ཀླུ་སྨྱོན་ཧེ་རུ་ཀ
དང་པོ།
གཏམ་རྒྱུད་འདི་གླེང་བར་དུས་ཚོད་རིང་པོ་ཞིག་ཕྱིར་བསྣུར་མ་བྱས་ཀ་མེད་རེད། དེ་དུས་ནི་ཚ་བ་མེ་ལྟར་འབར་བའི་རྒྱ་གར་ལྷོ་ཕྱོགས་ཀྱི་དགུན་དུས་ཤིག་རེད། ཉི་འོད་མེ་ལྟར་འབར་ཞིང་ས་གཞི་ལྕགས་ལྟར་མཁྲེགས། གྲྭ་རྐྱང་ཚོའི་གདོང་མདོག་ཇེ་ནག་དང་འགྲམ་པ་ཇེ་རྡིབ་ཡིན། སྤྲང་ཁྱི་ཚོའི་ལུས་ལ་རྨ་ཆགས་ཤིང་དེ་ལ་འབུ་འདེབ་པའི་དུས་ཚིགས་གདུག་པ་ཅན་ཞིག་ཀྱང་ཡིན། དེ་དུས་རྒྱ་གར་ལྷོ་ཕྱོགས་མོན་སྒོ་སྒྲིའི་ས་གནས་ཀྱི་སྐྱེ་བོ་ཀུན་གྱིས་གཡོལ་ཐབས་བྲལ་བའི་དུས་ཚོད་ཅིག་རེད། ཏག་ཏག་དུས་ཚོད་འདི་འདྲ་ཞིག་ལ་ང་རང་ཡང་ས་གནས་འདིར་བསྡད་ཡོད། གཡས་གཡོན་ན་གྲོགས་རིགས་པ་སྨྲ་བ་རྐྱང་རྐྱང་ཡོད། དགེ་བཤེས་གསེར་རི་འདྲ་བ་ཚོ་ཡང་སྐུ་ཁམས་གསལ་དྭངས་ངང་གནའ་བོའི་དཔེ་རྙིང་དེ་ཚོ་སྐྱར་ཟློས་ཡང་ཟློས་བྱེད་པར་ཐུགས་དགྱེས་པ་ཆེན་པོའི་ངང་བཞུགས་ཡོད།
ང་རང་ལ་མཚོན་ན་ཉིན་འདི་དག་གི་རིང་སེམས་ཁམས་ཅུང་བྲེལ་འཚབ་ཀྱི་ཀློང་དུ་བྱིངས་ཡོད། མིག་མདུན་དུ་ལེགས་བཤད་གསེར་ཕྲེང་ཞེས་པའི་རྗེ་ཙོང་ཁ་པའི་ཤེར་འགྲེལ་སྐད་གྲགས་ཅན་དེ་བཤམས་ནས་ལྟ་ཁུལ་བྱེད་བཞིན་ཡོད་ཀྱང་། སེམས་པ་འདི་བདེ་ལ་འབབ་ཐབས་ཤིག་གཏན་ནས་མི་འདུག རྒྱུ་མཚན་ཨེ། རྒྱུ་མཚན་ལོས་ཡོད། ཡི་གེ་ཞིག་ལ་རེ་སྒུག་བྱེད་བཞིན་ཡོད། དེ་ནི་ང་ལ་མཚོན་ན་ཡི་གེ་ཧ་ཅང་རྩ་ཆེན་ཞིག་ཡིན། དེ་ནི་མགྲོན་ཤོག་ཅིག་རེད། ཏག་ཏག་ཟླ་གཅིག་གི་སྔོན་ལ་ངའི་གྲོགས་པོ་བསོད་ནམས་ཡེ་ཤེས་དང་ཤེས་རབ་དར་རྒྱས་གཉིས་ལ་རྡ་རམ་ས་ལའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ཟེར་བ་ཞིག་གིས་བསྐུར་པའི་འཕྲིན་ཡིག་རེ་འབྱོར་འདུག འཕྲིན་ཡིག་དེས་རི་བོ་ཧི་མ་ལ་ཡ་བརྒལ་སྐབས་བོར་བརླག་ཏུ་སོང་བའི་ངའི་ཕྲག་དོག་གི་ཚེར་མ་རྣོན་པོ་དེ་དག་ཀྱང་རེ་རེ་བཞིན་གཟེངས་བྱུང་། དེ་ནི་ང་ཡང་ངའི་གྲོགས་པོ་ཁོང་གཉིས་ནང་བཞིན་རྩོམ་རིག་ལ་དུང་བ་ཆེ་ཞིང་རྩོམ་རིག་གིས་མི་ཚེའི་ཆ་ཤས་མང་པོ་ཞིག་ཟིན་པའི་མི་ཀླེན་པ་ཞིག་ཡིན་པས་སོ།།
ངས་གྲོགས་པོའི་ཡི་གེ་དེ་བཀླགས་རྗེས་ཁོང་གི་ཡིག་སྐོགས་སྟེང་གི་ཁ་བྱང་དེ་བཤུས་ནས་ཡིག་སྐོགས་གཞན་པ་ཞིག་གི་སྟེང་དུ་བྲིས་ཤིང་། དེ་རྗེས་གཟབ་ནན་ངང་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་ལ་ཡི་གེ་ཞིག་བྲིས་པ་ཡིན། ཡི་གེ་དེའི་ཚིག་འབྲུ་རེ་རེ་བཞིན་ད་ལྟ་མི་དྲན་ཡང་དེའི་ནང་དོན་ནི། མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་རྣམ་པ་ལགས། ཁྱེད་རྣམ་པ་སྐུ་ཁམས་བཟང་པའི་ངོས་ནས་བོད་ཀྱི་ཤེས་རིག་དར་སྤེལ་གྱི་ཕྱག་ལས་ལ་བྲེལ་བ་ཆེའམ། གུས་པ་ནི་ཟླ་ཤས་སྔོན་བོད་མདོ་སྨད་ས་ཡི་ཐིག་ལེ་བསྐུར་ནས་རི་བོ་ཧི་མ་ཡ་ལ་བརྒལ་ཏེ་རྒྱ་གར་དུ་འབྱོར་བའི་མི་ཉམ་ཆུང་ཞིག་ཡིན། གུས་པས་བོད་ནང་ཡོད་དུས་རྩོམ་ཡིག་སྣ་ཚོགས་བྲིས་ཏེ་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྤེལ་མ་ཟད་གཞུང་འབྲེལ་རྩོམ་རིག་བྱ་དགའ་ཡང་རེ་ཟུང་ཐོབ་མྱོང་། ད་ལྟ་ཁྱེད་རྣམ་པས་གྲ་སྒྲིག་བྱེད་བཞིན་པའི་བོད་རྒྱལ་ཡོངས་རྩོམ་རིག་ཚོགས་འདུ་དེར་གུས་པ་བཅར་འདུན་ཧ་ཅང་ཆེ་བས། ཁྱེད་རྣམ་པས་གུས་པར་དེ་ལྟ་བུའི་གོ་སྐབས་ཤིག་གནང་རྒྱུ་ཁོ་བོའི་རེ་འདུན་ཡིན། ཞེས་པ་ལྟ་བུའི་འཕྲིན་ཡིག་ཅིག་བསྐུར་ཅིང་། འཕྲིན་ཡིག་དེ་བསྐུར་རྗེས་ཁོ་བོ་ནི་ཨ་སྒོར་ས་ཡ་བརྒྱ་ཕྲག་དུ་མ་ཅན་གྱི་རྒྱན་ཤོག་ཅིག་ཉོས་པ་ཅི་བཞིན་རེ་སྒུག་དྲག་པོའི་ཀློང་དུ་ཚུད། སྤྱིར་ན་ང་ལྟ་བུའི་གསར་འབྱོར་གསར་ནག་ཅིག་ལ་འདི་འདྲའི་གོ་སྐབས་འཐོབ་མིན་གྱི་གདེང་ཚོད་སྤུ་ཙམ་ཡང་མེད་མོད། ད་ནི་རེ་བ་ཡག་ས་ནས་རྒྱག་གི་ཡིན་བསམ་པའི་སེམས་གསོ་ཉི་ཚེ་བ་ཞིག་མ་གཏོགས་སྐབས་འདིར་ང་ལ་བསམ་བློའི་རྒྱབ་རྟེན་ཅི་ཡང་མེད།
རླུང་རྟ་ནི་རྒྱུགས་འདོད་པའི་དུས་སུ་བརྒྱུགས་པ་ཞིག་རེད་ཨང་། ཟླ་གཅིག་གི་རྗེས་སུ་ང་ལ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་ཡི་གེ་ཞིག་བསྐུར་འདུག་ཅིང་། དེ་ནི་ཡིག་སྐོགས་ཧ་ཅང་སྤུས་ལེགས་པའི་ཡི་གེ་ཞིག་རེད། སྐབས་འདིར་བརྗོད་དགོས་པ་ཞིག་ལ། དེ་དུས་ཀྱི་རྒྱ་གར་ལྷོ་ཕྱོགས་པའི་གྲྭ་རྐྱང་ཚོར་མཚོན་ན་ཕ་ཡུལ་ནས་འབྱོར་བའི་ཡི་གེ་རེ་རེའི་རིན་ཐང་དེ་ནི་དེང་སྐབས་ཀྱི་ཨ་སྒོར་བརྒྱ་ཡིས་ཚབ་མཚོན་བྱེད་མི་ཐུབ་པ་ཞིག་དངོས་གནས་ཡིན། ཡིད་མི་ཆེས་ན་ཁྱོད་ཀྱིས་དེ་དུས་ཀྱི་གྲྭ་རྐྱང་ཚོར་སྐད་ཆ་དྲིས་ཆོག ཡིན་ན་ཡང་ཁྱོད་ཀྱིས་ཀླུ་སྨྱོན་གྱིས་དེ་ལྟར་བཤད་སོང་ཟེར་མི་ཉན། དེ་ལྟར་བཤད་ན་ཁྱོད་མི་དཀྱོགས་ལོག་ཅིག་ལ་ཐུག་ནའང་ཐང་།
གང་ལྟར་ཡི་གེ་དེའི་ངོས་སུ་ངས་ཟླ་གཅིག་ལ་རེ་སྨོན་བྱས་པ་དེ་ཅི་མ་ཅི་བཞིན་དུ་དབྱངས་གསལ་སོ་བཞིའི་ལམ་ནས་བྲིས་འདུག དེ་ནི་ཁོང་ཚོའི་ལས་ཁུངས་ཀྱིས་ང་ཚོགས་འདུ་དེར་ཞུགས་རྒྱུར་འདོད་མོས་ཡོད་པ་ཙམ་མ་ཟད་ཚོགས་བསྐྱོད་མེ་འཁོར་དང་རླངས་འཁོར་གྱི་གླ་ཆ་དང་ལམ་བར་གྱི་ཟ་མ། རྡ་སའི་མགྲོན་ཁང་སོགས་བཀོད་སྒྲིག་བྱེད་རྒྱུ་རེད། ཨ་གནམ་རྒན་མ། ད་ཐེངས་བྱ་ལམ་ལ་བུད་ཐལ། སྐབས་འདིར་ངའི་མིག་ལམ་ཡང་མཛེས་སྡུག་ལྡན་པའི་དག་ཞིང་ཞིག་ཏུ་གྱུར་ཞིང་། ལྷོ་ཕྱོགས་ཀྱི་ཚ་གདུག་དྲག་པོ་ཡང་རེ་ཞིག་འཇགས་པའི་ཚོར་སྣང་སྐྱེས། ཡིན་ན་ཡང་། ཨ་ཁ། ཚོགས་འདུར་མ་བསྐྱོད་སྔོན་ལ་མེ་འཁོར་གྱི་འཛིན་བྱང་ཉོ་སྤྱད་དང་ལམ་བར་གྱི་ཟ་མའི་དངུལ་སོགས་རང་གིས་གྲ་སྒྲིག་བྱེད་དགོས་པས། ད་དངུལ་དེ་དག་འཚོལ་བར་གང་དུ་འགྲོ རེད། ཨ་ཁུ་སྐལ་བཟང་། ཕ་ཡུལ་གཅིག་པས་མི་ཚད་དགོན་པ་ཡང་གཅིག་པ། ཐ་ན་གྲྭ་ཐོག་ཀྱང་གཅིག་པ། ད་དུང་ཤག་རོགས་གཅིག་པ། ཨ་ཁུ་སྐལ་བཟང་ཉེ་ཆར་ཡང་བོད་ནས་བསླེབས་ཤིང་ལག་དངུལ་ཏོག་ཙམ་ཡོད་པའི་སྐད་གྲགས་འདྲ་ཞིག་འདུག
ཐ་མར་ཨ་ཁུ་སྐལ་བཟང་གི་ལག་ནས་ཧིན་སྒོར་ཉིས་བརྒྱ་གཡར་བའི་སྟེང་དུ་དུས་འཁོར་དབང་ཆེན་སྐབས་ཀྱི་སྐུ་ཡོན་དེ་ཚོ་བསྡོམས་པས་ཧིན་སྒོར་ལྔ་བརྒྱ་ལྷག་ཅིག་འདུག གནམ་རྒན་མས་ད་དུང་ང་ལ་མིག་བཙུམས་ཡག་རེད་མི་འདུག དེ་རྗེས་གྲོགས་པོ་བསོད་ནམས་ཡེ་ཤེས་དང་། ཤེས་རབ་དར་རྒྱས་དང་དགེ་འདུན་ངེད་ཅག་ཀླུ་འབུམ་ཁང་ཚན་གྱི་རྩོམ་པ་པོའི་མིང་འཛིན་པ་བཞི་ལམ་དུ་ཆས། མེ་འཁོར་ནང་ནས་ངའི་སེར་སྣ་འཕར་བྱུང་། ཉིན་རེ་ཟུང་ལ་ཟ་མ་ཡང་ཉུང་ཉུང་ཞིག་ལས་མ་ཟོས། དེ་ནི་ངའི་ཕོ་བ་མ་ལྟོགས་པས་མ་ཡིན་ལ་ང་རང་རྒྱ་གར་ཟ་མར་མ་དགའ་བ་དེ་བས་ཀྱང་མིན། གཙོ་བོ་སྒོར་མོ་བཀོལ་རྒྱུར་སེར་སྣ་སྐྱེས་པས་ཡིན། ཉིན་མཚན་གསུམ་དང་ཕྱེད་ཀའི་རྗེས་སུ་ལྡི་ལིར་འབྱོར་བྱུང་། གནས་འདིར་གཞི་ནས་རླུང་རྟ་ཉམས་མགོ་བཙུགས་སོང་། ལྷ་ས་ནས་གྲོགས་པོ་བློ་གྲོས་དཔལ་བཟང་གིས་སྤྲད་པའི་འཇུར་རྟ་ཡག་པོ་དེའི་ཁ་གདངས་སོང་། ཁ་ཆེ་ཐག་ཆོད་ཅིག་གདངས་སོང་། རྒྱ་གར་ལྷམ་བཙེམ་རྒད་པོ་ཨ་ར་ཡོངས་སུ་དཀར་པོར་གྱུར་ཚར་བ་ཞིག་ལ་སྐྱབས་འཇུག་མ་ཞུས་ཀ་མེད་རེད། ལྷམ་གཉིས་ཀའི་ཁ་བཙེམས་རྗེས་ཧིན་སྒོར་སྒོར་སུམ་ཅུ་བླངས་སོང་ལ། ངའི་ལུས་པོའི་ཆ་ཤས་ཤིག་གྲིས་གཏུབས་པའི་ཚོར་སྣང་ཞིག་ཀྱང་བཞག་སོང་། ཁོ་ལ་སྒོར་མོ་དང་རང་ལུས་ཀྱི་ཤ་རྡོག་ཅིག་སྤྲོད་པ་གང་ཡིན་མི་ཤེས་པའི་ཚོར་བ་ཞིག་གི་ཀློང་དུ་བསྐྱལ་སོང་།
དེ་ལྟར་ཆད་ཆད་མཐུད་མཐུད་ཀྱིས་རྡ་སར་བསླེབས་སོང་། རྒྱལ་བ་རིན་པོ་ཆེའི་བཞུགས་གནས་སྐད་གྲགས་ཅན་དེར་བསླེབས་སོང་། སྣེ་ལེན་ཁང་གི་བཀའ་དྲིན་ལ་གསར་འབྱོར་བ་སྐོར་ཞིག་དང་མཉམ་དུ་ཕོ་བྲང་ནང་གོང་ས་མཆོག་གི་གསེར་ཞལ་མཇལ། ཁོང་ཡར་བཞེངས་ནས་ང་ཚོའི་ལག་པར་ཤོག་ཁུག་སྐྱ་བོ་རེ་རེ་བཞག་བྱུང་། ཕྱག་དབང་དྲོན་མོ་དེ་མགོ་རུ་མ་བཞག ཨམ་སྐད་ཚིག་གཅིག་ཀྱང་མ་གསུངས། ངའི་འདོད་པ་ཁེངས་མ་སོང་། ཕོ་བྲང་སྐོར་ལམ་གྱི་རྡོ་ཆེན་པོ་ཞིག་གི་སྟེང་དུ་བཙོགས་ནས་རྒྱང་རིང་གི་རི་ཚོགས་དང་སྨུག་སྤྲིན་ལ་ཅེར་ནས་ཆུ་ཚོད་རེ་ཟུང་ལ་བསྡད།
བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་འདུ་དེ་གཟབ་རྒྱས་ངང་སྦག་སུ་གསོལ་མགྲོན་ཁང་གི་ཚོམས་ཆེན་དུ་འཚོགས་བྱུང་། ཉིན་དང་པོར་གོང་ས་མཆོག་ཕེབས་ཤིང་སྐུ་མགྲོན་སྐྱ་བོ་ཚོས་རང་ལུགས་ཕྱུ་བ་གྱོན་འདུག ཨ་རི་ནས་གདོང་ཐོག་རིན་པོ་ཆེ་ཕེབས་འདུག སུད་སི་ནས་རག་ར་རིན་པོ་ཆེ་ཕེབས་འདུག བློ་གསལ་གླིང་གི་དཔེ་མཛོད་ནས་གསུང་རྩོམ་མང་པོ་ཞིག་བྲོ་བ་ཡོད་ལ་མེད་ལའི་ངང་བཀླགས་མྱོང་བའི་དེབ་དེ་དག་གི་རྩོམ་མཁན་རྒན་བློ་བཟང་རྒྱ་མཚོ་ཡང་འདུག
ཉིན་འདི་ནི་གདོང་ཐོག་རིན་པོ་ཆེ་དང་ཁང་པ་གཅིག་གི་ནང་དུ་འཛོམས་པ་ཆེས་ཐོག་མ་དེ་ཡིན། ཁོང་གིས་རྩོམ་རིགས་གང་གི་སྐོར་ལ་གསུང་བཤད་གནང་བ་དྲན་ཡུལ་དུ་མི་འདུག ཡིན་ཡང་ཁོང་གིས་ཉིན་དང་པོར་བོད་པའི་ཕྱུ་བ་དང་། ཉིན་གཉིས་པར་ནུབ་ལུགས་བྲང་ཆེན་སྟོད་གོས་དང་མགུལ་དཀྲིས་དམར་སྨུག ཉིན་གསུམ་པར་གླང་རྫིའི་དོར་མ་གྱོན་པ་དེ་ནམ་ཡང་བརྗེད་རྒྱུ་མི་འདུག དེ་བཞིན་ཉིན་གཉིས་པའི་དགོང་མོ་ཡིན་ནམ་ཞིག་ལ་ཁོང་ལོ་སྔོན་མར་བོད་དུ་ ཕེབས་པའི་སྐབས་སུ་བརྒྱབ་པའི་འདྲ་པར་མང་པོ་ཞིག་བརྙན་ཡོལ་ཆེན་པོ་ཞིག་གི་ངོས་སུ་འཆར་དུ་བཅུག་ནས་ཚང་མར་འགྲེལ་བཤད་བརྒྱབ་པ་དེ་དང་། ཁམས་སྤྲུལ་རིན་པོ་ཆེ་བལ་བོའི་གློ་སྨོན་ཐང་དུ་གོང་ས་མཆོག་གི་བཀའ་ཡིག་བསྣམས་ནས་ཕེབས་པའི་སྐོར་གྱི་དངོས་བཤུས་གློག་བརྙན་ཞིག་བསྟན་པ་དེ་གཉིས་ཕ་ཡུལ་དྲན་པའི་སྣོན་མར་གྱུར་པ་དེ་ཡང་བརྗེད་ཐབས་མི་འདུག
ཚོགས་འདུ་དེའི་སྐབས་སུ་རག་ར་རིན་པོ་ཆེས་ལག་པ་འདར་འདར་ངང་ཐ་མག་ཚོད་མེད་འཐེན་པ་དང་། ཁོང་ལ་དགེ་ཆོས་སྐོར་བཀའ་འདྲི་ཏོག་ཙམ་ཞུས་པ་མ་གཏོགས་གདོང་ཐོག་རིན་པོ་ཆེ་དང་སྐད་ཆའི་ལམ་ནས་འབྲེལ་བ་ཞུ་རྒྱུ་བྱུང་མ་སོང་། དགོང་མོ་གཅིག་ཚོགས་ཕེབས་པ་ཚོས་དགེ་འདུན་ཆོས་འཕེལ་སྐོར་ཐོལ་བྱུང་གི་སྙན་ངག་བརྩམས་ཏེ་གྱེར་བཞིན་འདུག་པས་རང་ཉིད་ཀྱིས་ཀྱང་དགེ་འདུན་ཆོས་འཕེལ་ཞེས་པའི་ཐོལ་རྩོམ་ཞིག་བྲིས་ཏེ་གྱེར་མོད། དངངས་འཚུབ་ཀྱིས་ཅུང་མིན་ན་ས་ལ་འགྱེལ་གྲབ་ཀྱང་བྱས། དེ་ལྟར་ཉིན་གསུམ་གྱི་ཚོགས་འདུ་གྲོལ་རྗེས་གྲོགས་པོ་ནམ་མཁའི་གྲང་ཤུར་ཤུར་གྱི་རྒྱ་གར་ཤག་ཚང་དུ་གནས་སྤོར་བྱས། དེ་ནས་ཟླ་ཕྱེད་རིང་སྤྱོད་འཇུག་གསུང་ཆོས་ལ་ཉན་རྒྱུའི་སྐལ་བཟང་བྱུང་ལ། ཞག་དུ་མར་གྲོགས་པོ་གསུམ་གྱིས་ཉལ་ཆས་གཅིག་གྱོན་ནས་མཉམ་དུ་ཉལ་བས་རྒྱ་གར་ལུང་པ་ནས་ལུས་པོར་ཤིག་བཏབ་པ་ཡང་ཐེངས་དང་པོ་ཡིན།
གསུང་ཆོས་གྲོལ་རྗེས་གྲོགས་པོ་བསོད་ནམས་ཡེ་ཤེས་དང་ལྷན་དུ་རྒྱ་གར་ལྷོ་ཕྱོགས་སུ་ལོག ཁོའི་དབྱིན་སྐད་ཧ་ཅང་སྐྱོ་བོ་དེས་ལམ་བར་ངེད་གཉིས་བསྐྱབས་སོང་མ་གཏོགས་ང་ནི་ལུག་ཅིག་འཁྲིད་བཞིན་པ་ལྟར་དབྱིན་ཚིག་ཉི་ཤུ་ཙམ་དང་ཧིན་སྐད་ཀླད་གོར་རང་ཡིན། ལྷོ་ཕྱོགས་སུ་བསླེབས་ནས་གནམ་གཤིས་ཚ་བོའི་ནང་དུ་རྡ་ས་བཞིན་མ་ཡིན་པར་རྐང་བརྐྱངས་ལག་བརྐྱངས་ངང་གྱོན་ཆས་སྲབ་བུ་རེ་གྱོན་ནས་འགྲོ་སྡོད་ཉལ་གསུམ་བྱེད་ཆོག་པའི་ཡོན་ཏན་ཞིག་ཀྱང་རྟོགས་བྱུང་།
གཉིས་པ།
དེ་ནས་བཟུང་མི་ལོ་ཁ་ཤས་ཀྱི་རིང་ལ་གདོང་ཐོག་རིན་པོ་ཆེའི་མཚན་ཙམ་ཡང་གོ་ཐོས་མ་བྱུང་། ཁྱོད་ཚོས་གཉན་ཆེན་ཐང་ལྷ་ཟེར་བའི་ཚགས་པར་ཞིག་ཀློག་མྱོང་ངམ། དེ་ནི་བལ་ཡུལ་ནས་བཏོན་པ་རེད་ལ་རྩོམ་སྒྲིག་པ་གཙོ་བོ་ཐ་པ་ལི་ཟེར་བའི་བལ་བོའི་བྲམ་ཟེ་ཞིག་དང་རྩོམ་སྒྲིག་པ་གཞོན་པ་ནི་བྱམས་པ་བློ་གསལ་ཟེར་བའི་ས་སྐྱའི་གྲྭ་པ་ཤེས་ལྡན་པ་ཞིག་རེད། བྱམས་པ་བློ་གསལ་རྡ་སའི་ཚོགས་འདུར་ཕེབས་འདུག་ལ་ཁོས་ངེད་ཅག་ཚོགས་ཕེབས་པ་ཚོའི་ཁ་བྱང་དེབ་དེའི་སྟེང་གི་ངའི་སྡོད་གནས་ཁ་བྱང་བརྒྱུད་དེ་ང་ལ་གཉན་ཆེན་ཐང་ལྷ་ཚགས་པར་ཞིག་བསྐུར་འདུག
དེ་དུས་ངས་གཞི་ནས་གཉན་ཆེན་ཐང་ལྷ་ཚགས་པར་ཟེར་བ་ཞིག་བལ་ཡུལ་དུ་དཔར་སྐྲུན་བྱེད་བཞིན་ཡོད་པ་ཤེས་བྱུང་། ཚགས་པར་དེའི་སྟེང་གི་གསར་འགྱུར་དང་རྩོམ་ཡིག་གཞན་དག་དེ་ཙམ་དང་བ་འདྲེན་ཐུབ་པ་ཞིག་མིན་ན་ཡང་། དེའི་སྟེང་གི་གསལ་བསྒྲགས་གྲུ་བཞི་ཆུང་ཆུང་འབར་ཞུན་གྱི་སྒམ་ཆུང་ལས་ཏོག་ཙམ་ཆེ་བ་ཡོད་པ་ཞིག་གིས་ངའི་ཡིད་དབང་རྦད་དེ་འཕྲོགས་སོང་། དེ་ནི་ཆོས་རྒྱལ་ནོར་བཟང་གིས་ཡིད་འཕྲོག་མ་མཐོང་བ་འདྲ་བོ་ཞིག་ཡིན་རྒྱུ་རེད་བསམས།
མ་གཞི་གསལ་བསྒྲགས་དེ་ནི་སྒོ་མང་གྲྭ་ཚང་གི་གྲྭ་ཟུར་པིས་ཀྲར་ཟེར་བའི་ཨོ་སི་ཁྲི་ལི་ཡའི་མི་ཞིག་གིས་སྤེལ་བ་ཞིག་རེད། ཁོ་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་བདུན་ཙམ་བསྡད་དེ་གཞུང་ཆེན་མོར་སློབ་གཉེར་བྱས་ཤིང་། མཐར་རྒྱ་གར་སོ་བ་ཀླད་དམར་ཟེར་བའི་རྒད་པོ་རྒྱ་གར་གཞུང་ལ་ལས་ཀ་བྱེད་མཁན་ཞིག་ཡོད་པ་དེས་སྡོད་དུ་མ་བཅུག་པར་བལ་ཡུལ་དུ་བསྐྱོད་དེ་སྐྱ་བབས་ཤིང་། མཐར་སྒོ་མང་གློག་སྐད་པར་སྐྲུན་ཁང་ཟེར་བའི་ནང་པའི་གཞུང་ཆེན་མོ་དཔེ་སྐྲུན་བྱེད་ས་ཞིག་བཙུགས་པ་དང་། དེའི་ནང་དུ་དཔེ་སྐྲུན་ཞུ་ཆེན་པ་ཞིག་དགོས་མཁོ་བྱུང་སྟེ་གོང་གི་གསལ་བསྒྲགས་དེ་སྤེལ་བ་ཞིག་རེད་འདུག ངས་ལག་གི་ཚགས་པར་དེ་ཁྱེར་ནས་སྒོ་མང་ཕྱག་མཛོད་ཁང་དུ་བརྒྱུགས། རྒན་གྲགས་པ་ཟེར་བའི་ཕྱག་མཛོད་ཅིག་ཡོད་པ་དེ་དང་ངེད་གཉིས་ཀྱི་འབྲེལ་བ་ལེགས་ཙམ་ཡོད། ཁོང་ལ་ཨམ་སྐད་དབུས་སྐད་རྐང་བརྡ་ལག་བརྡ་བཅས་བརྒྱུད་དེ་ཚགས་པར་དེའི་གསལ་བསྒྲགས་ཀྱི་ནང་དོན་དང་ང་རང་དཔེ་སྐྲུན་ཁང་དེར་བསྐྱོད་འདོད་ཚུལ་སོགས་བརྗོད། ཟླ་གཅིག་ལ་སྒུགས་དང་དེ་ནས་ཁོ་ཚོར་ཁྱེད་དེ་རུ་བསྐྱོད་དེ་ལས་ཀ་བྱེད་རྒྱུའི་འདོད་མོས་ཡོད་མེད་ཤེས་ཀྱི་རེད། ཕྱག་མཛོད་ཀྱི་ལན་ནི་ཧ་ཅང་སྟབས་བདེ་ཞིག་རེད་ལ་ཐག་ཆོད་པོ་ཞིག་ཀྱང་རེད།
ཟླ་གཅིག་རྫོགས་གྲབ་འདུག གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ལ་བསླེབ་གྲབ་འདུག གྲྭ་པ་ཚང་མ་བྲེལ་བ་འཚབ་འཚབ་ཆགས། བློ་འཛིན་དཔེ་བལྟས། ཟས་ཆག་གཉིད་བརྗེད། ཁྱེད་རང་ཕྱག་མཛོད་གྲགས་པས་སྐད་གཏོང་གིན་འདུག དེ་ནི་རྨ་བྱས་དབྱར་རྔ་ཐོས་པ་འདྲ་བོ་ཞིག་ཡིན་རྒྱུ་རེད། ཉིན་ཤས་རྗེས་ང་ལམ་ལ་ཆས། གྲྭ་ཚང་འབྲས་དཀར་སྤུངས་འདྲ་འདི་བཞག་ནས། གཞུང་ལུགས་མར་ཁུ་འདྲ་བོ་ཞིག་བསྐྱུར་ནས། མཆེད་གྲོགས་བརྩེ་འདང་ཅན་ཚོ་གཡུགས་ནས། མོན་སྒོ་ནས་ཧོབ་ལི། ཧོབ་ལི་ནས་ལྡི་ལི། ལྡི་ལི་ནས་བལ་ཡུལ། སྨུག་ཞགས་འཐིབས་ཏེ་ཆར་ཞོད་འབབ་པའི་ཕྱི་དྲོ་ཞིག་ལ་སྒོ་མང་དཔེ་སྐྲུན་ཁང་དུ་འབྱོར། ཉིན་དེ་ནས་བཟུང་ངའི་མི་ཚེའི་ཁ་ཕྱོགས་ཡོངས་སུ་འགྱུར། སྒོར་མོའི་དོན་དུ་འཆི་བ་ཞིག བུ་མོའི་ཆེད་དུ་སྨྱོ་བ་ཞིག
ལོ་གཅིག ལོ་གཉིས། ལོ་གསུམ། ལོ་བཞི།
ཉིན་ཞིག ངས་ཕ་ཡུལ་དུ་རང་སྦྱོང་བྱས་པའི་དབྱིན་ཡིག་དེ་ཚོར་སྐྱར་སྦྱོང་ཞིག་བྱེད་ན་འདོད། ཡིན་ན་ཡང་དབྱིན་བོད་ཚིག་མཛོད་ཡག་པོ་ཞིག་གང་དུ་འཚོལ། ཕ་ཡུལ་ནས་བཀྲ་ཤིས་ཚེ་རིང་གི་ཚིག་མཛོད་སྔོན་པོ་མཐུག་པོ་དེ་ཀློག་མྱོང་ཡང་བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཡིན་པས་སུན་སྣང་སྐྱེས། དེབ་ཚོང་ཁང་རེ་ཟུང་ཡོད་པ་ཉུལ་མཁན་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་སྣང་བ་གསར་བ་ཞེས་པ་ཞིག་རྙེད། རྩོམ་པ་པོ་གདོང་ཐོག་བསྟན་པའི་རྒྱལ་མཚན་ཞེས་བྲིས་འདུག བོད་ཡིག་ཚང་མ་ལག་བྲིས་རེད་འདུག་ལ་ཡིག་གཟུགས་ཧ་ཅང་ཡག་པོ་འདུག ཚིག་མཛོད་འདི་བརྒྱུད་ནས་རྡ་སར་ཚོགས་འདུར་ཕེབས་པའི་མཁས་པ་རྒན་པ་དེ་མི་བརྩོན་འགྲུས་ཅན་དང་ལྷག་བསམ་ཅན་ཞིག་ཏུ་མཐོང་།
ཉིན་ཞིག་ཨ་ཁུ་འཇིགས་མེད་ཟེར་བའི་ཨ་མདོ་བླ་བྲང་གི་ཚོང་པ་རྒན་པོ་ཞིག་ངོ་ཤེས་ཡོད་པ་དེས་ང་ལ་བརྗོད་རྒྱུར། ས་སྐྱའི་གདོང་ཐོག་རིན་པོ་ཆེ་དང་ངེད་གཉིས་རྡོ་རྗེ་གླིང་དུ་ངོ་ཤེས་ཡིན། ཁོང་གིས་དབྱིན་ཡིག་སློབ་སྦྱོང་བྱེད་དུས་གཅིན་པ་གཏོང་གི་འགྲོ་ན་རྒྱུག་གཤར་གློད་དེ་འགྲོ་བ་དང་། ཕྱིར་ནང་དུ་ལོག་དུས་ཀྱང་རྒྱུག་གཤར་གློད་ནས་ཡོང་མཁན་དེ་འདྲ་རེད། མི་བརྩོན་འགྲུས་ཚ་བོ་དེ་འདྲ་སྔོན་ཆད་བླ་བྲང་ན་གྲྭ་པ་སྟོང་ཕྲག་གསུམ་དང་ལྔ་བརྒྱ་ཡོད་དུས་ཀྱང་མཐོང་མ་མྱོང་ཟེར། དུས་རབས་གཅིག་རྫོགས་ཏེ་སྤྱི་ལོ་ཉིས་སྟོང་ལོ་བསླེབས་སོང་། ངས་ས་སྐྱའི་བྱུང་བ་བརྗོད་པ་ཞེས་པའི་དེབ་ཅིག་བརྩམས། དེབ་དེའི་ནང་དུ་འཛམ་གླིང་གི་ས་ཆ་གང་སར་ཡོད་པའི་ས་སྐྱའི་ཆོས་ཚོགས་དག་གི་མཚན་བྱང་བསྡུ་རུབ་བྱས་པ་ཡིན། དེའི་ནང་དུ་གདོང་ཐོག་རིན་པོ་ཆེས་བཙུགས་པའི་ས་པཎ་བཤད་སྒྲུབ་གླིང་ཞེས་པ་ཞིག་བྲིས་ཡོད།
དུས་སྐབས་དེ་འདྲ་ཞིག་ལ་སྲུང་མའི་རྩོད་རྙོག་དེ་ཚབས་ཆེ་རུ་སོང་། ས་སྐྱའི་ཕྱོགས་ནས་གདོང་ཐོག་རིན་པོ་ཆེ་དང་རྙིང་མའི་ཕྱོགས་ནས་བྱ་བྲལ་རིན་པོ་ཆེས་དགག་རྩོམ་བྲིས། སྐབས་དེར་ངས་གདོང་ཐོག་རིན་པོ་ཆེའི་དགག་རྩོམ་མ་མཐོང་ཡང་ཁོང་གི་ཁ་གཏད་མདོ་སྨད་ཡོན་ཏན་རྒྱ་མཚོས་བྲིས་པའི་དེབ་དེ་འདྲ་མཐོང་མྱོང་། མི་དེའི་ལང་ཕྱོགས་གང་ཡིན་ལ་མ་ལྟོས་པར་རྩོམ་རྩལ་ཅན་ཞིག་ཡིན་པར་མཐོང་། ལོ་གསུམ་རིང་ས་སྐྱའི་དགོན་པ་ཞིག་ཏུ་བསྡད་ཅིང་། དགོན་པ་དེར་དཔེ་མཛོད་ཁང་དུ་ཆུང་ཆུང་ཞིག་འདུག་པའི་ནང་དུ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གསུམ་ལྷ་ས་ནས་པར་སྐྲུན་བྱས་པ་དེ་སྐྱར་དཔར་བྱས་པའི་དེབ་གཉིས་འདུག དེ་གཅིག་གི་གླེང་བརྗོད་ལས་དེ་གདོང་ཐོག་རིན་པོ་ཆེས་སྐྱར་དཔར་བྱས་པ་ཞིག་ཡིན་པ་ཤེས་པ་མ་ཟད། ཁོང་གིས་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་ཀྱང་དེབ་དེའི་ལྷན་དུ་དཔར་སྐྲུན་བྱས་འདུག སྔོན་གླེང་ནང་དགེ་འདུན་ཆོས་འཕེལ་གྲུབ་ཐོབ་ཅིག་ཡིན་ལུགས་ཀྱང་གསུངས་འདུག་བསམས། དེ་དུས་ཀྱི་སྔོན་གླེང་དེའི་ཡིག་གཟུགས་ཚིག་མཛོད་ཀྱི་ཡིག་གཟུགས་ལས་ཏོག་ཙམ་སྤུས་ཀ་སྡུག་ཏུ་ཕྱིན་པའི་ཚོར་སྣང་བྱུང་ལ། དེ་ནི་འབྲི་བ་པོའི་ལོ་ཚོད་ཀྱི་དབང་གིས་ཡིན་རྒྱུ་རེད་ཀྱང་དྲན།
གསུམ་པ།
ཉིས་སྟོང་གཉིས་ལོའི་ལོ་མཇུག་ཏུ་ང་ཨ་རིའི་ཝ་ཞིང་ཁྲོན་དུ་འབྱོར་ཞིང་། གདོང་ཐོག་རིན་པོ་ཆེ་ཡང་འདི་གར་བཞུགས་འདུག བོད་པའི་ལོ་གསར་སྤྲོ་ཚོགས་དགོང་མོར་ཁོང་ཐོག་མར་མཇལ་དེ་ཁ་བརྡ་བྱས། མཁས་པའི་ཁེངས་དྲེགས་དང་ཆེ་ཚུགས་ཅི་ཡང་མེད་པར་ཞལ་བརྡ་ལྷུག་པོར་གནང་མཁན་ཞིག་ཏུ་མཐོང་། དེ་རྗེས་ཁོང་གི་བུ་ཚབ་བསྟན་འཛིན་དབང་རྒྱལ་གྱི་གཉེན་སྟོན་སྟེང་ཡང་སྐྱར་མཇལ། ཁོང་གིས་དབྱིན་སྐད་ཀྱིས་དགོད་སློང་བའི་སྒྲུང་འདྲ་བོ་ཞིག་གསུངས་སོང་། ཚིག་མཛོད་ཆེན་པོ་དེ་འདྲ་བརྩམས་མིན་ལ་མ་ལྟོས་པར་དབྱིན་སྐད་ཆུ་ཐག་ཐག་དེ་འདྲ་རང་མི་འདུག་ཨང་བསམས་སོང་།
ཁོང་འདིར་གདན་འདྲེན་གནང་མཁན་ནི་ས་སྐྱ་བདག་ཆེན་རིན་པོ་ཆེའི་ཆོས་ཚོགས་རེད་འདུག་ཅིང་། གདུང་སྲས་ཆུང་ཆུང་ཚོའི་དགེ་རྒན་བྱེད་པའི་ཐུགས་རེ་ཡོད་པ་འདྲ་མོད། གནས་དུས་རྒྱུ་རྐྱེན་མང་པོའི་དབང་གིས་ཆོས་ཚོགས་སུ་ལོ་གཅིག་དང་ཕྱེད་ཙམ་མ་གཏོགས་ཕལ་ཆེར་བཞུགས་རྒྱུ་བྱུང་མི་འདུག དེ་ནས་ཁོང་གི་གསང་ཡུམ་ཚེ་དབང་ལགས་ཀྱང་རྒྱ་གར་ནས་འབྱོར་བ་དང་། ཁོང་གིས་གྱོན་ཆས་བཟོ་གྲྭ་ཞིག་ཏུ་ལོ་བཅུ་ཙམ་རིང་ལས་ཀ་བྱས་འདུག དེའི་སྐོར་ཁོང་རང་ཉིད་ཀྱིས་བརྩམས་པའི་ཁོང་གི་རང་རྣམ་དེའི་ནང་བྲིས་ཡོད་པ་རེད།
ཉིས་སྟོང་གསུམ་ལོའི་ལོ་སྟོད་དུ་ཁོང་གིས་ས་སྐྱའི་ཆོས་ཚོགས་སུ་བོད་རིགས་ན་གཞོན་འགའ་ལ་ཁོང་གིས་བརྩམས་པའི་གངས་ཅན་བོད་ཀྱི་རྒྱལ་རབས་ལོ་ཚིགས་དང་དུས་འགྱུར་ཡོ་ལང་ལ་དཔྱད་པ་སྔོན་མེད་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན་ཞེས་པ་དེ་ལྗགས་ཁྲིད་གནང་བཞིན་འདུག་མོད། རྒྱུ་རྐྱེན་གང་ཡིན་མི་ཤེས་པར་ཟླ་འགའི་རྗེས་སུ་སློབ་ཁྲིད་དེ་མཚམས་བཞག་སོང་། ལོ་རྒྱུས་ཀྱི་དེབ་དེའི་སྔོན་གླེང་ཡང་གོང་ས་མཆོག་གིས་བརྩམས་གནང་བ་སྟེ།
“གངས་ཅན་བོད་ཀྱི་རྒྱལ་རབས་ལོ་ཚིགས་བཞེད་ཚུལ་མི་འདྲ་བ་འགའ་རེ་ཡོད་པར་བརྟེན་ལོ་རྒྱུས་ཞིབ་འཇུག་གི་ལས་ཀས་ཞུགས་མཁན་གཞོན་སྐྱེས་རྣམས་ཀྱིས་གཙོས་དེའི་ཐད་དོ་སྣང་བྱེད་མཁན་རྣམས་ལ་ཅུང་ཡིད་རྟོན་འཕེར་བའི་དཔྱད་གཞི་ཡོང་ཆེད། ཏྲེ་ཧོར་གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ནས་ལྷག་བསམ་ཆེན་པོས་ངལ་ང་དང་དུ་བླངས་ཏེ། བོད་ཀྱི་རྒྱལ་རབས་ལོ་ཚིགས་ཡིག་ཆ་ཁག་དང་། ཡོངས་གྲགས་ངག་རྒྱུན་གྱི་བཤད་སྲོལ། གཟུར་གནས་མྱོང་ཅན་གྱི་ངག་ལས་ཐོས་པ་བཅས་ལ་རྣམ་དཔྱོད་བློ་རྩལ་ཟབ་མོས་དཔྱད་པ་བྱས་ཏེ། གངས་ཅན་བོད་ཀྱི་རྒྱལ་རབས་ལོ་ཚིགས་དང་དུས་འགྱུར་ཡོ་ལང་ལ་དཔྱད་པ་སྔོན་མེད་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན་ཞེས་པ་ཞིག་རྩོམ་འབྲི་ལེགས་པར་ཟིན་པ་དང་། ས་པཎ་བཤད་སྒྲུབ་གླིང་ནས་པར་སྐྲུན་བྱས་པ་བཅས་ལ་ཡི་རངས་བསྔགས་བརྗོད་ཡོད། འཕྲལ་ཡུན་ཀུན་དགའི་སྨོན་ལམ་བཅས། ཏཱ་ལའི་བླ་མས། ཕྱི་ལོ ༢༠༠༡ ཟླ ༡༠ ཚེས་ ༢ ལ།”
བཞི་པ།
ངེད་ཅག་གི་ས་གནས་འདི་ནི་བོད་རིགས་སྤྱི་ཚོགས་ཆུང་ཆུང་མི་གྲངས་སུམ་བརྒྱ་དང་ལྔ་བཅུ་ཙམ་མ་གཏོགས་མེད་ཅིང་། ཨ་རིའི་ཉིག་ཡོར་དང་ཁ་ལི་ཧྥོར་ནི་ཡ་སོགས་དང་བསྡུར་ན་བོད་པའི་མི་གྲངས་དེ་ཙམ་མང་པོ་མིན་མོད། བླ་ཆེན་དང་སྐུ་དྲག མཁས་པ་དང་སྨྱོན་པ་སོགས་ས་གནས་གཞན་དང་བསྡུར་ན་མང་ཙམ་འདུག ལོ་ངོ་དགུ་བརྒྱ་ལྷག་གི་ཁྱིམ་བརྒྱུད་ལོ་རྒྱུས་ལྡན་ཞིང་། ཁྱིམ་བརྒྱུད་ཅིག་གིས་ཆོས་བརྒྱུད་ཆེན་པོ་ཞིག་ལ་དབང་བསྒྱུར་ལོ་ངོ་དགུ་བརྒྱའི་རིང་བྱས་པའི་ས་སྐྱའི་བླ་ཆེན་དང་ཁོང་གི་གདུང་བརྒྱུད་རྣམས། བོད་བརྒྱུད་ནང་བསྟན་རིས་མེད་གྲུབ་མཐའ་སྤྱི་ལ་མཁས་པའི་སྡེ་གཞུང་སྤྲུལ་སྐུ། བོད་ཀྱི་རིག་གཞུང་སྤྱི་བྱེ་དང་དབྱིན་ཡིག་ཐ་སྙད་སོགས་ལ་མཁས་པའི་གདོང་ཐོག་སྤྲུལ་སྐུ། སྐུ་དྲག་གི་རིགས་སུ་སྐྱེས་ཀྱང་ཡོན་ཏན་ལ་དོ་སྣང་ཆེན་པོ་ལྡན་པའི་ནོར་ནང་དགེ་བཤེས། བོད་རྙིང་པའི་བཀའ་བློན་གྲགས་ཅན་ཟུར་ཁང་གི་སྲས་སྲོས་དང་གཡུ་ཐོག་པའི་ནང་མི། རྒྱ་གར་བོད་པའི་སྤྱི་ཚོགས་སུ་ཚན་རིག་པ་ལགས་སམ་ས་ཡན་སི་པ་ལགས་སུ་འབོད་པའི་རྒན་བསོད་ནམས་ཚེ་རིང་། ཝ་ཎ་མཐོ་སློབ་ནས་བོད་དབྱིན་ཧིན་གསུམ་སྦྱངས་པ་མཐར་སོན་པའི་ཐུབ་བསྟན་བྱམས་པ་ལགས། ཚོང་ལས་མ་རྩ་ཨ་སྒོར་ཐེར་འབུམ་གཅིག་ལ་འཕར་བཞིན་པའི་ཕྱིར་སྡོད་བོད་རིགས་ཁྲོད་ཀྱི་ཚོང་པ་གྲགས་ཅན་རྒྱ་རོང་བློ་བཟང་། བོད་ཕྱི་ནང་གཉིས་སུ་སྨྱོན་པའི་འཇིག་རྟེན་གྱི་བློས་བསླངས་བཞེང་རྒྱུར་གྲགས་པ་འབར་བའི་ཁོ་བོ་ཀླུ་སྨྱོན་སོགས། མདོར་ན་རྒྱ་མཚོ་ཆེན་པོའི་ནང་དུ་གང་ཡོད་དང་ནམ་མཁའི་དཀྱིལ་འཁོར་དེ་རུ་གང་མཆིས་གནས་འདིར་ཡང་མཉམ་འཛོམས་བྱུང་འདུག
བོད་ཀྱི་ལོ་གསར་དུས་ཆེན་ལ་བསླེབས་ཐེངས་རེ་རེ་བཞིན་གདོང་ཐོག་རིན་པོ་ཆེས་ཤོག་བུ་དཀྱུས་མ་དེ་འདྲའི་སྟེང་དུ་དབྱངས་ཅན་ལྷ་མོའི་སྐུ་བརྙན་པར་བཤུས་བྱས་པའི་ཟུར་དུ་ལོ་གསར་འཚམ་འདྲིའི་ཤིས་ཚིག་དེ་འདྲ་བྲིས་ནས་སྦྲག་ཁང་བརྒྱུད་ཁོང་གི་གྲོགས་པོ་ཚོར་གཏོང་གི་རེད་ལ། ཁོང་སྐུ་མ་གཤེགས་བར་དུ་ཁོ་བོར་ལོ་རེ་རེ་བཞིན་ལོ་གསར་ཤིས་ཤོག་དེ་འབྱོར་གྱི་ཡོད། གདོང་ཐོག་རིན་པོ་ཆེའི་གཟིམ་ཤག་ཏུ་བསྐྱོད་དེ་ཁོང་དང་ལྷན་དུ་བཟའ་བཏུང་ལ་རོལ་བཞིན་བོད་ཀྱི་ཆོས་རིག་སྐོར་སྐད་ཆ་འདྲ་མིན་ལ་མགོ་འཁོར་བཞིན་སྡོད་མྱོང་། སྐབས་དེར་ཁོང་གིས་བོད་ནང་ནས་བཏོན་པའི་གླུ་གར་གྱི་བརྙན་འཁོར་ཞིག་བརྙན་འཕྲིན་ནང་འཆར་དུ་བཅུག་སྟེ། དེ་མ་ཚར་བར་དུ་མི་སུ་ཡང་འགྲོ་མི་ཆོག་པ་ལྟ་བུ་བཟོ་གནང་གི་རེད།
ང་ལ་མཚོན་ན་ལྟད་མོ་དེ་ཚོའི་མང་ཆེ་བ་ལོ་ཤས་སྔོན་ནམ་ཡང་ན་ལོ་བཅུ་གྲངས་སྔོན་ནས་བལྟས་ཚར་བ་ཡིན་མོད། རིན་པོ་ཆེའི་དགོངས་ཁམས་དང་བསྟུན་ནས་ཡག་སྣང་ཆེན་པོའི་ངང་ལྟ་རྒྱུ་རང་རེད། ཁོང་གི་གཟིམ་ཁང་དེ་ནི་ས་ཆ་ཅུང་ཁུག་ཀྱོག་ཉི་འོད་ཀྱང་དེ་ཙམ་མི་ཕོག་ས་ཞིག་ཏུ་འདུག་པས། དབྱར་དུས་མ་གཏོགས་དགུན་ཁར་གྲང་ངར་གཟེད་དགོས་ས་ཞིག་རེད་ཅིང་། ཁོ་བོས་གཟིམ་ཁང་དེ་འདྲ་ཞིག་ཏུ་མཁས་པ་གཅོང་ནད་ཅན་འདིས་བོད་ཀྱི་ཆོས་རིག་སྐོར་གྱི་དེབ་མང་པོ་ཞིག་ཕྱག་བྲིས་གནང་བ་རེད་ཨང་སྙམ་ནས་ཡིད་སྨོན་དང་གདུང་སེམས་མཉམ་སྐྱེད་ཀྱང་བྱས་མྱོང་། ཁོང་གིས་བོད་ནས་མཉམ་ཁྲིད་གནང་བའི་ཨ་ཁུ་མགོན་པོ་རྡོ་རྗེ་ཟེར་བའི་བླ་རྒན་དགུང་ལོ་བརྒྱད་ཅུ་གྱ་གྲངས་ལ་སོན་པ་སྐུ་གཟུགས་ཧ་ཅང་ཐང་པོ་ཞིག་ཡོད་པ་དེས་ནམ་རྒྱུན་ཁོང་གི་ནང་མིར་བཞེས་ལག་བཟོ་བཞིན་འདུག
ཁོང་ནི་དེང་སྐབས་དྲ་ངོས་རེ་ཟུང་ན་མཇལ་རྒྱུ་ཡོད་པའི་གདོང་ཐོག་རིན་པོ་ཆེས་༡༩༥༧ ནམ་༥༤ ལོར་རྡོ་རྗེ་གླིང་ནས་སྐྱ་ཆས་བཞེས་ཏེ་བསྐྱོན་པའི་འདྲ་པར་དེའི་ངོས་ཀྱི་མི་གཟུགས་ཐུང་དེ་རེད། གྲྭ་པ་བགྲེས་སོང་འདིས་གདོང་ཐོག་རིན་པོ་ཆེའི་བུ་ཚབ་དང་སྲས་མོ་ཁོང་གི་ཕྲུ་གུ་བཞིན་གཉོར་སྐྱོང་བྱས་པས། དེང་སྐབས་འཚར་ལོངས་བྱུང་ཟིན་པའི་མི་རབས་རྗེས་མ་འདི་ཚོས་ཁོང་ལ་ཧ་ལས་པའི་བྱམས་བརྩེ་འཆང་བཞིན་འདུག
ལྔ་པ།
མི་མང་པོ་ཞིག་གིས་ཤེས་གསལ་བཞིན་གདོང་ཐོག་རིན་པོ་ཆེ་ལ་སྲོག་རླུང་གི་སྙུང་གཞི་ཞིག་ཡོད་པ་དེས་ལན་རེར་ཁོང་ཐུགས་སེམས་མི་སྐྱིད་པ་བཟོ་བཞིན་ཡོད་པ་དང་། དེ་ནི་ཁོང་གི་རྣམ་ཐར་ནང་སྲུང་མའི་རྙོག་གཞི་དེས་རྒྱུ་རྐྱེན་བཟོས་པར་ཡང་བརྗོད་འདུག་ཅིང་། དེ་ལ་ཕན་རེས་ཁོང་གིས་ཡོངས་འཛིན་ཁྲི་བྱང་ལས་ཆོས་འབྲེལ་དེ་འདྲ་ཡང་ཞུས་འདུག་པས། ལན་རེར་ངའི་སེམས་ནང་སྲུང་མའི་སྐོར་འདི་ནས་ཁོང་དང་ཕར་ཕྱོགས་པ་ཚོ་ཡང་བླ་མ་གཅིག་པའི་རྡོ་རྗེ་སྤུན་གྲོགས་སུ་གྱུར་འདུག་ཨང་སྙམ་པའི་ཚོར་སྣང་ཡང་ལན་གཅིག་མིན་པར་སྐྱེས་མྱོང་། ཡིན་ཡང་ཁོང་གིས་ཡ་ང་བག་ཚ་མེད་པར་ལོ་རྒྱུས་འཆད་དུས་སྟག་བྲག་དང་སྲུང་མར་སྡིག་དུས་ཕ་བོང་ཁ་བ་གཉིས་ལ་ངན་སྨྲོས་མཚང་འབྱིན་དྲག་པོ་གནང་བ་རེད་ལ། དེས་རྒྱལ་བ་རིན་པོ་ཆེ་ཡང་དགོངས་ཚོམས་ཏོག་ཙམ་བྱུང་ལུགས་མི་མང་གི་ཁ་ནས་ཐོས་རྒྱུ་དང་དྲ་རྒྱའི་ངོས་སུ་མཐོང་རྒྱུ་འདུག ཡིན་ཡང་གདོང་ཐོག་རིན་པོ་ཆེ་ནི་ཁམས་པའི་བུ་རྒོད་ཅིག་དང་སྲོལ་རྒྱུན་པ་དབུ་མཁྲེག་ཅིག་ཡིན་པས་སུ་ཞིག་གིས་ཁོང་གི་གཤིས་ཀ་མ་བཅོས་པ་དེ་བསྒྱུར་ནུས་ཨང་། སུ་ཞིག་གིས་ལྕགས་ཀྱི་ཕ་བོང་ལ་ཁུ་ཚུར་བརྡེག་ནུས་ཨང་།
གདོང་ཐོག་རིན་པོ་ཆེ་དང་འབྲེལ་འདྲིས་དེ་ཙམ་ཆེན་པོ་ཞིག་མ་བྱུང་བ་ནི་ཁོང་བཞུགས་ས་ནས་ང་རང་སྡོད་སའི་ཆོས་ཚོགས་ཡོད་སར་རླངས་འཁོར་མེད་ན་བསླེབ་རྒྱུ་ཅུང་ཟད་ཐག་རིང་དྲགས་པས་ཡིན་ལ། རྒྱུ་མཚན་གཞན་ཞིག་གི་ཁོང་གི་སྙུང་གཞི་སྐབས་རེར་ཡག་ཙམ་དང་ལན་རེར་སྡུག་ཏུ་འགྲོ་བས་ཀྱང་ཡིན། གང་ལྟར་ངས་རིན་པོ་ཆེ་མཆོག་ལོ་རེར་ཚན་གཉིས་གསུམ་ལས་ལྷག་མཇལ་གི་ཡོད། དེ་ནི་བོད་པའི་ལོ་གསར་དང་ས་སྐྱའི་བླ་ཆེན་རེས་འདི་གར་ཆོས་གསུང་དུས། བོད་པའི་ཆོས་རིག་སྐོར་ཚོགས་འདུ་འདྲ་ཡོད་དུས་བཅས་ཡིན། འདི་བརྗོད་དགོས་པ་ཞིག་ནི་ཁོང་གིས་བཙུགས་པའི་ས་པཎ་བཤད་སྒྲུབ་གླིང་ཞེས་པ་འདི་ཡང་ཆོས་ཚོགས་སམ་པར་སྐྲུན་ཁང་འདྲ་བོ་དེ་འདྲ་གང་ཡང་མིན་པར་ཁོང་རང་གི་གཟིམ་ཤག་གི་མིང་ཙམ་ཞིག་རེད།
ཆོས་ཚོགས་ཟེར་ན་རེད་གཟིམ་ཁང་ལབ་ན་རེད་གང་ལྟར་ཁོང་རང་ཉིད་ཀྱིས་ང་དང་ང་འདྲ་བའི་གྲོགས་པོ་རེ་ཟུང་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་སྐོར་ཁོང་གི་དགོངས་ཚུལ་བཤད་ས་ཞིག་དང་། ཆོས་རིག་ལོ་རྒྱུས་སྐོར་དེབ་འདྲ་མིན་རྩོམ་ས་ཞིིག ཁོང་རང་གིས་སྒྲུབ་པ་ཉམས་ལེན་གནང་ས་ཞིག་སྟེ། མདོར་ན་ཁང་པ་དཀྱུས་མ་ནང་ཁུལ་གྲང་མོ་དང་ཉི་འོད་དེ་ཙམ་མི་ཕོག་པ་ཞིག་རེད། ས་པཎ་བཤད་སྒྲུབ་གླིང་དུ་ཐེངས་གཅིག་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཕུར་པའི་དབང་སྐུར་ཞིག་ཞུས་པ་འདྲ། དེ་མ་གཏོགས་བླ་མ་གཞན་པ་གདན་འདྲེན་ཞུས་པའི་ལོ་རྒྱུས་ངས་མི་ཤེས་ལ། ཁ་ལི་ཧྥོ་ནི་ཡར་བཞུགས་པའི་སྐུ་གཤེགས་རྙིང་མའི་བླ་མ་མཐར་ཕྱིན་ཟེར་བའི་རེབ་གོང་གི་སྔགས་འཆང་དེ་དང་ཁོང་གཉིས་ལ་འབྲེལ་བ་དམ་ཟབ་འདུག
ལོ་ཤས་སྔོན་བླ་མ་མཐར་ཕྱིན་གྱིས་ཁོང་གི་ཆོས་ཚོགས་སུ་གདོང་ཐོག་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཟླ་གཅིག་ཙམ་ལ་སྒྲུབ་མཆོད་ཚུགས་པ་དེ་འདྲ་ཡང་བྱུང་སོང་། དེང་སྐབས་ཡོད་པའི་གདོང་ཐོག་རིན་པོ་ཆེས་གཟན་ཁྲ་མནབས་ནས་ཆོས་ཁྲི་ཞིག་གི་སྟེང་དུ་བཞུགས་ཡོད་པའི་འདྲ་པར་དེ་ཡང་སྐབས་དེར་བླངས་པར་བཤད། སྲུང་མའི་དགག་རྩོམ་སོགས་བརྒྱུད་པ་ཡིན་ནམ་གང་ལྟར་བལ་ཡུལ་དུ་བཞུགས་པའི་རྙིང་མའི་བླ་མ་རྩ་ཆེན་བྱ་བྲལ་རིན་པོ་ཆེ་དང་ཁོང་གཉིས་ཐུགས་ནང་ཉེ་བོ་ཡིན་པ་འདྲ། རིན་པོ་ཆེའི་ཆབ་སྲིད་ཀྱི་ལྟ་བ་ནི་བོད་རང་བཙན་གཙང་མ་དགོས་གསུང་མཁན་ཞིག་ཡིན་པ་ཁོང་གིས་བྲིས་པའི་ཆབ་སྲིད་སྐོར་གྱི་རྩོམ་ཐུང་རེ་ཟུང་ལས་ཤེས་ཐུབ།
དྲུག་པ།
རིན་པོ་ཆེ་དང་ངེད་གཉིས་ངོ་ཤེས་ཏོག་ཙམ་རྙིང་པ་ཆགས་པའི་རྗེས་སུ། ཉིན་ཞིག་ངས་རང་གིས་བྲིས་པའི་ཁྱབ་འཇུག་གི་འཇུག་པ་བཅུའི་རྟོགས་བརྗོད་ཅེས་པའི་སྙན་ངག་དེ་ཁོང་ལ་སྤྱན་འབུལ་ཞུས་པ་ཡིན། ཁོང་གིས་བདུན་ཕྲག་གཅིག་ཙམ་གྱི་རྗེས་སུ་ང་ལ་ཡི་གེ་ཞིག་སྤྲིངས་ཏེ། འཇུག་པ་བཅུའི་རྟོགས་བརྗོད་དེ་ཡག་པོ་ཞེ་དྲགས་འདུག གཞོན་སྐྱེས་སྙན་ངག་རིག་པར་དོ་སྣང་ཅན་ཚོའི་ཆེད་དུ་སྙན་ངག་དེའི་ནང་གི་མངོན་བརྗོད་སོགས་གོ་སླར་བཀྲལ་ཏེ་འགྲེལ་པ་ཞིག་རྩོམ་ཐུབ་ན། ཁོང་གིས་འགྲོ་སོང་བཏང་སྟེ་དེབ་དེ་པར་སྐྲུན་བྱེད་ཀི་ཡིན་གསུངས་འདུག་པས། ཁོ་བོས་རིན་པོ་ཆེའི་དགོངས་འདུན་བཞིན་རྟོགས་བརྗོད་དེར་འགྲེལ་པ་ཞིག་ཀྱང་བརྩམས་ཏེ་ཁོང་ལ་སྤྱན་འབུལ་ཞུས་པ་ཡིན། ཟླ་ཤས་རྗེས་སུ་ཁོང་གིས་དེབ་དེར་གླིང་བརྗོད་ཅིག་བརྩམས་གནང་བ་དང་འབྲེལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་པར་སྐྲུན་གནང་འདུག་པ་མ་ཟད་ང་ལ་ཡང་པར་ཕུད་འདྲ་བོ་དེབ་ཉི་ཤུ་ལྷག་གནང་སོང་། ཁོང་གིས་བརྩམས་པའི་ངའི་དེབ་དེའི་གླེང་བརྗོད་འདི་ལྟར།
སྔོན་བརྗོད།
ཕྱི་ནང་རིག་པའི་གནས་ལ་མཁྱེན་རབ་ཀྱི་པདྨོ་བཞད་པ། རྫོགས་ཆེན་དོ་རྡོ་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་མཆོག་གི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་རྟོགས་བརྗོད་ཚིགས་བཅད་དུ་བསྡེབས་པ་ཞིག་ཁོ་བོར་སྐྱེས་སུ་བསྩལ་པ་མཇལ་ནས་དགའ་བ་རབ་ཏུ་འཕེལ་ཞིང་། བློ་གསར་རྣམས་ཀྱི་ཆེད་དུ་དེའི་འགྲེལ་པ་ཞིག་གསུང་རྩོམ་མཛད་པར་སྐུལ་མ་ཞུས་པས། འགྲེལ་པ་ཁ་གསལ་གོ་བདེ་འདི་བརྩམས་མཛད་པ་སྟེ། རིག་པ་དོན་གཉེར་ཅན་སྤྱི་དང་། ཁྱད་པར་སྙན་རྩོམ་པ་མོས་པ་ཅན་ཡོངས་ལ་ཆེས་སྨན་པའི་བསྟན་བཅོས་ཁྱད་པར་པ་ཞིག་ཏུ་ངེས་པས་སྙིང་ནས་བཀའ་དྲིན་ཆེ་ཞུའོ།།
ཡེ༷་ཤེས༷་ལྷ་མཆོག་འོད་དཀར་ཅན། །ཐུགས་ཀྱི་རྒྱ༷་མ༷ཚོ་ལ་ཤར་བས། །འཇུག་པ་བཅུ་ཡི་རྟོགས་བརྗོད་ནི། །ཕྱག་སོར་འཕྲུལ་གྱིས་བསྐྲུན་འདི་རྨད། །
ཅེས་ཏྲེ་ཧོར་གདོང་ཐོག་སྤྲུལ་མིང་པ་བསྟན་པའི་རྒྱལ་མཚན་གྱིས། ༢༠༠༤ ཤིང་སྤྲེལ་ཧོར་ཟླ་ ༦ ཚེས་ ༡༤ ལ་དྭངས་པའི་བློས་ཆེད་དུ་བརྗོད་པའོ།།
དེ་བཞིན་ཁོང་གིས་ནམ་རྒྱུན་བོད་རིགས་འཛོམས་ས་དག་ཏུ་ང་ཚོའི་ས་གནས་སུ་སྤྲུལ་སྐུ་ཡེ་ཤེས་ལྟ་བུའི་ཤེས་ལྡན་པ་བཞུགས་ཡོད་པས། ས་གནས་བོད་རིགས་བོད་རིག་པར་དོན་གཉེར་ཅན་ཚོའི་ཁོང་གི་རྩ་ནས་སློབ་སྦྱོང་བྱེད་དགོས་ཞེས་ཡང་ཡང་གདམས་པ་ཡང་དྲན་བྱུང་། ད་དུང་ཁོང་ཉིག་ཡོར་གྱི་ལ་རྩེ་དཔེ་མཛོད་ཁང་དུ་ཕེབས་ཐེངས་ཤིག་ལ་ལ་རྩེའི་འགན་འཛིན་རྒན་པདྨ་འབུམ་ལགས་སུ། ཁོང་བཞུགས་སའི་ས་གནས་སུ་སྤྲུལ་སྐུ་ཡེ་ཤེས་ལྟ་བུའི་ཤེས་ལྡན་པ་ཡོད་ཀྱང་ས་གནས་བོད་མི་ཚོས་ཁོང་གི་རྩ་ནས་སློབ་སྦྱོང་བྱེད་ཀི་མི་འདུག་ཅེས་ཀྱང་གསུངས་འདུག དེ་ནི་ང་རང་ཤེས་ལྡན་པ་ཞིག་མིན་ཡང་མཁས་པ་ཁོང་གིས་ཡོན་ཏན་ལ་གཅེས་སྤྲས་དང་མི་གཞན་གྱི་ཤེས་ཡོན་ལ་གདེང་འཇོག་གནང་བ་རེད།
བདུན་པ།
ལོ་ཤས་སྔོན་ཁོང་གིས་སྟོད་ཐུང་དམར་སེར་མ་ཎི་ཡིག་དྲུག་དང་ས་པཎ་བཤད་སྒྲུབ་གླིང་གི་ལས་རྟགས་ཡོད་པ་ཞིག་བཟོ་སྐྲུན་གནང་འདུག་ཅིང་། ནམ་རྒྱུན་བོད་རིགས་འདུ་འཛོམས་ཡོད་སར་དེ་བསྣམས་ཕེབས་ནས་ཚོང་འགྲེམ་གནང་གིན་འདུག ང་དང་ངའི་གྲོགས་པོ་ཚོར་སྟོད་ཐུང་དེ་དགོས་མཁོ་ཆེན་པོ་མེད་ཀྱང་རིན་པོ་ཆེར་རྒྱབ་སྐྱོར་གྱི་ཚུལ་དུ་ཚར་རེ་ཟུང་ཉོས་པ་ཡིན་ལ། ཁོང་རྒྱ་གར་གྱི་ས་སྐྱའི་སྨོན་ལམ་དང་ཨ་རིའི་ས་གནས་གང་དུ་ཕེབས་ཀྱང་ཐེངས་མང་པོར་སྟོད་ཐུང་དེ་མནབས་ཡོད་པའི་འདྲ་པར་མང་པོ་མཇལ་རྒྱུ་འདུག
དེ་བཞིན་ཁོང་འདྲ་པར་སྒྲོན་རྒྱུར་ཐུགས་ཧ་ཅང་མཉེས་ཤིང་། བོད་པའི་ལོ་གསར་དང་ས་སྐྱ་ཁྲི་འཛིན་ལྟ་བུའི་བླ་ཆེན་གྱི་ཆོས་གྲྭར་ནམ་རྒྱུན་པར་ཆས་ཤིག་བསྣམས་ཏེ་མི་མང་གི་མིག་ལ་དེ་ཙམ་བདེ་བོ་ཡོད་མེད་གང་ལྟར་ཡང་བག་ཚ་བ་ཅི་ཡང་མེད་པར་སྐུ་པར་སྒྲོན་གྱི་རེད། ཡིན་ན་ཡང་ཁོང་གིས་བསྒྲོན་པའི་འདྲ་པར་དེ་འདྲ་ངས་ནམ་ཡང་མཐོང་མྱོང་མེད་ལ། ངའི་གྲོགས་པོ་མང་པོ་ཞིག་གིས་ཀྱང་མཐོང་མྱོང་ཡོད་པ་མ་རེད། དེའི་རྐྱེན་གྱིས་ང་ཚོ་གྲོགས་པོ་མང་པོ་ཞིག་གིས་རྩེད་མཚར་གྱི་ཚུལ་དུ་ཁོང་གི་པར་ཆས་དེའི་ནང་དུ་སྤྱིན་ཤོག་ཡོད་མེད་ཀྱི་བགྲོ་གླེང་ཡང་ཡང་བྱེད་ཀིན་ཡོད།
རིན་པོ་ཆེས་ཤ་མ་མཆོད་པའི་རྐྱེན་གྱིས་ཁོང་གི་སྐུ་གཟུགས་སྐམ་པོ་ཆགས་ཤིང་། ལོ་ཤས་སྔོན་ནས་བཟུང་སྐུ་གཟུགས་ཏོག་ཙམ་ཀྱོག་ཀྱོག་ཀྱང་ཆགས་འདུག་པས། བླ་མ་རྒན་པ་ཞིག་གིས་ང་ལ་གདོང་ཐོག་སྤྲུལ་སྐུ་སྔོན་མར་བོད་རྫོང་གསར་བཤད་གྲྭར་ཡོད་དུས་མི་ཉམས་ཆེན་པོ་རྫིག་པོ་ཞིག་ཡོད་ཀྱང་དེང་སྐབས་གཟུགས་པོ་ཞེ་དྲགས་ཉམ་ཆུང་ཆགས་འདུག་ཅེས་ཐེངས་ཁ་ཤས་གསུངས་མྱོང་ཡོད།
༼མུ་འགོད།༽
ངེད་ཅག་གི་ས་གནས་འདི་ནི་བོད་རིགས་སྤྱི་ཚོགས་ཆུང་ཆུང་མི་གྲངས་སུམ་བརྒྱ་དང་ལྔ་བཅུ་ཙམ་མ་གཏོགས་མེད་ཅིང་། ཨ་རིའི་ཉིག་ཡོར་དང་ཁ་ལི་ཧྥོར་ནི་ཡ་སོགས་དང་བསྡུར་ན་བོད་པའི་མི་གྲངས་དེ་ཙམ་མང་པོ་མིན་མོད། བླ་ཆེན་དང་སྐུ་དྲག མཁས་པ་དང་སྨྱོན་པ་སོགས་ས་གནས་གཞན་དང་བསྡུར་ན་མང་ཙམ་འདུག
་་་་་་་་་་་་་ ཡིན་ཡང་ཁོང་གིས་ཡ་ང་བག་ཚ་མེད་པར་ལོ་རྒྱུས་འཆད་དུས་སྟག་བྲག་དང་སྲུང་མར་སྡིག་དུས་ཕ་བོང་ཁ་བ་གཉིས་ལ་ངན་སྨྲོས་མཚང་འབྱིན་དྲག་པོ་གནང་བ་རེད་ལ། དེས་རྒྱལ་བ་རིན་པོ་ཆེ་ཡང་དགོངས་ཚོམས་ཏོག་ཙམ་བྱུང་ལུགས་མི་མང་གི་ཁ་ནས་ཐོས་རྒྱུ་དང་དྲ་རྒྱའི་ངོས་སུ་མཐོང་རྒྱུ་འདུག ་་་་་་་་་་་་་་་
བཀླགས་ཡོད། སྙན་བྱུང་། ཡིན་ནའང་ཡིག་ནོར་མང་གི། ཐུགས་གཟབ་གནང་རོགས།
ཀླུ་སྨྱོན་ལགས་ཀྱིས་ཡག་པོ་བྲིས་གནངས་འདུག གདོང་ཐོག་གི་སྐུའི་མཛད་སྤྱོད་ལ་རྟགས་ན་ཉམས་ལེན་ཡག་པོ་ཡོད་ས་རེད་སྙམ་པ་བྱུང་། སྙན་གྲགས་དང་རྒྱུ་ནོར་ལ་དོ་སྣང་མེད་པ་དེར་བལྟས་ན་འཇིག་རྟེན་འདིའི་བྱ་བཞག་ཐམས་ཅད་སྙིང་བོ་མེད་པར་རྟོགས་ཡོད་པ་འདྲ། འདི་འདྲའི་དམ་པ་རེ་གཉིས་མ་གཏོགས་བྱུང་མྱོང་ཡོད་པ་མ་རེད། འོན་ཀྱང་དམ་པ་ཉིད་གྲོངས་དུས་རྟགས་མཚན་ག་རེ་བཞག་ཡོད་མེད་གསུང་རོགས་ཞུ། བླ་མས་རྟགས་མ་འདོད་ཀྱང་རྟགས་ཀྱིས་བླ་མར་འདོད་ཟེར་བའི་དཔེ་བཞིན་གྲོངས་རྟགས་ཡ་མཚན་ཅན་བཞག་ཡོད་ན་གསུང་རོགས་ཞུ། ཤེས་འདོད་ཁ་སྐོམ་པ་ནང་བཞིན་འདུག ཐུགས་རྗེ་ཆེ།།
ལེ་ཚན་རྗེས་མའི་ནང་དུ་རིན་པོ་ཆེ་སྐུ་གཤེགས་པའི་སྔ་གཞུག་དང་རྟགས་མཚན་སྣ་ཚོགས་ཨ་རི་དང་བོད་དུ་བྱུང་ཚུལ། ཁོང་གི་བརྩམས་ཆོས་སྐྱར་ཞིབ་སོགས་འབྲི་གི་ཡོད།
ཡག་པོ་བྲིས་འདུག ཀླུ་སྨྱོན་ལ་གུས་པ་བསྐྱེད་སོང་། དྲང་པོ་ཞིག་འདུག་སྙམ། འདྲི་བ་འགའ་ཤས་ཡོད།
གདོང་ཐོག་རིན་པོ་ཆེས་གསུངས་ན། ཀླུ་སྨྱོན་སེར་ཡག་ཊེལ་ལ་ཁྲིད་ཡོང་མཁན་ཁོང་ཡིན་གསུངས། དེའི་གོ་རིམ་ཞིག་གསུངས་རོགས།
༸གོང་ས་མཆོག་གིས།
་་་་་་་་་་་་ ཏྲེ་ཧོར་གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ནས་ལྷག་བསམ་ཆེན་པོས་ངལ་ང་༼བ་༽དང་དུ་བླངས་ཏེ། བོད་ཀྱི་རྒྱལ་རབས་ལོ་ཚིགས་ཡིག་ཆ་ཁག་དང་། ཡོངས་གྲགས་ངག་རྒྱུན་གྱི་བཤད་སྲོལ། གཟུར་གནས་མྱོང་ཅན་གྱི་ངག་ལས་ཐོས་པ་བཅས་ལ་རྣམ་དཔྱོད་བློ་རྩལ་ཟབ་མོས་དཔྱད་པ་བྱས་་་་་་་་་་་་་
བླ་མ་གསོན་དུས་དྲང་པོ་དྲང་བཞག་དང་ངོ་ལྐོག་རྒྱབ་མདུན་མེད་ཅིང་། བོད་བསྟན་སྲིད་ལ་ལར་ཞེན་ཆེ་བ། ཆོས་རིག་དར་འཕེལ་གྱི་ཕྱག་རྗེས་འགྲན་མེད་བཞག་པ་དེ་གས་ཆོག ཤི་དུས་ཀྱི་རྟགས་མཚན་དེ་འདྲ་དགོས་མཁོ་མེད།
ཀླུ་སྨྱོན་ལགས་ཀྱིས་ས་པཎ་བཤད་སྒྲུབ་གླིང་གི་འགྲེལ་བཤད་དེར་ཐུགས་རྗེ་ཆེ། ངའི་བསམ་པར་ས་པཎ་བཤད་སྒྲུབ་གླིང་ཟེར་དུས་ཆེ་མདོག་ཁ་པོ་ཞིག་གི་སྣང་བརྙན་ཤར་ཡོད། གདོང་ཐོག་རིན་པོ་ཆེས་སྟོད་ཐུང་འཚོང་ལུགས་ལ་བལྟས་ན་དངོས་གནས་ཆོབ་ཚ་པོ་ཞིག་ཡོད་ས་རེད།
ཀླུ་སྨྱོན་ལགས། ཁྱེད་རིན་པོ་ཆེ་དང་འབྲེལ་འདྲིས་ལེགས་པོ་ཡོད་བཟོའི་ཆ་ནས་ཁྱེད་དམ་ཡང་ན་ཁྱེད་ཀྱི་ངོ་ཤེས་གདོང་ཐོག་རིན་པོ་ཆེའི་ཉེ་ས་དེ་འདྲ་ཞིག་ནས་ཁོང་གི་ལོ་རྒྱུས་ལྷག་འཕྲོ་ཅན་དེ་ཁ་སྐོར་ཐུབ་པ་ཞིག་བྱུང་ན་ཁོང་གི་དགོངས་པ་རྫོགས་པ་དང་ཕྱིས་འབྱུང་རང་རེའི་གཞོན་སྐྱེས་ཚོར་ཕན་ངེས་སྙམ་པས་ཐུགས་ལ་འཇགས་པར་འཚལ།
ཀླུ་སྨྱོན་ལགས་ཀྱི་མུ་འགོད་རྗེས་མའི་ནང་གདོང་ཐོག་རིན་པོ་ཆེའི་ཐུགས་གཤིས་གང་འདྲ་ཡོད་མེད་སྐོར་ཏོག་ཙམ་གསལ་ན་ཡག་པོ་ཡོང་བ་འདུག ཁོང་རང་ལ་སྲོག་རླུང་གི་ནད་གཞི་ཡོད་པ་དེེས་ཅུང་ཟད་སྐུ་རླུང་བཞེངས་པོ་འདྲ་ཞིག་མེད་དམ་བསམ་པ་འདུག
ཐུགས་རྗེ་ཆེ།
ཁ་སྐོང་ཐུབ་པ་ཞེས་པར་བཅོས་ཡོད།
གདོང་ཐོག་བླ་མས་དྲ་རྒྱའི་སྒོ་ཀུན་བཀག་་།
ཕྱོགས་ཞེན་དྲ་འབུའི་་རྫུན་གཏམ་དྲ་ནང་གླེང་།
འདས་རྗེས་འདེད་གླེང་སྙོགས་་མང་ཙམ་བཟོས་།
ཐུག་པ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་་དཀྲུགས་།
ཆོས་ལུགས་ཆོལ་ཁ་བར་ལ་དཀྲུགས་།
མཁས་པ་མཁས་པའི་བར་ལ་དཀྲུགས་།
མཁས་པ་བྲོས་ས་ཨ་རི་རེད་།
ཨ་རིའི་ཌོ་ལར་འཛའ་བསྐྱེད་ཆེ།
སྐུ་དྲག་བྲོས་ས་ཨ་རི་རེད་།
ཨ་རིའི་ཌོ་ལར་འཛའ་བསྐྱེད་ཆེ།
བླ་མ་བྲོས་ས་ཨ་རི་རེད་།
ཨ་རིའི་ཌོ་ལར་་འཛའ་བསྐྱེད་ཆེ་།
ཉམས་ཆུང་སྡོད་ས་རྒྒ་གར་རེད་།
ཕ་ཡུལ་བསམ་ནས་རྒྱ་གར་བསྡད་།
རང་བཙན་ལེན་ལ་རྒྒ་གར་བསྡད་།
རྒྱལ་བའི་བཀའ་སྒྲུབ་རྒྱ་གར་བསྡད་།
བཀྲིན་ཅན་གྱི་མི་མང་ཚོ་།
དཀྲུགས་ཤིང་རྗེས་ལ་མ་འགྲོ་ཤིག་།
མཁས་པའི་རྗེས་ལ་མ་འབྲང་ཨ་།
རང་ཚུགས་ཟིན་ནས་་བཞུགས་རོགས་གནང་།
ཆ་ཚང་བཀླགས་ཡོད་རྗེས་མར་སྒུག་ཡོད
བཀླགས་ཟིན། རྗེས་མར་སྒུག་ཡོད།
གདོང་ཐོག་རིན་པོ་ཆེའི་ལོ་རྒྱུས་བྲིས་པ་འགའ་ཤས་མཐོང་རྒྱུ་ཡོད་པ་ལས། མཁས་དབང་ཀླུ་སྨྱོན་མཆོག་གི་ལོ་རྒྱུས་དེ་ཁུངས་དག་པ་དང་། བདེན་ཚུགས་ཆེ་བ་འདུག དེ་ལ་ཆོས་ལུགས་དང་ཆོལ་ཁའི་དུག་ནད་མེད་པ་ལྟ་བུར་གནང་། ཀླུ་སྨྱོན་ལ་ངོ་མ་དྲང་ཚུགས་ལྡན་པའི་མཁས་པའི་གཤིས་ཀ་མེད་དུ་མི་རུང་བ་དེ་འདུག་པས། ཁོང་གི་རྩོམ་གཞན་པ་རྣམས་བཀླག་པར་སྤྲོ་བ་གཏད།
འོན་ཀྱང་སེམས་ཁྲལ་གཅིག་བསླེབས་པ་ནི། ཐེངས་རྗེས་མའི་ནང་ལ་གདོང་ཐོག་རིན་པོ་ཆེ་མ་གཤེགས་གོང་དང་དེའི་རྗེས་ལ་རྟགས་མཚན་མ་རྣམས་ཤོད་ཀྱི་ཡིན་ཟེར་དུས། འོ་ཡང་སྔགས་དང་། རྫུ་འཕྲུལ་དང་། རྟགས་དང་རྟོག་པ་འདྲེས་ནས་གདོང་ཐོག་གི་ལོ་རྒྱུས་དེ་ལ་ལྷ་བླ་མའི་ཚ་དང་སུར་པན་་བཏབ་རྒྱུ་རེད་སྙམས་པའི་ངོ་མཚར་བསླེབས་སོང་། རབ་ལ་དེ་ལྟར་མེད་ན་དགའ། དགེ་འདུན་ཆོས་འཕེལ་ལྟ་བུ། མི་ཕལ་པའི་རྣམ་དཔྱོད་དང་རིགས་པ་ལས་འཕྱུར་བའི་དངོས་དོན་གསལ་བཤད་གནང་ཐུབ་ན་ཤིན་དུ་ལེགས་སོ།
གྲུབ་རྟགས་དང་རྫུ་འཕྲུལ་ཡོད་ན་ཆོས་ཀྱི་ཆེ་བ་ཡིན་པས་ངེས་པར་དུ་དགོས། མེད་ན་རྫུན་བཟོ་བྱ་མི་རུང་། སྟོན་པ་བཅོམ་ལྡན་འདས་དང་སྔོན་བྱོན་གྱི་མཁས་གྲུབ་དུ་མས་གྲུབ་རྟགས་དང་རྫུ་འཕྲུལ་མང་བོ་བསྟན་ཡོད། ལྷག་པར་དུ་ཀླུ་སྨྱོན་གྱི་སྐུ་གོང་མ་ཨ་ལགས་དོ་རྡོ་ནི་ས་ཆེན་པོ་ལ་གནས་པའི་སྐྱེ་ཆེན་དམ་པ་ཞིག་རེད། ཁོང་གིས་བསྟན་པའི་གྲུབ་རྟགས་དང་རྫུ་འཕྲུལ་བཤད་ན་བགྲང་གིས་མི་ལངས་པ་ཞིག་ཡོད། ཀླུ་སྨྱོན་ཀྱང་མ་འོང་བར་སྐུ་གོང་མ་ནང་བཞིན་ཡོང་བའི་རེ་བ་ཡོད། ཨ་ལགས་དོ་རྡོ་ནི་རྩ་རླུང་ལ་མངའ་བརྙེས་པའི་རྫོགས་ཆེན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་པ་ཀུན་ལ་རླུང་ལྟར་གྲགས་སོ། །
རྟགས་རྫུ་འཕྲུལ་མེད་ན་དགའ་ཟེར། ཡ་མཚན། ཁན་ཚར་པོ།
་་་་་་་་་་ ཨ་ལགས་དོ་རྡོ་ནི་རྩ་རླུང་ལ་མངའ་བརྙེས་པའི་རྫོགས་ཆེན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་པ་ཀུན་ལ་རླུང་ལྟར་གྲགས་སོ། ། ་་་་་་་་་
གདོང་ཐོག་ལྔ་པ་ཡང་རྩ་རླུང་ལ་མངའ་བརྙེས་པ་ཅིག་ཡིན་ནམ། ལགས།
རྩོམ་ཡིག་ཆ་ཚང་ཞིག་བཀླགས་ཡིན་ཏེ་གདོང་ཐོག་སྤྲུལ་སྐུའི་ལོ་རྒྱུས་བྲིས་པ་ཞིག་ཏུ་མི་རིག་ཅིང་། གཙོ་ཆེར་ཀླུ་སྨྱོན་རང་གི་མྱོང་ཚོར་དང་བྱུང་བ་དག་བྲིས་པ་ཞིག་ཏུ་མཐོང་སོང་། དེ་ཡིན་ཡང་སྐྱོན་ཆེར་མ་མཐོང་། འབྲི་ལུགས་དང་བརྩམས་སྟངས་ལ་སྒྱུ་རྩལ་གྱི་ཆ་རང་བཞིན་གྱིས་མངོན་པ་ནི། ཀློག་པ་བོར་ཡང་དང་བསྐྱར་དུ་དགོད་ཁ་དབང་མེད་དུ་བསླངས་ཤིང་རྩོམ་ཡིག་ཆ་ཚང་བཀླག་འདོད་ཀྱི་བྲོ་བ་སྟེར་བ་དེའོ།། འོན་ཏེ། ཞར་དང་ཞོར་ལ་གདོང་ཐོག་སྤྲུལ་སྐུའི་རང་བཞིན་འགའ་མཐོང་བ་ནི། ཁོང་མི་བརྩོན་འགྲུས་དང་སྙིང་རུས་ཅན། ལྷག་བསམ་པ། ཁ་རུ་ཁ་ཐུག བློ་ཁོག་ཅན་ཞིག་ཀྱང་ཨེ་ཡིན་སྙམ་པ་དེ་རེད། ཡིན་ཡང། འདི་ལས་གདོང་ཐོག་ཚང་གི་བྱུང་བ་དངོས་བློ་ཡིད་ཚིམ་པ་ཞིག་རག་མ་སོང་། གང་ལྟར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རེད་རེད་དེང་སང་རྩོམ་པ་པོ་དང་བླ་མ་སྤྲུལ་སྐུ་དེ་ཚོའི་བཤད་སྟངས་དང་རྩོམས་སྟངས་ཞིག་རེད་འདུག དཔེར་ན། བསོད་རྒྱལ་རིན་པོ་ཆེས་བར་དོའི་སྐོར་གྱི་དེབ་ནང་དུ་བར་དོའི་སྐོར་རྩལ་དུ་བཏོན་ནས་མི་བཤད་པར་་་ཁོ་རང་ཆུང་དུས་ཁོ་རང་གི་བླ་མས་གདེང་འཇོག་བྱེད་སྟངས་དང་སྐུ་སྐྱེ་སྔོན་མ་གཏེར་སྟོན་བསོད་རྒྱལ་གྱི་ཆེ་བ་བརྗོད་པ་རྩལ་དུ་བཏོན་འདུག་གང་ལྟར་རང་ཉིད་ལེགས་ཚོགས་ཞིག་ཡིན་པར་འདོན་པའི་ཕྱིར་དུ་དེ་ཚོ་དངོས་སུ་བཤད་ན་ཤུགས་ལ་རང་དོན་གྱི་བྱ་བ་འགྲུབ་ཡོང་གི་རེད་་་་་
ཀླུ་སྨྱོན་ཆུང་དུས་དགེ་ལུགས་པའི་གྲྭ་བ་བྱས། ལོ་སུམ་ཅུ་ལོན་ནས་རྙིང་མའི་སྤྲུལ་སྐུ་ཆགས། ཁྲི་འདོན་ས་སྐྱའི་དགོན་པ་ཞིག་གི་ནང་དུ་བྱས། ལུས་ལ་གྲྭ་ཆས་གྱོན། ཁ་ནས་འཁྲིག་གཏམ་འབའ་ཞིག་བརྗོད། རང་ཉིད་ལ་དངོས་ཉམས་རྨི་ལམ་དུ་ཡ་མཚན་མང་དུ་བྱུང་བར་བརྗོད། ད་གདོང་ཐོག་གི་ལོ་རྒྱུས་ལྟ་བུ་འདིའང་གཅིག་བྱས་ན་ཉམས་དང་རྨི་ལམ་གང་རུང་ལ་ཤར་བ་ཞིག་ཡིན་འགྲོ།
ཆོས་རྒྱམ་དྲུང་པའི་ཡང་སྲིད་གོ་རྒྱུ་མི་འདུག་ན། གདོང་ཐོག་ཡང་སྲིད་ཡང་ངོ་འཛིན་ཁག་པོ་མིན་འགྲོ་ཨ།