ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་གདོང་ཐོག་བླ་མར་འདུད།།
ཁ་བའི་ཡུལ་འཁྲུངས་ཨ་རིར་གཟུགས་སྐུ་བསྡུས།།
ག་ས་གང་ནས་ཁྱེད་ལ་རྗེས་དྲན་མང་།།
ང་རྒྱལ་སྤངས་པའི་མཆོད་སྤྲིན་ཡིད་ཀྱིས་འབུལ།།
ཅ་ཅོ་མང་བའི་དྲ་འབུའི་བསྟོད་སྨད་ཚིག །
ཆ་རྒྱུས་མ་ལོན་སྨོད་པ་ཉེས་པའི་ཚོགས།།
ཇ་ཆང་སྐྱུར་མོའི་ཟློས་གར་འཁྲབ་མི་ཉན།།
ཉ་ཟླ་འདྲ་བའི་གདོོང་ཐོག་རྗེེས་དྲན་ཞུ།།
ཏ་ཐ་གཱ་ཏའི་བསྟན་ལ་ཁྱེད་ཀྱིས་བསླབས།།
ཐ་མཚམས་ཡུལ་གྱི་སྐད་ཡིག་ཁྱེད་ཀྱིས་སྦྱངས།།
ད་ལྟའི་སྐབས་སུ་ཁྱེད་ཀྱི་བརྩམས་དེབ་རྣམས།།
ན་གཞོན་གསར་པའི་མདུན་ལམ་སྟོན་མཁན་གྱུར།།
པ་སངས་ལྟ་བུའི་གདོང་ཐོག་བསྟན་རྒྱན་རྒྱལ།།
ཕ་ལམ་འདྲ་བའི་མཛད་རྗེས་གླིང་འདིར་བཞག །
བ་དན་ཕྱོགས་བཅུར་བསྒྲེངས་ནས་ཆོས་སྐུར་ཐིམ།།
མ་དད་ལོག་པའི་སེམས་ཅན་ཐབས་ཀྱིས་འདྲེན།།
རྩ་བ་རང་གི་གྲུབ་མཐའ་ས་ངོར་བསྟན།།
ཚ་གྲང་མ་འཛེམས་ཆོས་ལུགས་ཀུན་ལ་སྦྱངས།།
ཛ་དྲག་བློ་ཡིས་དཔྱད་པ་རིག་པའི་གཞུང་།།
ཝ་ལེར་བསམ་དང་གཞུང་ཆེན་ཐུགས་ཀྱི་བཅུད།
ཞང་ཞུང་རྒྱལ་རབས་ཁུངས་གཏུགས་ལོ་རྒྱུས་གླེང་།།
ཟ་ཧོར་རྒྱལ་ཁམས་བོད་ཀྱི་ལོ་རྒྱུས་འགྲེལ།།
འ་འུར་མེད་པའི་ཁུངས་ཐུབ་རྒྱལ་རབས་བསྟན།།
ཡ་རབས་མི་ལ་དགོས་པའི་ལམ་སྟོན་མིག །
ར་བ་གངས་རིའི་ཕོ་རྒོད་གདོང་ཐོག་མཆོག །
ལ་ལུང་བགྲོད་ནས་མི་ཡུལ་ས་མཐའ་རུ།།
ཤ་ཚའི་གཏམ་གྱིས་རང་གི་རིག་གཞུང་སྤེལ།།
ས་སྟེང་འདི་རུ་གདོང་ཐོག་མཁས་སྙན་གྲགས།།
ཧ་ཅང་མཆན་རྩོམ་མང་བའི་དྲ་གྲོགས་ཚོ།།
ཨ་གསར་མ་མང་དད་གུས་བརྟན་ན་དགའ།།