ལྷ་རྒོད་ཀྱིས།
ཀ་སོགས་གསལ་བྱེད་སུམ་ཅུའི་བདག་པོ་ང་ཚོ་ཡིན།།
ཁ་ཡོད་ལག་ཡོད་གཅེས་ནོར་ངོ་མ་སྐད་ཡིག་གཉིས།།
ག་ས་གང་ནས་ཕྱི་ནང་དགྲ་བོས་གཏོར་བཤིག་འདི།།
ང་ཚོའི་ཚེ་སྲོག་མགྱོགས་མྱུར་ཤོར་བའི་ལྟས་ངན་ཡིན།།
ཅ་ག་བདག་སྤྲོད་དགོས་པའི་དུས་སུ་མི་བགྱིད་ན།།
ཆ་འཇོག་བྱ་ཡུལ་མེད་པར་གྱུར་དུས་འགྱོད་ན་བླུན།།
ཇ་ཆང་ཟས་ཀྱིས་ཁ་ངོམས་གྲོད་པ་འགྲངས་པའི་དུས།།
ཉ་རོ་ཇི་བཞིན་ཚོར་འདུ་བོར་ན་ཐབས་སྡུག་ཡིན།།
ཏ་ཐཱ་ག་ཏའི་ལྟ་གྲུབ་ཟབ་མོའི་ནང་དོན་དག །
ཐ་མའི་དུས་འདིར་འགྲེལ་བཤད་ཡང་དག་བོད་ཡིག་གལ།།
ད་ལྟ་རིག་གསར་འཕྲུལ་གྱིས་བསྐྲུན་པའི་གོ་ལའི་སྟེང་།།
ན་གཞོན་མང་པོ་གསར་འགྲོགས་དགའ་བས་རང་ལུགས་བོར།།
པ་བསང་ལྟར་དཀར་ང་ཚོའི་རྩ་ཆེན་རིག་པའི་གནས།།
ཕ་རོལ་དགྲ་བོའི་སྙིང་ལ་གཟན་པའི་མདའ་མོ་ཡིན།།
བ་གླང་ལྟ་བུའི་བླང་དོར་གནས་ལ་མ་རྨོངས་པར།།
མ་ལོའི་གཅེས་ཕྲུག་ངོ་མ་ཡིན་ན་བློ་རིག་སྒྲིམས།།
ཙ་རི་གངས་རི་གནས་བསྐོར་ཙམ་གྱིས་མ་ཚིམ་པར།།
ཚ་ཚ་འུར་འུར་འབད་ཅིང་བརྩོན་ས་རིག་གཞུང་ཡིན།།
ཛ་དྲག་ཆེ་བའི་ས་ཡ་དྲུག་གི་སྤྱི་ཚོགས་ནང་།།
ཝ་སྐྱེས་རྒྱལ་པོའི་ངང་ཚུལ་མ་གནང་ཞིབ་དཔྱོད་མཛོད།།
ཞྭ་གོས་ཡག་ཀྱང་ཕྱི་ཚུལ་ཙམ་ལས་ནང་དོན་མིན།།
ཟ་བྱེད་འབྱུང་པོའི་དམིགས་ཡུལ་མ་ནོར་ཤེས་ན་ལེགས།།
འ་འུར་ངང་ནས་རང་ཚུགས་མ་ཤོར་གངས་ཅན་པ།།
ཡ་ལན་གཞན་ལ་འགེལ་རྐྱང་མ་གནང་འགན་ཁུར་བྱོས།།
རྭ་ལྟར་གུག་པའི་བྱ་བ་སྤྱོད་པ་ཡོངས་སྤངས་ནས།།
ལ་རྒྱ་ལྡན་ན་སྤྱི་སེམས་ཅན་ལ་གུས་བཀུར་བྱོས།།
ཤ་ཁྲག་ལས་དབང་གཅིག་གིས་བསྡུས་པའི་ཁྱོད་དང་ང་།།
ས་ཆེན་འདི་ནས་རང་གི་ཚེ་སྲོག་རང་གིས་སྐྱོངས།།
ཧ་ཅང་ཁྲེལ་མེད་གདོང་འབག་ཅན་གྱི་སྐྱེ་བོའི་རིགས།།
ཨ་མའི་བུ་ངས་སྙིང་གཏམ་རེ་བསྐུལ་གང་ཡང་མེད།།
ཧ་ལས་དགོས་པའི་ལེགས་བཤད་ལྗོན་བཟང་མ་ཡིན་མོད།།
ཨ་རོགས་གྲོགས་ཚོས་དོན་གྱི་འབྲས་བུ་ལྡན་མིན་གཟིགས།།
བརྡ་འཕྲིན་གསར་པའི་ཆོ་འཕྲུལ་གར་སྟེགས་སུ།།
དབྱངས་གསལ་སོ་བཞིའི་མཛེས་མའི་འཇོ་སྒེག་ལ།།
ཀ་རྩོམ་མཚར་སྡུག་རིན་ཆེན་རྒྱན་གྱིས་སྤུད།།
རིགས་ཀྱི་བག་མ་འདོད་ན་གང་མགྱོགས་བསུས།།
སྤྱི་ཚོགས་དངོས་ཀྱི་གནས་སྟངས་སམ་ཡང་ན་རང་ཉིད་ཀྱི་རྣམ་རྟོག་གི་འཆར་སྒོ་ལ་ཤར་བའི་སྒྲོ་སྐུར་ཡང་ཡིན་སྲིད། གང་ལྟར་སེམས་ནས་དྲན་ཕྱིན་ཡི་གེར་འགོད་པ་ནི་ངའི་གོམས་གཤིས་ཟེར་ནའང་ཆོག་པར་སེམས།
ཀ་རྩོམ་བྲིས་ཤིག་བོད་གཞོན་ཚོ། །
ཁ་བ་ཅན་གྱི་ལས་བཟང་རེད། །
ག་དུས་ཤོད་ཚད་བོད་སྐད་ཤོད། །
ང་ཚོའི་མི་རིགས་ལ་རྒྱར་ཕན། །