ཨེ་མ་ཧོ།
ཡོད་ཚད་རླུང་ལ་མ་སྐུར་ཕུ་ནུ་ཚོ།།
གོ་ཚད་གཞན་ལ་མ་བཤད་མིང་སྲིང་ཚོ།།
རྫུན་གཏམ་འཕུར་བའི་གཡམ་ལ་བརྒྱུགས་ཐལ་ན།།
ཡིད་ཆེས་གཏིང་ནས་ཉམས་པའི་དུས་ཤིག་འོང་།།
དེ་དུས་བཤད་བཤད་ཆུ་ཡི་ལྦུ་བ་འདྲ།།
དྲང་པོར་སྨྲས་ཀྱང་ལེན་པའི་རྣ་བ་མེད།།
བདེན་རྫུན་མགོ་མཉམ་ངན་པ་ལངས་ཤོར་དུ།།
སོང་ན་ཡ་རབས་ལུགས་ཀྱི་སྲོག་ཤིང་ཆག།
མཐོང་ཚད་བདེན་པར་རློམ་ནས་འུར་མ་ལངས།།
ཐོས་ཚད་གཏམ་དུ་ཁྱེར་ནས་འུད་མ་སྒྲོག།
གོ་ཚད་ཚད་མར་བཟུང་ནས་ང་མ་རྒྱལ།།
རང་རློམ་དྲེགས་པས་ནོར་ཞིང་འཁྲུལ་བར་བྱེད།།
རང་སེམས་བཙོན་དུ་ཟུངས་ལ་འདེང་རེ་རྒྱོབས།།
ཕྱིང་དཀར་ཐང་དུ་ཐོངས་ལ་ཐིག་རེ་རྒྱོབས།།
འཁྲུལ་བ་གཞན་གྱིས་བྱས་ན་དགག་ནུས་ཀྱང་།།
ནོར་བ་རང་གིས་བཟོས་ན་བཅོས་སུ་མེད།།
དོན་ཆུང་གནས་ལ་མ་འཆུགས་ཕ་བཟང་བུ།།
མནོག་ཆུང་ཁེ་ལ་མ་སྲེད་ཞང་བཟང་བོ།།
གངས་ཅན་མེས་པོའི་ཡ་རབས་སྲོལ་བཟང་ལ།།
བསམ་ཞིང་སོམས་ལ་མ་ནོར་མ་འཆུག་མཛོད།།