ཁྲོ་གཏུམ།
———གྲོགས་དཔལ་ཆེན་སྐྱབས་ཀྱི་གཉེན་སྟོན་ལ་རྒྱང་རིང་གི་ཨོ་གླིང་མཚོ་མཐའ་ནས་ཕུལ་བའི་གཏམ་ཐུང་།
ཚེ་འཛིན་གྱི་དུང་དུང་འཁུར་བའི་ཡུལ་དེར
བརྩེ་བ་འོ་མའི་སྤྲི་ལ་འཕྱན་པའི་འཇིག་རྟེན་གྱི་སྣང་བ་ཞིག
རི་དེའི་འགྲམ་དུ
སྤང་དེའི་ཁུག་ཏུ
ནགས་ཚལ་དེའི་དཀྱིལ་ལ
བརྩེ་དུང་གི་རྒྱ་མཚོའི་བརླན་བཤེར་སིམས་པས
ངས་རྒྱང་རིང་གི་ཨོ་གླིང་མཚོ་མཐའ་ནས་ཁྱོད་ལ་རྟེན་འབྲེལ་ཞུ
གྲོགས་པོ་ལགས
ཚེས་པ་འདིའི་ཉིན་མོ་ནས་ཁྱོད་རང་གི་འདུན་མ་ཞིག་གི་མགོ་འབུས་ཡོད
འཇིག་རྟེན་གྱི་མིའི་འཚོ་བའི་དགོས་མཁོ་ཞིག་པར་བཏབ་སྟེ
འཚོ་བ་ནི་ཡོ་བྱད་ཅིག་མིན་ལ
ཡང་ན་སེམས་པ་གཅིག་པུའང་མིན་པའི་བར་ནས
ཁྱེད་བཟའ་ཟླ་གཉིས་ཀྱིས་མི་རབས་འདིའི་རྒྱུད་འཛིན་དགོས
ཡང་ན་དུས་རབས་འདིའི་བློ་འཐུ་དགོས
གྲོགས་པོའི་གཉེན་སྟོན
ངས་ཐག་རིང་ནས་གྲོགས་པོའི་གཉེན་སྟོན་ལ་ཉན་ཞོར
གྲོགས་པོ་བྲིས་ཤིང་གྲོགས་པོ་ཀློག
རྒྱ་མཚོའི་རྦ་རླབས་ཀྱིས་ལག་གཡབ་ག་ཚོད་བྱས་ཀྱང
མཚོ་རླུང་གིས་སྐྲ་ལོ་ག་ཚོད་ཤད་རུང
ངས་གྲོགས་པོའི་གཉེན་སྟོན་ལ་རྟེན་འབྲེལ་ཞིག་ཞུ་བསམ
རྒྱ་མཚོའི་རྦ་རླབས་འདི་མཚོ་སྔོན་པོ་བར་དུ་འགྲོའམ
མཚོ་རླུང་བསིལ་མོ་འདི་ས་གོང་ཆེན་ཉག་གར་འགྲོའམ
ཡང་ན ཆུ་བྱའི་རིགས་ཀྱིས་སྐད་ཅིག་འཁུར་ནས་བོད་གངས་ཅན་ལ་ཐོན་ནམ
འདི་དག་ནི་དྲི་བ་ཡིན་ལ་དྲིས་ལན་ཀྱང་དྲི་བ་ཡིན
དེ་ལས་ཡི་གེ་འབྲི
གསལ་བཤད་སུམ་བཅུ་ནི་སོ་སུམ་བཅུའི་བར་ནས་ཤ་ར་ར
ལག་མཛུབ་མོའི་བར་ནས་ཐྲག་ཐྲག
ཡིག་ཚག་ཏུ་ཉར
དྲ་རྒྱའི་ལམ་ཁ་ནས་ཁྱོད་སར་སྤུར
གཉེན་སྟོན་གྱི་བཀྲ་ཤིས་ཁ་གཡང
གཉེན་སྟོན་གྱི་གླུ་སྒོ་སང་སེ་ཕྱེས་ཤིང་གླུ་སྐད་ཀྱིས་བཀང་བའི་ཡུལ་དེར
ངས་ངག་ཚབ་ཡི་གེ་བྱས་ཏེ་གླུ་ཞིག་ལེན
ང་དངོས་སུ་དེར་ཡོད་ཁུལ་གྱིས་སྟོན་བཤད་ཅིག་བྱེད
ཉིན་བཟང་སྐར་བཟང་གི་དར་ཡུག་ཅིག
ས་པདྨ་འདབ་བརྒྱད་ལ་འགྲེང་སྟེ་འཐེན་མ་ཐུབ་རུང
གནམ་འཁོར་ལོ་རྩིབས་བརྒྱད་ལ་འཁྱིལ་བའི་ཚན་རིག་གི་བརྡ་རྟགས་ལས་འཐེན་ཆོག
ཁྱོད་གཉིས་ཀྱི་མི་ཡུལ་ནི་སྔར་ལས་ཡངས་བར་ཤོག
འཚོ་བ་ནི་ཡང་དེ་བཞིན་དུ
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་བྲིས།
གཉེན་སྟོན་རེད་དམ་བག་སྟོན་རེད་ཧཧཧཧ