རྩོམ་པ་པོ། འོད།
གླེང་སློང་བ།
ཀོ་བ་རློན་པས་ཐུམ་བརྒྱབ་ནས་འགོར་ན་ཉིན་རེ་བཞིན་ཇེ་དམ་ཇེ་དམ་དུ་གྱུར་ནས་མཐར་སྐྱག་པ་ཤོར་ཤོར་ཞིག་བཟོ་བར་བྱེད་པ་བཞིན། བཅད་ཁྲ་དང་བཀའ་ཁྱབ་དང་ལེན་ཚུལ་བཞིན་མ་བྱས་ན་ཇེ་མཁྲེགས་སུ་གྱུར་ནས་སྤ་ཀོང་དུ་འཇུག
གཅིག
༢༠༡༨/༠༩ ནང་ལྔ་དང་ལྔ་བཅུ་ཟེར་བའི་ཚོགས་འདུ་ཞིག་ཚོགས་ཤིང་། སྲིད་སྐྱོང་གིས་ཚོགས་འདུ་དེའི་མཇུག་སྡོམ་གཏམ་བཤད་བྱས། ཁོས་“བཀའ་ཤག་གནམ་གྲུ་གཏོང་མཁན་ཡིན། ཁྱོད་ཚོ་བར་ལ་འཛུལ་ནས་མ་ཡོང་།”ཞེས་སྡིགས་ར་སྐུལ། ཡིན་ཡང་། དོན་དངོས་ཐོག་ཁོས་གནམ་གྲུ་ཡག་པོ་གཏོང་མི་ཤེས་པར་མ་ཟད། གནམ་གྲུའི་ནང་གི་མི་སུ་ཞིག་གིས་གནམ་གྲུ་གཏོང་སྟངས་མི་འགྲིག་ཚུལ་བཤད་ན་དེ་གནམ་གྲུའི་ནང་ནས་མར་གཡུག་པར་བྱེད། སྔོན་སྐུ་ངོ་སྤེན་པ་ཚེ་རིང་ཡང་དེ་ལྟར་གཡུགས་པ་རེད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་སྐུ་ངོ་སྤེན་པ་ཚེ་རིང་གིས་ཁོའི་གནམ་གྲུ་གཏོང་སྟངས་ཁྲིམས་འགལ་ཡིན་ཚུལ་ ༢༠༡༨/༠༥ ནང་ཁྲིམས་གཏུགས་བྱས། དེ་བཟུང་ཉིན་རེ་བཞིན་ཁྲིམས་ཞིབ་ཀྱི་ཉི་མ་ཉེ་རུ་ཉེ་རུ་གྱུར་ཏེ། ༢༠༡༩/༠༦/༠༥ ཉིན་ཁྲིམས་ཞིབ་ཁང་དུ་གྱོད་དོན་དེའི་སྐོར་མགོ་འཛུགས་གནང་།
གཉིས།
ཕྱི་ལོ་༢༠༡༩/༠༦/༢༧ ཉིན་ཁ་མཆུ་ཨང་༢༠ གདན་དོན་གཏན་འབེབས་ཀྱི་ཉན་ཞིབ་གཉིས་པ་འཚོགས། སྐབས་འདིར་སྲིད་སྐྱོང་ངམ་གནམ་གྲུའི་ཁ་ལོ་བས་གནམ་གྲུ་སྟོང་བ་བཏང་ནས་དབྱིན་ཡུལ་དུ་བྲོས་ཕྱིན་ཡོད།
གསུམ།
༢༠༡༩/༠༧/༡༠ ཉིན་ཁ་མཆུ་ཨང་ ༢༠ ཞིབ་གཅོད་ཉན་ཞིབ་དང་བོ་གནང་། ཉིན་དེར་གནམ་གྲུའི་ཁ་ལོ་བ་ཨི་ཊ་ལིའི་གྲོང་གསེབ་ཁེ་ནོ་ས་ Canossa ཞེས་པ་རུ་དགའ་སྟོན་ཞིག་གི་ཟས་མགྲོན་ལ་མཉམ་ཞུགས་བྱས་ནས་ཟ་མ་རྒྱགས་ཚད་ཅིག་ཟོས།
བཞི་བ།
༢༠༡༩/༠༧/༡༨ ཉིན། ཁ་མཆུ་ཨང་ ༢༠ ཞིབ་གཅོད་ཉན་ཞིབ་གཉིས་པ་གནང་། ཉིན་འདིར་གནམ་གྲུའི་ཁ་ལོ་བ་ལ་གཞུང་འབྲེལ་ཕྱོགས་སྐྱོད་ཟེར་བའི་ཁ་གཡར་ཞིག་མེད་པས། རྐུན་མ་འགྲོ་འགྲོ་དང་འབྲོ་འབྲོ་བྱས་པས་སུས་ཀྱང་གར་ཡོད་གསལ་བོ་ཤེས་མེད།
ལྔ།
༢༠༡༩/༠༧/༢༤ ཉིན། ཁ་མཆུ་༢༠ ཞིབ་གཅོད་ཉན་ཞིབ་གསུམ་པ་གནང་བ་དང་། ༠༧།༢༦ ཞིབ་གཅོད་ཉན་ཞིབ་བཞི་བ་གནང་། ཉིན་འདི་དག་ལ་གནམ་གྲུའི་ཁ་ལོ་བ་བསྐུངས་ནས་ཕྱི་ལ་མ་བུད་ཅིང་། དེའི་རྗེས་ཇི་ལྟར་ཕྱི་ལ་འབུད་དགོས་པ་མ་ཤེས་པར་མ་ཟད། གསར་འགྱུར་རིགས་གང་ཡང་འགོད་རྒྱུ་མ་རྙེད་པར་རང་གི་བུ་མོ་དང་མཉམ་དུ་པར་ཞིག་བརྒྱབ་ཏེ་ཟླ་ ༧། ༢༨ ཉིན་ངོ་དེབ་བཞག་ནས་ལྷང་ལ་འབུད་འདོད་ཀྱི་སྐེ་སོ་བྱས་ནས་དྲ་ལམ་ལ་ལྟ་ཙམ་བྱས། དྲ་ལམ་དུ་ཁ་ལོ་བ་ཉིན་རེ་བཞིན་ཕམ་གྱིན་པའི་གནས་ཚུལ་མང་བོ་འདུག་པས། དགོང་མོ་དེར་གཉིད་ཀྱང་མི་ཁུགས་པར་གྱུར།
དྲུག
༢༠༡༩/༠༨/༠༢ ཉིན། ཁ་མཆུ་ཨང་༢༠ ཞིབ་གཅོད་ཉན་ཞིབ་ལྔ་བ་གནང་། ཉིན་འདིར་ཁ་གཡར་ས་ཡག་པོ་ཞིག་ཡོད་པས་བློ་སེང་དགའ་སྤྲོའི་ངང་ལྷང་ལ་བུད་དེ། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དྲུག་ལས་གྲུབ་པའི་ཚོགས་ཆུང་གི་མགོ་རྔ་ལ་བརྒྱུགས་ཤིང་། བོད་མི་ཚོའི་མདུན་ནས་ཁོས་ལས་དོན་ཆེན་པོ་སྒྲུབ་ཀྱིན་ཡོད་པའི་ཚུལ་བསྟན་པ་དང་། ཨ་རིའི་འཐུས་མི་ཚོའི་མདུན་ནས་ཁོ་རང་གནམ་གྲུའི་ཁ་ལོ་བ་ཡིན་པ་གསལ་སྟོན་བྱེད་ཅི་ཐུབ་བྱས། འོན་ཀྱང་། གནམ་གྲུ་ཉོ་བྱེད་ཀྱི་ཨ་སྒོར་ས་ཡ་དང་ཕྱེད་ཀ་ཁྲིམས་འགལ་ཆགས་ཟིན་པ་གོ་ནས་སླར་ཡང་མི་སྐྱིད་པར་གྱུར།
བདུན།
༢༠༡༩/༠༨/༠༧ ཉིན། ཁ་མཆུ་ཨང་ ༢༠ ཞིབ་གཅོད་ཉན་ཞིབ་དྲུག་པ་གནང་། ཉིན་འདིར་ཁོས་གནམ་གྲུ་སྟོང་བ་བཏང་ནས་ལྡི་ལི་ནས་རྡ་སར་ཡོང་བའི་ལམ་བར་དུ་འགོར་འགྱངས་བྱས་པ་རེད་ཟེར་མོད། ཁ་ལོ་བའི་དགའ་རོགས་ཤར་གླིང་ཟླ་སྒྲོལ་གནམ་གྲུ་ལས་མར་ཟགས་ཏེ་རྡ་སའི་འོབས་སུ་ལྷུང་ཡོད་པ་མང་བོ་ཞིག་གིས་མཐོང་བ་དངོས་གནས་རེད་འདུག
བརྒྱད།
༢༠༡༩/༠༨/༠༨ ཉིན། ཁ་མཆུ་ཨང་ ༢༠ ཞིབ་གཅོད་ཉན་ཞིབ་བདུན་པ་གནང་། ཉིན་འདིར་གཙུག་ཁང་དུ་སྨོན་ལམ་ཞིག་གོ་སྒྲིག་བྱས་ནས་ཚོགས་པ་དང་། སྨོན་ལམ་གྲོལ་རྗེས་གསར་འགོད་པ་ཚོ་ལ་ཉིན་འདི་ནི་“ངས་གནམ་གྲུ་བསྐོར་ནས་ལོ་བརྒྱད་ཏག་ཏག་འགོར་བའི་ཉིན་མོ་ཡིན།”ཞེས་འུར་བསྒྲགས།
དགུ།
༢༠༡༩/༠༨/༡༤ ཉིན་ཁ་མཆུ་ཨང་༢༠ ཁྲིམས་དོན་གྱི་གནད་དོན་ཐོག་ཞིབ་གཅོད་ཉན་ཞིབ་བརྒྱད་པ་གནང་། ཉིན་འདིར་གནམ་གྲུ་སྟོང་བ་བསྐོར་ནས་ལྡི་ལི་ལ་སོང་། ལྡི་ལི་ན་སྐུ་ཚབ་དོན་གཅོད་བཞུགས་ཡོད་པས་ཁོ་འགྲོ་དགོས་དོན་མེད་མོད། ཁ་མཆུ་ཨང་༢༠ ནི་ཁོ་རང་གི་མགོ་ན་བྱེད་ཅིག་ཏུ་གྱུར་ཡོད་པས། གང་ལ་འགྲོ་ས་ཡོད་ན་དེ་རུ་འགྲོ།
བཅུ།
༢༠༡༩/༠༨/༢༡ ཁྲིམས་དོན་གྱི་གནད་དོན་ཐོག་ཞིབ་གཅོད་ཉན་ཞིབ་དགུ་བ་གནང་། ཉིན་འདིར་འབྲོ་ས་གཞན་མེད་པས་ངོ་དེབ་སྟེང་དུ་ལྔ་དང་ལྔ་བཅུའི་སྐོར་གྱི་གསར་འགྱུར་རྙིང་བ་ཞིག་བརྒྱུད་འགོད་བྱས་ཏེ། རང་ཕྱོགས་ཀྱི་དྲ་འབུ་འགའ་ཁ་གཡང་གི་མཆན་འདེབས་སུ་བཅུག
ཞིབ་གཅོད་ཉན་ཞིབ་མཇུག་རྫོགས་སོང་ལ། བློ་སེང་གིས་གནམ་གྲུ་གཏོང་མ་ཤེས་པར་ཁོའི་སྙིང་སྡུག་མ་ཤར་གླིང་ཟླ་སྒྲོན་དང་། བློ་བཟང་གྲགས་པ། ཆོས་མཛད། བྲག་གཡབ་བློ་བཟང་། མགོན་པོ་ཚེ་རིང་སོགས་གནམ་གྲུའི་ནང་མར་ཟགས། ད་དུང་བློ་བཟང་གྲགས་པ་རྐང་ཆག་ལག་ཆག་ཞིག་ཏུའང་གྱུར་འདུག
བཅུ་གཅིག
༢༠༡༩/༡༠/༡༤ ཉིན་ཁ་མཆུ་ཨང་༢༠ བཅད་ཁྲ་ཁྱབ་བསྒྲགས་གནང་། ཉིན་འདིར་སྔ་ས་ནས་གྲ་སྒྲིག་བྱས་པ་ལྟར་གནམ་གྲུ་སྟོང་བ་བསྐོར་ནས་ཅག་སྤྱི་མཐུན་རྒྱལ་ཁབ་ལ་ཕྱིན་ཚར་ཡོད། གནམ་གྲུའི་ཁ་ལོ་བའི་རོགས་པ་ཁ་ཤས་ཤུལ་དུ་བསྡད་ནས་བཅད་ཁྲ་དེ་རྒྱུ་འབྲས་དང་མཐུན་གྱི་མི་འདུག་ཅེས་བཤད་པ་དང་། དེའི་ནང་གི་ལག་རོགས་བློ་བཟང་གྲགས་པས་“ཁྲིམས་ཞིབ་ཁང་དྲང་བདེན་མ་རེད། ངའི་ལག་བཅད་སོང་། ངའི་རྐང་བ་གཏུབ་སོང་།” ཞེས་དོན་མེད་འུར་སྒྲོག་བྱས་ཏེ་ཁྲིམས་ཞིབ་ཁང་ལ་ཉེས་འགེལ་བྱས་པས་གྱོད་དོན་ཚབས་ཆེ་རུ་འགྱུར་བའི་མགོ་བརྩམས། དོན་ངོ་མས་ཁོའི་རྐང་ལག་ནི་བློ་སེང་གི་གནམ་གྲུ་ནང་ནས་མར་ལྷུང་སྟེ་ཆག་པ་རེད།
བཅུ་གཉིས།
༢༠༡༩/༡༡/༡༥ ནང་ཚུན་ལ་བཅད་ཁྲའི་དགོངས་དོན་ལྟར་དགོངས་སེལ་ཞུ་དགོས་མོད། གནམ་གྲུའི་ཁ་ལོ་བ་བློ་སེང་གིས་“བཅད་ཁྲ་དྲང་བོ་མི་འདུག ང་ལ་ལག་འཁྱེར་ཡག་པོ་ཡོད། གནམ་གྲུ་བསྐོར་ན་སྣང་དོགས་མེད”ཅེས་ལྐོག་ནས་མི་འགའ་ལ་ངན་སྐུལ་གྱིས་སྙན་ཞུ་འགའ་བསྡུ་རུབ་བྱས་ཏེ། མི་མང་བོས་སྙན་ཞུ་ཕུལ་ནས་བཅད་ཁྲ་དྲང་བོ་མ་རེད་ཟེར་གྱི་འདུག་ཅེས་དྲ་ལམ་ལ་སྤེལ་པ་དང་། བཅད་ཁྲ་ལག་བསྟར་མ་བྱས་པར་མུ་མཐུད་ཉེན་ཁའི་གནས་སུ་གནམ་གྲུ་བསྐོར་ནས་བསྐྱོད།
བཅུ་གསུམ།
སླར་ཡང་སྐུ་ངོ་སྤེན་པ་ཚེ་རིང་གིས་སྙན་ཞུ་ཞིག་ཕུལ་ཏེ། བློ་སེང་གིས་གཏོང་ཉེས་བྱས་ནས་བྲག་དང་རི་ལ་ཡང་ཡང་བརྡབ་སྐྱོན་འཆོར་གྱི་ཡོད་ཚུལ་ཞུས་པས། ཁྲིམས་ཞིབ་ཁང་གིས་ཀྱང་ཁོའི་ཐོབ་ཐང་བཀག་བསྐྱིལ་གྱི་བཀའ་ཁྱབ་མི་གནང་ག་མེད་བྱུང་།
བཅུ་བཞི།
༢༠༡༩/༡༡/༢༢ ཉིན་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་སྟེ། འདི་ལོའི་ཟླ་༡༢ ཚེས་༢༧ དུས་ཚོད་༤:༠༠གོང་བཅད་ཁྲའི་དགོངས་དོན་ཅི་བཞིན་ལག་བསྟར་མ་བྱས་ཚེ། ཁ་ལོ་བ་སྐབས་བཅོ་ལྔ་བའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱ་རྒྱུ་ལུགས་བསྒྲགས།
བཅོ་ལྔ།
ཁ་ལོ་བ་བློ་སེང་འུ་ཐུག་ནས་༧གོང་ས་མཆོག་གང་དུ་ཕེབས་ན་དེ་རུ་བརྒྱུགས་ནས་༧གོང་ས་མཆོག་དང་ལྷན་དུ་པར་དང་བརྙན་གྱི་ནང་ལ་ཐེབས་སུ་བཅུག་ཅིང་། ༧གོང་ས་མཆོག་གི་ཐུགས་རྗེ་སྐྱབས་འོག་ནས་རང་གི་ཉེས་པ་འགེབ་སྲུང་བྱེད་ཨེ་ཐུབ་བལྟས། ༧གོང་ས་མཆོག་གིས་རྒྱུན་དུ་བཅའ་ཁྲིམས་རིན་པོ་ཆེ་ཞེས་གཙུག་ཏུ་བཀུར་གྱི་ཡོད་སྟབས། ཁ་ལོ་བ་བློ་སེང་གི་རེ་ངན་ག་ལ་འགྲུབ།
བཅུ་དྲུག
བལྟས་བལྟས་རིག་རིག་ལ་ཟླ་༡༢ ཚེས་༢༧ ཚེས་བྱུང་། ཁ་ལོ་བ་བློ་སེང་ཕམ་ཞིང་འུ་ཐུག་ནས་ཡིག་ཐོག་ནས་དགོངས་སེལ་ཞུས་པ་དང་། གནམ་གྲུ་བརྡབས་ནས་ཁ་ངོ་སྐྲངས་ཡོད་པས། གདོང་སྟོན་རྒྱུར་ངོ་ཚ་ནས་ངག་ཐོག་དགོངས་སེལ་མ་ཞུས་པས་དགོངས་སེལ་ནི་ཕྱེད་ཀ་ཞིག་ཏུ་གྱུར་ཏེ། ༢༠༡༩ ལོ་དཀའ་སྡུག་དང་ཕམ་ཁའི་ངང་མཇུག་རྫོགས་ཐབས་ཙམ་བྱས།
༢༠༡༩/༡༢/༢༨ ཉིན།
ཡག་པོ་ཞེ་དྲག་འདུག
ཡག་པོ་ཞེ་དྲག་བྲིས་འདུག་་་་རྒྱ་དམར་ལ་ཕན་པ། བོད་རིགས་ལ་གནོད་པ།
བོད་རིགས་ཡིན་ཕན་ཆད་སུ་ཡིས་བོད་ཀྱི་རྩ་ཁྲིམས་ལ་མཐོང་ཆུང་བཏང་ན་དེས་རྒྱ་ནག་ལ་ཕན་པ་སྒྲུབ་པ་རེད། བོད་ཀྱི་རྩ་ཁྲིམས་གཏོར་བཤིག་གཏོང་མཁན་སུ་ཡིན་ན་དེ་བོད་ཀྱི་དགྲ་བོ་རེད།
ངོ་མ་གང་ཡིན་པ་དེ་གོ་བདེ་བར་བྲིས་འདུག ངོ་ཚ་རྒྱུ་ཞིག་ཡོད་ན་ནི། ངོ་ཚ་དགོས་པ་ཞིག་རེད་འདུག ཁྲེལ་ཞིག་ཡོད་ནི་སླན་ཆད་བསྡོམ་དགོས་པ་ཞིག་བྲིས་འདུག འོན་ཀྱང་མི་འདི་ཚོའི་གྲལ་ལ་ངོ་ཚ་རྒྱུ་དཔྲལ་བའི་ེའཛོམ་ན་མེད་པས་ཅི་ཕན། ལར་ནས་སྲས་བཅས་རྒྱལ་བའི་སྤྱན་སྔར་སྨོན་ལམ་བཏབ་པའི་མི་བདོད་ནམས་ཅན་ཁྱད་པར་བ་ཞིག་མ་བྱུང་ཕྱིན། བསོད་ཟད་མི་ཕལ་བ་ཞིག་གིས་བོད་མིའི་འགོ་འཁྲིད་རྒྱུ་ནམ་ཡང་དཀའ་སེ་རེད་སྙམ་སྟེ། ནམ་ཡང་ཡིད་ཁོང་དུ་ཆུད་པ་ཞིག་ཡོད།