རབ་འབྱམས་སྨྲ་བའི་ལྷ་རམས་པ་དེ་ཚོ་སློབ་གསོ་འདིས་བསྐྱེད་པ་རེད།
ཁྱེད་ཚོ་ལས་རྒྱུ་འབྲས་ལ་ཡིད་ཆེས་ན།
དགེ་འདུན་འདུས་པ་རྒྱ་མཚོའི་བྱིན་རླབས་ལ་ཡིད་ཆེས་ན།
དད་འབངས་ཀྱི་དཀོར་རྫས་བཟའ་བར་སྐྲག་ན།
སློབ་གཉེར་ཕུ་གང་བྱེད་པར་སྐུ་རིམ་བྲེ་གང་ཅིས་ཕྱིར་བྱེད་མ་ཐུབ།
མ་གཞི་ཡ་མཚན་པ་ཞིག་ལ་ཚོགས་ཆོས་ར་ཉ་གཤིབ་ཆུ་གཤིབ་བྱེད་བཞིན་པའི་གྲྭ་རྐྱང་ཉམས་ཆུང་དེ་ཚོ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་དུ་འགྱུར་འགྲོ་ཞིང༌།
འབུད་རྡུང་དཀྲོལ་གསུམ་མང་དྲགས་ན་སློབ་གཉེར་ལ་གནོད་པའི་ངར་སྐད་སྒྲོག་བཞིན་པའི་གསར་བརྗེ་བ་དག་དེའི་ལྡོག་ཕྱོགས་སུ་འགྱུར་འགྲོ།
ཡང་ཁྱེད་ཚོས་གདན་སས་དུས་རབས་ཀྱི་རྗེས་མི་ཟིན་ཟེར།
ཁྱེད་ཚོར་དུས་རབས་ཀྱི་རྗེས་ཟིན་པའི་དཔེ་མཚོན་ཞིག་བསྟན་དུ་ཡོད་དམ།
ཡོད་ན་སྟོན་དང་ང་ཚོས་དུས་རབས་ཀྱི་རྗེས་ཟིན་པའི་ཁྱེད་ཚོའི་དེ་དང་དུས་རབས་ཀྱི་གཞུག་དུ་ལུས་པའི་ང་ཚོའི་གདན་ས་གཉིས་གཤིབ་སྡུར་བྱེད་ཆོག
ང་ཚོའི་ཕྱིར་བསྣུར་གོམ་གང་མི་བྱེད། ང་ཚོ་ངོ་མི་ཚ་ཞེ་མི་ཁྲེལ།
ང་ཚོ་གདན་ས་ང་ཚོའི་ཡིན་པར་སྤོབས་པ་ཡོད།
འཛམ་གླིང་ན་ངོམ་དུ་རི་བའི་གདན་ས་འདི་ལྟ་བུ་ཡོད་པར་ཅིའི་ཕྱིར་ང་ཚ་ཨང༌།
གདན་ས་ལས་ཡག་པའི། དགའ་བའི། ནང་ཆོས་ཀྱི་ལྟེ་གནས་ཤིག་དུ་ཡོད།
དེང་རབས་སློབ་གྲྭ་ཆེན་མོ་དེ་ཚོའི་ནང་གི་མིང་ཙམ་པ་དེ་ཚོ་ཡིན་ནམ།
ཕྱི་རྒྱལ་གྱི་ག་གེ་མོ་དང་ཆེ་གེ་མོ་དེ་ཚོའི་ཆོས་ཚོགས་དེ་དག་ཡིན་ནམ།
དེ་ཚོ་གདན་ས་ལ་གཤིབ་རིན་མེད་ལ་སྡུར་སྣའང་མེད།
གདན་ས་མཁྲེགས་འཛིན་པ་འགའ་ཞིག་གི་དབང་འོག་ཏུ་ཡོད་བསམ་པ་སྟོང་བསམ་རེད་ལ་གདན་ས་མི་འགྱུར་བ་རྙིང་གོག་ཏུ་ལུས་བསམ་པའང་རྨི་ལམ་རེད།
གདན་ས་འགྱུར་བཞིན་ཡོད། གདན་ས་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
འོད་ཟེར་ནས་འོད་ཟེར་གྱི་ལམ་དུ་སྐྱོད་བཞིན་ཡོད།
ཉིས་སྟོང་བཅུ་ལོའི་གདན་སར་ཉིས་སྟོང་ལོའི་ལྟ་སྟངས་འཛིན་ན་ནོར་བ་རེད།
ལོ་རེ་ནས་ལོ་རེར་གདན་ས་འདི་ཀླད་རྒྱ་ཆེ་རུ་ཆེ་རུ་ཡིན་ལ་ལོ་རེ་ནས་ལོ་རེར་རིག་གནས་སྣ་མང་ཅན་དུ་འགྱུར་བཞིན་ཡོད།
ད་ལྟ་ནི་གདན་སར་བོད་ཡིག་སློབ་བཞིན་ཡོད་ལ་དབྱིན་ཡིག་དང་རྒྱ་ཡིག་སློབ་བཞིན་ཡོད།
ཚན་རིག་དང་ཨང་རྩིས་སློབ་བཞིན་ཡོད་ལ་གསར་འགྱུར་དང་དྲ་རྒྱ་ལྟ་རྒྱུ་ཡོད།
ཡིན་ཡང་རྩ་བ་བོར་ནས་ཡལ་ག་འཛིན་དགོས་ཟེར་ན་གདན་སས་ནམ་ཡང་ཁས་ལེན་བྱེད་མི་ཐུབ།
མཐར་ངས་འདི་ནས་བོད་རིགས་སྤུན་ཟླ་རྣམས་དང་འཛམ་གླིང་སྐྱེས་བོ་ཡོངས་ལ་ཞུ་རྒྱུར་གདན་ས་ནི་ལྕག་དབྱུག་དང་གཉའ་གནོན་རྒོད་པའི་གནས་ཤིག་མིན་པར་འཇིག་རྟེན་གྱི་ཆེས་དྭངས་གཙང་ཉར་བའི་གནས་གཅིག་པུ་དེའོ།
ཕྱོགས་དང་ཕྱོགས་ནས་ཕྲུ་གུ་མང་པོ་བསྡུས་ཏེ། །
སློབ་སྦྱོང་མེད་པ་ཁྱུ་ཅིག་མ་བཟོས་ན། །
ལག་ཟུང་ཐལ་མོ་སྦྱར་ཏེ་གུས་འདུད་བཅས། །
དྭངས་གཙང་གདན་སར་ཕྱུག་གསུམ་ཅིས་མི་འཚལ། །
དེང་དུས་མཚན་རིག་སྦྱོང་རྒྱུའི་སྐལ་བ་འཕྲོག །
ཕྱི་མའི་ལམ་རྒྱགས་སྒྲུབ་པའི་རྒྱལ་སྒོ་བཀག །
འདི་ཕྱི་གཉིས་མེད་བྱས་པ་མེད་སོང་ན། །
དྭངས་གཙང་གདན་སར་ཕྱུག་གསུམ་ཅིས་མི་འཚལ། །
མིའུ་གདུང་དྲུག་ཉུང་ཉུང་ཉུང་ལ་བཏང་། །
ཆོས་མེད་སྲིད་མེད་མང་མང་མང་རུ་བཏང་། །
མང་ཉུང་ཁྱད་པར་འདི་འདྲ་བྱས་མེད་ན། །
དྭངས་གཙང་གདན་སར་ཕྱུག་གསུམ་ཅིས་མི་འཚལ། །
ཁ་ཚ་དགོས་བཏུག་ཚེ་འདི་སྣང་མེད་བཏང་། །
མཐོང་རྒྱུ་མེད་པའི་ཕྱི་མར་རེ་ཆེ་བས། །
འཇིག་རྟེན་མི་གྲལ་མ་ཟིན་པ་མ་མིན་ན། །
དྭངས་གཙང་གདན་སར་ཕྱུག་གསུམ་ཅིས་མི་འཚལ། །
དོན་ལ་མ་གྲུབ་པ་ཡིས་རྒྱུ་མཚན་གྱིས། །
སྤྱི་དང་གཞན་ལ་དོ་གལ་ཆུང་ལྟ་བཞིན། །
གྲུབ་མཐའི་ལ་ཞེན་ཆེན་པོ་མེད་སོང་ན། །
དྭངས་གཙང་གདན་སར་ཕྱུག་གསུམ་ཅིས་མི་འཚལ། །
གྲྭ་པ་ཚོང་རྫས་བླ་མ་ཚོང་དཔོན་དང་། །
དགོན་པ་ཚོང་ཁང་འབྱོར་ལྡན་ཉོ་མཁན་གྱིས། །
རྣམ་གཞག་འདི་ཡི་དྲི་མས་མ་གོས་ན། །
དྭངས་གཙང་གདན་སར་ཕྱུག་གསུམ་ཅིས་མི་འཚལ། །
༄༅། །གདན་ས་ནི་བོད་མིའི་ཤེས་རིགས་ལྟེ་གནས་ངོ་མ་དེ་ཡིན་པར་ཡིད་ཆེས་གཙང་མ་ཡོད། དེ་ང་ཙམ་མ་ཡིན་པར་བོད་ཀྱི་རིགས་གནས་ལ་རྒྱུས་མངའ་ཡོད་པའི་མི་ཞིག་ཡིན་ན་མཁས་མ་ལེན་རང་ལེན་རེད། ང་ཚོ་བོད་པ་ཡོངས་ལ་ངོམ་རྒྱུ་༸གོང་ས་མཆོག་དང་ནང་ཆོས། ཡ་རབ་སྤྱོད་བཟང་ཙམ་ལས་དེ་མིན་འབུར་དུ་ཐོན་པའི་དམིགས་གསལ་གང་ཡང་མེད། ཡ་རབ་སྤྱོད་བཟང་ཡང་ནང་ཆོས་ཀྱི་སློབ་གསོ་ལ་བརྟེན་ནས་བྱུང་བ་ཞིག་རེད།
ནང་ཆོས་ལྷད་མེད་འཛིན་མཁན་ཆོས་ལུགས་རིས་མེད་ཀྱི་སློབ་གཉེར་ལྟེ་གནས་ཁག་རེད། དེང་གི་གསར་བུ་ཁག་གཅིག་ནང་ཆོས་དེ་རྗེས་ལུས་དང་བོད་མིའི་རྩ་དོན་ལ་ཕན་པ་མེད་པར་འདོད་མཁན་ཁག་གཅིག་ཡོད། དེ་ཚོར་ནང་ཆོས་དོར་ནས་ཁྱེད་ཚོས་ཅི་ཞིག་བྱེད་ཐུབ་ཅེས་བྲིས་ན་ལེན་ཟ་རི་ཟེ་རི་ཞིག་ལས་རྒྱབ་ཐབས་མེད་པ་ཐགས་བཅད་ཆོག བོད་པའི་བླ་མ་དགེ་བཤེས་ལ་ཕྱི་རྒྱལ་བ་མང་པོས་མགོ་འབུལ་བྱེད་པ་ནི་བོད་པར་ཡོད་པའི་ནང་ཆོས་ལ་བརྟེན་བྱུང་བ་ཞིག་ཡིན་པ་ཀུན་ནས་མཁྱེན་གསལ་རེད། བོད་ཀྱི་རྩ་དོན་ཐད་ལ་ཡང་ནང་ཆོས་ཀྱི་ཁྱད་ཆོས་མཐོང་སྟེ་དེར་ཡིད་སྨོན་སྐྱེད་ནས་རྒྱབ་སྐྱོར་བྱེད་མཁན་མང་བ་ཡིན་ཚོད་
ཆོས་ཀྱི་སྣང་བ་དཀར་པོ་ཡིས། འགྲོ་བའི་ཡིད་ཀྱི་མུན་སེལ་ཞིང་།
རིས་མེད་ཕན་བདེ་གསལ། ་ ཁྲི་མཛད་ཤཀྱའི་མགོན་དེ་འདུད།
གང་ཞིག་རྒྱལ་བསྟན་འཛིན་པ་ལ། ནམ་ཡང་ངལ་བ་མ་མཛད་ཅིང་།
གནས་ལས་བྱུང་བའི་བུ་ཞིག་གིས། མཐར་མོ་སྦྱར་ནས་འདི་སྐད་ཞུ།
དངས་གཙང་གདན་ས་ཆེན་པོ་གསུམ། སེར་འབྲས་དགེ་གསུམ་མིང་གི་གྲགས།
དགེ་འདུན་དུལ་བ་འཛིན་པའི་གནས། སངས་རྒྱས་བཅོམ་ལྡན་རྗེས་འཇུག་ཡིན།
སྤྱིར་རིག་གནས་གང་ཞིག་ཡིན་ཡང་གསར་བ་ནས་སྙིང་པར་འགྱུར་འགྲོ་། ཡིན་ན་ཡང་ཆོས་ལུགས་ནི་སྔར་བཞིན་གནས་དགོས་། དེང་སྐབས་སྤྱི་ཚོགས་ནས་གཏམ་འདྲ་མིན་དགོན་སྡེ་ཁག་ཏུ་བཤད་ཡོང་བ་ནི་དགེ་འདུན་པ་ཚོ་སྔར་བཞིན་མ་གནས་པའི་སྐྱོན་ཡིན་།
གདན་ས་ཁག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་ཡུལ་གྱི་བསྟི་གནས་གཙོ་བོ་ཡིན་གཤིས་ཤེས་ལྡན་སུས་ཀྱང་འདི་ལ་གུས་བརྩི་ལོས་བྱེད། འོན་ཀྱང་གདན་སའི་འཛིན་སྐྱོང་གི་ལམ་ལུགས་དང་སློབ་གསོའམ་ཆོས་ཀྱི་རིག་གནས་དེ་ཉིད་སློབ་མར་སྤེལ་ཐབས་སོགས་ཀྱི་ཐད་རྗེས་ལུས་ཀྱི་ཆ་དང་། མི་འདེང་སའི་ཆ། ངེས་པར་དུ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འདོར་དགོས་པའི་ཆ། སྔར་བཞིན་རྒྱུན་འཛིན་དང་གོང་སྤེལ་གཏོང་དགོས་པའི་ཆ་སོགས་ནི་ངེས་པར་དུ་དཔྱོད་ཤེས་ཀྱི་བློ་མིག་གིས་བལྟས་ཤིང་དཔྱད། ཆོས་ཀྱི་རིག་གནས་འདི་རྒྱུན་འཛིན་གོང་འཕེལ་གཏོང་པའི་དགོས་མཁོ་དངོས་དང་སྦྱར་ནས་བསམ་ཞིང་བསམ་སྟེ། ངེས་པར་དུ་རྣམ་དཔྱོད་ལྡན་པའི་སྒོ་ནས་བསྒྱུར་བཅོས་དགོས་སར་བསྒྱུར་བཅོས་བྱེད་དགོས་པར་མཐོང་ངོ།
འདིར་ཆབས་ཅིག་ཏུ་ཤོད་འདོད་པ་ཞིག་ལ། འགན་འཁྲིའི་འདུ་ཤེས་དང་ཉམས་མྱོང་གཞི་ལ་བཞག་སྟེ་དཔྱོད་ལྡན་དག་གིས་གདན་སའི་འཛིན་སྐྱོང་གི་ལམ་ལུགས་སོགས་ཀྱི་ཐད་གླེང་སློང་བྱས་པ་ནི་ངེས་པར་དུ་དགོས་ངེས་ཤིག་ཡིན་པ་ལས། གསར་བརྗེ་པ་དང་བསྟན་དགྲ་ལྟ་ལོག་གིས་སྨོད་པ་ནི་རང་གི་བསམ་བློའི་ཤོང་ཚད་དང་མིག་རྒྱང་བསྟན་པ་ཙམ་ལས་མ་འདས་སོ། སྤྱིར་གསར་བརྗེ་ཞེས་པ་འདི་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་ཆེད་སྤྱོད་བརྡ་ཆད་ཅིག་ཡིན་པས་འདིར་སྤྱོད་པ་འོས་འཚམས་ཡང་མིན་ནོ།
བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་དང་། དགོན་སྡེ་ཁག་གི་སློབ་གསོའི་ལམ་ལུགས་ཀྱི་གནད་དོན་སོགས་ཀྱི་ཐད། གཞིས་བཞུགས་གྲགས་ཅན་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་ང་ཚོ་སད་རན་ཞེས་པའི་དཔེ་དེབ་དེའི་ནང་དུ་གནད་ལ་འཁེལ་པའི་དཔྱད་པ་མང་ཙམ་བྱས་སྣང་པས། དོ་སྣང་ཅན་ཚོས་དཔེ་དེབ་དེ་ལ་ངེས་པར་ཏུ་བལྟ་རིགས་སོ་ཞེས་ཀྱང་ཐལ་ལོ།
ཆབ་སྲིད་ཀྱི་གོ་དོན་ཡོད་པའི་ཞེས་བཅོས་དགོས
གདན་ས་བོད་ཀྱི་ཚོང་ཁང་རེད།།
དགེ་བཤེས་བོད་ཀྱི་ཚོང་པ་རེད།།
ནང་ཆོས་བོད་ཀྱི་ཚོང་རྫས་རེད།།
དེ་གསུམ་བོད་ཀྱི་ནོར་བུ་རེད།།
གདན་ས་བོད་ཀྱི་ཚོང་ཁང་མིན།། རེད་ཟེར་མཁན་མི་དེ་སྨྱོན་པ་རེད།།
དགེ་བཤེས་བོད་ཀྱི་ཚོང་པ་མིན།། རེད་ཟེར་མཁན་མི་དེ་ཀླད་མེད་རེད།།
ནང་ཆོས་བོད་ཀྱི་ཚོང་རྫས་མིན།། རེད་ཟེར་མཁན་མི་དེ་ཀླ་ཀློ་རེད།།
ནང་ཆོས་གདན་ས་དགེ་བཤེས་གསུམ།། སྐྱེ་འགྲོ་ཀུན་གྱི་ནོར་བུ་ཡིན།།