རེབ་ཐོག་མདའ།
ས་ཆེན་རྨི་ལམ་བོར་བའི་ཁ་སང་གི།།
གངས་རིའི་ལས་དབང་ང་ཚོས་གླེང་གི་ཡོད།།
དགོན་གྲོང་མེ་ལ་སྦར་བའི་ན་ཟུག་དེ།།
ཚ་བོ་ཚ་མོས་སེམས་ལ་འབྲི་བཞིན་ཡོད།།
ཟླ་བ་སྤྲིན་གྱིས་སྒྲིབ་པའི་སྨག་རུམ་ནང་།།
གྱེས་བྲལ་ལོ་ཟླ་མཛུབ་རྩེས་བགྲང་བཞིནཡོད།།
གཞིས་བྱེས་གཉིས་སུ་གྱེས་པའི་ལོ་ཟླ་དག།
ཁ་བའི་སྐྱིད་སྡུག་སེམས་ན་ཀློག་གི་ཡོད།།
རྩྭ་ཐང་འཁྱག་གིས་བསྡམས་པའི་སྦྲ་ནག་དང་།།
ཁང་ཁྱིམ་བཙན་གྱིས་ཉོ་བའི་ཟློས་གར་གཉིས།།
མ་བརྗེད་མཐོ་སྒང་གངས་རིའི་དར་རྒུད་སོགས།།
བཙན་པོའི་བུ་ཚོས་སྙིང་ལ་བརྐོས་ནས་ཡོད།།
དབྱངས་གསལ་སོ་བཞིའི་ངག་གི་དབྱངས་རྟ་དང་།།
མ་ཎི་ཡིག་དྲུག་ཀློང་གི་དད་འདུན་གཉིས།།
རྒྱང་རིང་ཨ་ཇོ་དྲན་པའི་གདུང་བ་སོགས།།
ན་ཟུག་ལྕི་མོ་སྙིང་ན་འབར་གི་ཡོད།།
ཕོ་བྲང་དམར་པོ་གདོང་གི་སྐྱོ་གདུང་དང་།།
ཇོ་མོ་བླ་རིའི་ངག་གི་སྨེ་ངག་གཉིས།།
མ་ཕམ་གཡུ་མཚོའི་ངོགས་ཀྱི་མིག་ཆུ་གསུམ།།
སྒང་བ་བོད་པའི་བུ་ངས་དྲན་བཞིན་ཡོད།།
མ་ལོའི་གདོང་གི་གཉེར་རུས་སྟུག་པོ་དང་།།
ཕ་ལོའི་མགོ་ཡི་སྐྲ་ལོ་དཀར་པོ་གཉིས།།
བུ་རབས་ཚ་རྒྱུད་མི་ཚེའི་མདུན་ལམ་སོགས།།
བསམ་བཞིན་གངས་རིའི་རྩ་དོན་རྩོད་བཞིན་ཡོད།།
སྐྱིད་པའི་ཉི་མ་ཨ་སྔོན་དབྱིངས་སུ་ཤར་ཡང་། །
མི་འདོད་སྤྲྲིན་པས་ཕྱོགས་མཐའ་ཀུན་ནས་་སྒྲིབ་སོང་། །
བོད་རྒྱལ་ཆེན་མོ་ཞི་བདེའི་ཁྱོན་ལ་བསྐྱོད་ཀྱང་། །
བསམ་ནག་རྒྱ་མིས་དམྱལ་ཁམས་ལྟ་བུར་བྱས་སོང་། །
རེབ་རྒོད་ཐོག་མདའི་སྙན་དབྱངས་ཟབ་ན་ཡང།
མཆན་བུ་མེད་པའི་ཁྱབ་པ་སློང་བཞིན་འདུག
རྒྱ་སྟག་ཕྲ་མོའི་སྐད་རྒྱངས་བསླུ་བྱེད་ཅིང་། །
སེང་ཆེན་རྒྱལ་བའི་སྙིང་ཡང་འདར་བྱེད་པའི། །
རེབ་ཐོག་གཞོན་ནུའི་སེམས་ཀྱི་གཏིང་རུམ་ལས། །
ཤོར་བའི་སྙན་ངག་ཐོག་མདས་ས་ཆེན་གཤགས། །