དཔྱི་ས་དགེ་འདུན་ཡོན་ཏན།
—༧གོང་ས་མཆོག་གི་འཁྲུངས་སྐར་ལ།
བྱེས་གྱར་སྤྲང་ཀོག་ཡོངས་ཀྱི་མགོ་སྐྲ་དང་།།
གཞིས་སྡོད་དྭ་ཕྲུག་སྟོང་གི་མིག་འབྲས་སྟེ།།
གནམ་གྱི་བདག་པོ་ཡིན་པའི་སྤྱན་རས་གཟིགས།།
སྐྱེས་སྐར་དབྱངས་སུ་བཀུག་ནས་ཇ་ཞིག་འདྲེན།།
གཞན་ཕན་གཉུག་གཤིས་དཀར་པོའི་ཀློང་ཡངས་ལས།།
རྒྱལ་ཁམས་རིགས་པས་བསྐོར་བའི་དཔའ་བོ་སྟེ།།
བརྩེ་ཞེན་གློ་བ་དཀར་བའི་ཤཱཀྱའི་སྲས།།
སྒང་དྲུག་རི་ནས་འབྲུག་ལྟར་འཁྱུག་ཤོག་ཡ།།
ཞི་བའི་དབྱིངས་ལ་སིམ་པའི་འགྱུར་ཁུག་དང་།།
གངས་རིིའི་གཞོང་ནས་འཐོར་བའི་རྟུལ་ཆེན་སྟེ།།
ཆོས་སྲིད་ཀ་བར་བསྒྲེངས་བའི་སྙིང་གི་བུ།།
བདག་མེད་མི་རིགས་འདི་ཡི་སྲོག་ཏུ་བཞུགས།།
གོ་མཚོན་བྱེ་མར་འཐག་པའི་རྐང་རྗེས་ཁྲོད།།
བདེན་དོན་མགུར་ཏུ་བཞེངས་བའི་ཕོ་ཉ་སྟེ།།
རེ་བའི་མིག་ཞགས་བསྲིངས་སའི་གངས་རི་བ།།
སེམས་ལ་འཁྱིལ་བའི་གནམ་གྱི་སྐར་ཆེན་ཡིན།།
སྒེར་གཅོད་སྲིད་གཞུང་དག་གི་སྒོ་འགྲམ་ན།།
མི་སེར་བྲང་ལ་སྦྱར་བའི་ཡུམ་ཆེན་སྟེ།།
རུས་པའི་རྐང་ལ་ཟུག་པའི་དབུ་མ་བ།།
གཡར་མའི་གནས་ཚང་འདི་ནས་ཐར་བར་ཤོག །