༼རྒྱལ་བསྟན་དོན་གྱིས་མཛེས་པར་བྱེད་པའི་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ཞིང་གཞན་དུ་གཤེགས་པར་སྐྱོ་བའི་གདུང་དབྱངས་སུ་བྲིས་པ།༽
ཕོ་རོག་དཀར་པོས།
སྐུ་མཚན་དཔེའི་ཉིན་བྱེད་དབྱིངས་སུ་ཡལ།།
གསུང་ཟབ་རྒྱས་གདམས་པ་ཡི་གེར་ཤར།།
ཐུགས་ཆོས་ཀྱི་དབྱིངས་སུ་འཐིམ་པ་ཡི།།
མགོན་བླ་མ་ཁྱོད་ལ་གསོལ་བ་འདེབས།།
གཞི་འཁོར་བའི་རྩ་བར་འཁྲུལ་བ་ཞིག།
ལམ་བགྲོད་པའི་རིམ་པར་འཁྲུལ་བ་ཞིག།
འབྲས་ཆོས་སྐུའི་དབྱིངས་སུ་འཁྲུལ་བ་ཞིག།
འཁྲུལ་ཀུན་ལ་ཞིག་པའི་འཁྲུལ་ཞིག་རྗེ།།
ཕྱི་ངུར་སྨྲིག་དཔལ་གྱི་རྒྱལ་མཚན་འཛིན།།
ནང་གསང་སྔགས་བླ་མེད་རྣལ་འབྱོར་གཞོལ།།
གསང་རྩ་གསུམ་ལྷ་ཡིས་རྗེས་བཟུང་བའི།།
མགོན་བླ་མའི་བླ་མ་ཁྱོད་ཕྱག་འཚལ།།
ལུང་སྡེ་སྣོད་གསུམ་གྱི་འཆད་རྩོད་སྤེལ།།
ལམ་བསླབ་གསུམ་རྟོགས་པའི་བསྟན་པ་བཟུང་།།
ཐབས་གང་འདུལ་གདུལ་བྱའི་དཔལ་དུ་ཤར།།
སྐྱབས་ངེས་དོན་བླ་མ་ཁྱོད་ཉིད་དྲན།།
ཡུལ་བལ་བོད་མཚམས་སུ་ཆོས་སྡེ་བཏབ།།
འབངས་སྐལ་ལྡན་གདུལ་བྱ་སྨིན་གྲོལ་མཛད།།
དཔལ་སྔ་འགྱུར་བསྟན་པའི་བདག་པོར་བཞེངས།།
མགོན་འཁྲུལ་ཞིག་ཆོས་ཀྱི་བློ་གྲོས་མཁྱེན།།
དུས་རིང་ནས་དད་པའི་ཡིད་འཕྲོག་ཅིང་།།
སྐུ་མཐོང་གྲོལ་མཇལ་བའི་སྐལ་དམན་ཞིག།
སྐྱབས་བླ་མ་ཁྱེད་ལ་གདུང་དབྱངས་ཀྱི།།
ཚིག་སྨྲེ་སྔགས་མིག་ཆུ་མཉམ་དུ་འཐོར།།
༢༠༡༡ ༩ ༧
རེད་ཡ་ངོ་མ་ངེས་དོན་གྱི་བསྟོད་ཚིག་རྡག་པོ་རེད། ཐག་རིང་ན་བཞད་པའི་སྨོན་འདྲིན་ཞིག་གིས།
ཡིད་སྐྱོ་བ་ལ།
སྐྱབས་སུ་མཆི་་་་ཕོ་རོག་དཀར་པོར་དེ་རིང་ངེས་འབྱུང་ཞིག་སྐྱེས་འདུག་ཀ་་་་རྟག་བརྟན་ཤོག་་་་་ཧཧཧ