རྔ་བ་ཀུན་བཟང་སྒྲོལ་མ།
ཆག་སྒོ་དང་ཟུངས་ཁྲག་གིས་བཟུང་པའི
ངའི་དཔའ་བོ་དང་དཔའ་མོ་ཚོ
ངའི་བཟོད་མེད་ཀྱི་ན་ཟུག་རེ་རེར་
ཁྱེད་ཀྱིས་མྱོང་གིན་ཨེ་ཡོད་
ཁྱེད་ཀྱི་ལ་རྒྱའི་གདུང་བ་རེ་རེར་
ངའི་ས་མཐའི་ཕུ་ནུ་ཚོས་ཀྱང་བསམ་གིན་ཡོད་ལ་
ཁྱོད་ཚོས་ཞུམ་མེད་ཀྱི་སྙིང་སྟོབས་གསོན་པོ་
གཞིས་སྡོད་བོད་མི་ཚོས་བསམ་བཞིན་
འདི་ལྟར་ ཁ་སང་དང་དེ་རིང་གི་ལོ་རྒྱུས་ལ་
ཕྱི་དྲན་དང་ན་ཟུག་
ད་དུང་བརྗེད་མི་སྲིད་པའི་བདེན་དབང་ཞིག་གི་ཆེད་དུ་
གོམ་གང་མདུན་སྤོས་ཀྱི་ཚུལ་དུ་
སྙིང་སྟོབས་ལ་ཡིད་སྨོད་བྱེད་ཞོར་
ང་ཚོ་འགུལ་གྱིན་འགུལ་གྱིན་སླེབས་ཡོང་གི་ཡོད་
ཟུངས་ཁྲག་མི་རིགས་ཀྱི་ཆེད་དུ་ཕུལ་ཕུ་ནུ་སྤུན་ཟླ
རང་ལུས་མཆོད་མེ་རུ་སྒྲོན་པའི་དཔའ་བོ་དཔའ་མོ་
སྡུག་འཚུབ་དང་དངངས་སྐྲག་གི་འོག་ན་འཚོ་ཡང་
ཁྱོད་ཚོ་སྐྱོ་མི་དགོས་ལ་ངུ་མི་དགོས་པས་
ཕམ་ཁ་དང་ཕམ་ཁ་རེ་རེའི་ཕ་རོལ་ན་
འུ་ཚོ་ལ་བདེན་པ་དང་རྒྱལ་ཁ་ཡི་དར་ལྩོག་ཡོད་པས
འུ་ཚོ་ལ་དྲངས་བདེན་གྱི་རྒྱབ་སྐྱོར་ཡོད་པས་
ནམ་ཞིག་་ ང་ཚོ་རང་ཉིད་ལ་དབང་བའི་ཕ་ས་ཕ་ཡུལ་
ང་ཚོ་རང་ཉིད་ཀྱི་ཡིན་པའི་ཕ་སྐད་དང་གོམས་གཤིས་
ཡོད་ཚད་ནས་ཡོད་ཚད་མི་རིགས་ཀྱི་ངོ་བོ་ཡིན་པར་བསམ་ཞོར་
གོམ་གང་མདུན་སྤོས་ངང་ཕ་ཡུལ་ལ་ལོག་ཡོང་གི་ཡོད་
ཁྱོད་ཚོའི་གདུང་བ་བསམ་ཞིང་ཁྱོད་ཚོའི་མེ་སྔགས་སེམས་པའི་ང་ཚོ་
ཁྱོད་ཚོའི་རེ་སྒུག་དྲན་ཞིང་ཁྱོད་ཚོའི་མིག་ཆུ་མཐོང་པའི་ང་ཚོ་
གང་ལྟར་མི་ལོ་ལྔ་བཅུའི་སྡུག་ཡུས་བསམ་པའི་ང་ཚོ་
རང་ཉིད་ལ་དབང་བའི་ཕ་ས་ཕ་ཡུལ་དེའི་ཆེད་དུ་
རང་ཉིད་མེ་རུ་སྒྲོན་ཞིང་རང་ཉིད་མེ་སྒྱོགས་ཁ་ནས་ལངས་ཕོད་པའི་ང་ཚོ་
ཁྱོད་ཚོའི་གདུང་པ་བསམ་ཞིང་གདུང་བ་དྲན་བཞིན་ཡོད་པས་
སེམས་པ་དང་སེམས་པ་འདྲེས་ཆེད་
ཁ་སང་གི་གྱོང་གུད་ལ་འཕངས་སེམས་དང་
དེ་རིང་གི་གནས་སྟངས་ལ་གདུང་སེམས་བྱེད་ཞོར་
ང་ཚོ་ཁྱོད་ཚོའི་མིག་ནང་ལ་ཡོད་ལ་
ཁྱོད་ཚོ་ང་ཚོའི་སེམས་ཁོང་ན་ཡོད་པས་
ང་ཚོས་ཅིས་ཀྱང་མདུན་ཕྱོགས་སུ་བསྐྱོད་དང་
ནམ་ཞིག་ བདེ་སྐྱིད་ཀྱི་ཉི་གཞོན་ཞིག་འཆར་ངེས་ལགས
༢༠༡༣ ༢ ༣ ཉིན་བྲིས།
གནའ་བོའི་རྩོམ་ལུགས་སྙན་ངག་འབྲི་ལ་ཐོགས་པ་མེད། །
དེང་གི་ལུགས་ཀྱི་རང་མོས་སྙན་ངག་བདེ་ལེགས་འབྲི། །
མདོར་ན་གནའ་དེང་ཟུང་གི་སྙན་ངག་འབྲི་བ་ལ། །
དོ་ཟླ་མེད་པའི་རྔ་བའི་མཛངས་མར་ཕྱག་འཚལ་ལོ། །
རྔ་ལྗོངས་ཤེས་རིག་མེ་ཏོག་པདྨའི་ཚལ། །
ཡིད་འཕྲོག་མཛངས་མའི་ལང་ཚོ་ཟེར་འབྲུ་བཞེད། །
རྐང་དྲུག་བུང་བའི་མགྲིན་རྔ་ཡང་ཡང་རྡུང་། །
རྔ་ལྗོངས་མཛེས་མའི་སྐུ་གསུང་ཐུགས་ལ་འདུད། །
གནའ་ནས་ད་བར་རྔ་བར་སྐྱེས་པའི་སྙན་ངག་སྨྲ་བའི་མཛངས་མ་ཞིག །
འདི་དང་གན་ཞེས་ཐོས་རྒྱ་ཆུང་བའི་མི་ཆུང་སེམས་ལ་མི་དྲན་ཡང་། །
བཙན་བྱོལ་བུ་མོ་འབུམ་ཕྲག་དབུས་ན་རྔ་བའི་བུ་མོ་ན་ཆུང་ཞིག །
ཁ་སང་དེ་རིང་སྙན་ངག་སྨྲ་ལ་སྐད་གྲགས་ཆོད་འདིར་རྟེན་འབྲེལ་ཞུ། །
བློ་གསལ་སློབ་མ་ཡངས་ཀྱིས་རྒྱན་གཅིག་པུ། །
བཅུ་ཕྲག་རིག་པ་སྨྲ་བའི་དགའ་ཚལ་ནས། །
ཤེས་རིག་བཅུད་ལྡན་འདའ་སྟོང་མངོན་པར་བཞེད། །
གཡོ་ཟོར་ལས་སུ་གོམས་པ་མི་ཆེ་པ། །
གཞན་ཕན་ལྷག་བསམ་དྲང་ལ་བསམ་དཀར་ཅན། །
རིགས་ཀྱིས་ས་བོན་མཚན་དང་དོན་མཐུན་མ། །
ང་ཡི་ཡིད་མཐུན་གྲོགས་མོ་ཁྱེད་མིན་སུ། །
རྔ་བའི་བུ་མོས་རྔ་ལ་དཔགས་པའི་འཆམ་འཁྲབ་སོང།
ལྷ་མི་ཅི་སྨོས་འདྲེ་སྲིན་ཚོགས་ཀྱང་ཡིད་འཕྲོགས་སོང།
རྔ་བའི་བུ་མོས་སྙན་ཚིག་གིས་བརྒྱན་རྔ་དབྱུག་གིས།
རྔ་ཆེན་རྔར་བསྣུན་དབྱར་སྐྱེས་རྔ་གསང་ལྡིར་ནས་བྱུང།
གླང་ཆེན་རྔ་མ་བཞིན་དུ་ཡུན་རིང་བསྟེན།
ཙི་ཙིའི་རྔ་མ་བཞིན་དུ་ཐུང་མི་ཉན།
ཡུན་རིང་མི་ཐོགས་ཝ་སྐྱེས་རྔ་མ་བཞིན།
བོད་ཀྱི་བུད་མེད་དབུ་ཡི་གཙུག་རྒྱན་འགྱུར།
༸རྒྱལ་བ་ལྔ་པ་གྲངས་ལྔ་པ། །
གཉིས་པ་གསུམ་པ་བཞི་པ་བཞིན། །
རྔ་མ་བཙོང་ནས་རྔ་པའམ། །
རྔ་ཆེན་བརྡུངས་ནས་རྔ་པ་ཆགས། །
ཀརྡོ་བའི་རྩོམ་འདི་རྩ་ནས་གོ་བ་ཞིག་མ་ལོན་ཐལ་་་་་ཨ་ལས་ངན་པོ།