ཐེ་བོ་ཤེས་རབ་རྒྱ་མཚོ།
གོང་གི་ཁ་བྱང་འདི་ནི་ངས་རང་ཉིད་ཀྱིས་ངོ་མི་ཤེས་ཤིང་མཐོང་མ་མྱོང་བའི་བོད་ཀྱི་བུ་མོ་ཞིག་ལ་ཡིད་སྨོན་འཆོར་ནས་ཤོར་བའི་ཚིག་ཅིག་ཡིན་ཞེས་བཤད་ན། ཁྱེད་རང་ཡང་ཡ་མཚན་ངེས་རེད། ཁྱེད་ལ་ཅི་ཁག གལ་སྲིད་ཁྱེད་ཀྱིས་ཀྱང་ངའི་མདུན་ནས་གློ་བུར་དུ་འདི་ལྟ་བུའི་སྐད་ཆ་ཡ་མཚན་ཅན་ཞིག་བཤད་ན། ང་ཡང་ཡ་མི་མཚན་པ་ག་ལ་སྲིད།
དེ་རིང་གཟའ་ཉི་མ་ཡིན་པས་དཔེ་མཛོད་ཁང་གི་སྒོ་མི་འབྱེད་སྟབས། ང་ཚོས་བྱིས་དུས་ཀྱི་མི་ཚེ་ཕྱིར་དྲན་བྱས་ནས་ཉི་མ་གཏོང་ཐབས་བྱས་བ་ཡིན། སྤྱིར་བཏང་ང་ཚོ་ཚང་མ་གྲྭ་པ་རྐྱང་རྐྱང་ཡིན་ནའང༌། མཚམས་ཤིག་ནས་ང་ཚོའི་གླེང་མོལ་གྱི་ཁ་ཕྱོགས་ཕ་ཡུལ་དུ་ཡོད་པའི་བོད་ནང་གི་བུད་མེད་ཚོའི་ལས་དབང་གི་ཐོག་ལ་བབ།
ཀ་པས༽ སྙིང་རྗེ། ང་ཚོའི་རུ་སྡེ་ལ་མཚོན་ན། ཁྱོ་གས་སོ་སོའི་ཆུང་མ་ག་ཚོད་ཐུབ་ཐུབ་རྡུང་ན་དེའི་ཚོད་ཀྱིས་ཁྱོ་ག་དེ་བུ་རྒོད་ཅིག་ལ་བརྩི་སྲོལ་ཡོད་པ་རེད་ཟེར།
ཁ་པས༽ དེར་མཐུད་གདོང་ལ་སྙིང་རྗེ་བའི་ཉམས་ཤིག་མངོན་ནས་བྱ་བཙོག་གི་ཡ། ང་ཚོའི་ལུང་པའི་ནང་གི་ཕོ་གསར་ཚོས་ཀྱང་སོ་སོའི་ཆུང་མ་སྒོ་ཁྱིམ་ཕྱི་ནང་གི་ལས་ཀ་གང་ལའང་བཀོལ་རྐྱང་བྱེད་པ་མ་གཏོགས། ཁྱིམ་ཚང་ནང་གི་མཁར་དབང་ཆེད་གན་བྱས་ན་མི་ཧྲ་ཀི་དང་འདི་བྱས་ན་ཧྲ་ཀི་ཟེར་ནས་བཟང་ངན་གྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་དབང་མ་བྱིན་པར་ཁ་རྡུང་གཏོང་རྐྱང་བྱས་ཚེ། ད་གཟོད་སྡེ་པས་ཁྱོ་ག་དེ་འཇོན་པོ་རྒོད་པོ་ཞིག་ལ་རྩི་ཀི་རེད་ཅེས་བཤད་མ་ཐག
ག་པས༽ གདོང་ལ་ནན་ཏན་གྱི་ཉམས་ཤིག་དང་བཅས་ཏེ། ཏག་ཏག་རེད། ཁྱིམ་ཆུང་མ་ཟེར་བ་དེ་ཚོ་ཁྱོ་ག་ཚོའི་གཡོག་མོ་ལྟ་བུ་རེད། གལ་སྲིད་ང་འདི་རྒད་པོ་ཞིག་ཡིན་རྒྱུ་ན། ངས་ཉིན་མ་རྟག་པར་ཆུང་མ་དེ་རྔ་རྡུང་རྡུང་དང་ཀོ་བ་མཉེད་མཉེད་བྱས་ནས་ཁྱིམ་ལ་ཁ་གྲག་ཏུ་འཇུག་རྒྱུ་ཕར་ཞོག ཐ་ན་ཇ་འཐུང་སྐབས་བཟའ་བའི་གྲལ་ལ་ཡོང་གི་སོ་མི་འཇུག་གི་ཟེར།
དེ་མ་ཐག་ངས་གནམ་འོག་གི་ངོ་མི་ཤེས་ཤིང་མཐོང་མ་མྱོང་བའི་བུ་མོ་ལས་ཅན་ཞིག་ལ་ཡིད་སྨོན་གཏིང་ནས་སྐྱེས། ཨ་ཙི། ཞེད་སྣང་ལ། ཁྱོད་མི་ཚེ་འདིར་གྲྭ་པ་བྱས་པ་འདི་ངོ་མ་ཡག་པོ་བྱུང་འདུག གལ་སྲིད་ཁྱོད་གྲྭ་པ་བྱས་མེད་ཚེ་ད་ལྟ་ཁྱོད་ཀྱིས་ཀྱང་ཆུང་མ་ཞིག་བླངས་ནས་ཞ་བྱིས་གཉིས་གསུམ་ཞིག་གི་ཨ་ཕ་ཆགས་ཡོད་རྒྱུ་རེད་ལ། ཞ་བྱིས་གཉིས་གསུམ་ཞིག་གི་མགོར་བརྒྱབ་པའི་ཨ་མ་དེ། དེ་རིང་ཅི་འདྲའི་ཉམ་ང་བ་ཞིག་ཡིན་སྲིད་ནའང༌། སྟབས་ལེགས་ནས་ཁྱོད་གྲྭ་པ་བྱས་ཡོད་སྟབས། ཁྱོད་ཀྱི་ཆུང་མ་བྱེད་རྒྱུའི་གོ་སྐབས་མ་ཐོབ་པའི་གནམ་འོག་གི་བོད་ཀྱི་བུ་མོ་དེས་ཁྱོད་ཀྱི་རྩིབ་ནས་ཡ་ང་ཞིང་ཡིད་སྐྱོ་བའི་དཀའ་སྡུག་དེ་འདྲ་ཞིག་མྱོང་མ་དགོས་པར་བརྟེན། བུ་མོ་དེ་ནི་གནམ་འོག་ན་ཆེས་རླུང་རྟ་རྒྱུག་པའི་བུ་མོ་ཞིག་ཡིན་པར་མ་ཟད། བུ་མོ་དེ་ནི་མདོ་སྨད་ཀྱི་བུ་མོ་ཚང་མའི་ནང་ནས་ལས་ཅན་ཨང་དང་པོ་དེ་ཡིན་རྒྱུ་རེད། སྐབས་དེར་ང་ལའང༌། ལས་ཅན་ཨང་དང་པོ་དེ་ཡིན་རྒྱུ་རེད་ཅེས་ངའི་ཁ་ནས་ཀུ་རེ་དང་དོན་དངོས་འདྲེས་མའི་སྐད་ཆ་འདི་དབང་མེད་དུ་ཤོར་སོང༌། འོན་ཀྱང་ཡིད་ལ་འཛིན་རྒྱུ་ཞིག་ལ། སྐད་ཆ་འདི་ང་ཚོ་ཁོ་ནའི་ནང་ཁུལ་གྱི་སྐད་ཆ་ཡིན་སྟབས་མི་གཞན་ལ་མ་བཤད་མ་གཏོགས། རྗེས་ཕྱོགས་ཨ་མདོ་ཕོ་གསར་ཚོ་ལ་སྐྱེས་སྨན་མི་རག་སྤྱད་ཆགས་ན་ཐང༌།
དགོས་དབང་གིས་ཡུལ་སྐད་དམ་དུམ་རེ་བསྲེས་ཡོད་པར་དགོངས་དག་ཞུའོ།།
སྐུ་ཞབས་ཁྱོད་ཀྱིས་ད་ནི་ལས་ཅན་མ་དེ་འཚོལ་དགོས་པ་མ་རེད་དམ།
སྐུ་ཞོགས་ལགས། ཁྱེད་རང་དེ་འདྲའི་གླེན་རྟགས་ཚ་བ་ལ། ཁྱེད་ཀྱིས་དེ་ལྟ་བུའི་བསམ་ཤེས་ཤིག་བྱ་ཐུབ་ཚེ། ཁྱེད་ཀྱི་ཐོབ་སྐལ་དུ་གྱུར་བའི་གནམ་འོག་གི་ཆུང་མ་ལས་ཅན་དེ་ཐུག་དགོས་སའི་ཁྱོད་ལ་ཐུག་མ་ཐུབ་པར། ཐུག་མ་དགོས་པའི་ཨམ་མདོའི་ཕོ་གསར་རྩལ་ཐོང་ཞིག་གི་ལག་ཏུ་ཤོར་ནས་སྐྱག་པ་ཤོར་ཤོར་རྡུང་གི་ཡོད་ཤག་རེད། དེ་ཡང་མི་རྟོགས་བཞིན་དུ་ཅིག་རྟོགས་ཁུལ་བྱས་ནས་ཅི་བྱེད། ཁྱེད་ཀྱི་ཐོབ་སྐལ་དེ་སྙིང་རྗེ།
གལ་སྲིད་ཁྱོད་རང་གྲྭ་པ་ངོ་མ་ཞིག་ཡིན་ན་ཞི་མོ་མང་དུ་མ་གླེང་ན་དགའ། བུ་སྟོན་གསུང་འབུམ་དུ་གྲྭ་པས་ཞི་མོ་རྨི་ལམ་དུ་རྨིས་ན་ཡང་དམྱལ་བར་སྐྱེ་ཚུལ་གསུངས་པ་དེ་མ་མཐོང་ངམ། གྲྭ་པའི་ལས་ཀ་དང་རྩོམ་གཞི་འདི་མ་རེད།
རྨི་ལམ་ཙམ་ལ་ཡང་འཁོར་མི་ཆོགས་ན་ཨ་ཁུ་ཚོ་སྙིང་རྗེས་། དེ་འདྲ་མང་གྲགས་པ་རེད་། ཁྱེད་ཚོའི་བོད་ཀྱི་བུ་མོ་ཚོས་ལས་དབང་བཤད་ན་ཡང་འགྲིག་ལ་། བྲིས་ན་ཡང་འགྲིག་དེས་མི་ཚད་རྨི་ལམ་ནང་ནས་གཡབ་ན་འགྲིག།
རྨི་ལམ་ལ་རང་དབང་མེད་པས་། དེ་ཇི་ལྟར་འགོག། རང་ང་རང་ང་ཅིག་གསུང་གི་རེད་
ཁ་བ་དཀར་རོ་ལགས་།
བུ་སྟོན་གསུང་འབུམ་དུ་རྨི་ལམ་ལ་རང་དབང་གི་ཁ་ལོ་བསྒྱུར་ཐབས་ཞིག་གསུང་ཡོད་དམ་། ཡོད་ན་འདིར་འདོར་བསྡུས་ཞིག་བཀོད་རོགས་། ང་གཡག་ལྡོམ་གྱི་རྩྭ་ཆུ་འཛོམས་སའི་རི་ལུང་ཡིད་དུ་འོང་བ་ཞིག་དུ་། འབྲི་གསར་ཐུའུ་མ་དེད་དེ་བརྩེ་དུང་གི་བེའུ་ལུ་འཇོག་པའི་རྨི་ལམ་ཞིག་གཏོང་པར་འདོད་།
རྨི་ལམ་ནང་ནས་བར་དོར་འགྲོ་འདོད་ན་མཉམ་མེད་ཇོ་བོ་ཆེན་པོས་རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་གསུངས་པའི་གདམས་པ་ཁྱད་པར་ཅན་ཞིག་གསུངས་ཡོད་ལ། དེ་སྒྲུབ་ཐབས་ཀུན་བཏས་ཀྱི་ཁྲོད་དུ་བཞུགས་ཤིང་གཏེར་སྟོན་ཉི་ཟླ་འོད་ཟེར་གྱིས་ཀྱང་དེ་ཉམས་སུ་བླངས་པ་ལ་བརྟེན་ནས་རྨི་ལམ་ནང་དུ་རང་གི་ནུ་བོ་ཚེ་ལས་འདས་པ་དེ་ལ་ཐུག་ཚུལ་ཞིག་མཁན་པོ་ཚུལ་བློའི་སྐྱེ་བ་སྔ་ཕྱིའི་རྣམ་བཞག་ཏུ་བཀོད་འདུག ངས་ཤེས་པ་དེ་ཙམ་ཡིན། མི་གཞན་པ་དེ་ལ། རང་ཉིད་གཡག་ཏུ་སྒོམས། ཞི་མོ་ཚོ་འབྲི་ཐུའུ་མ་རེར་སྒོམས། རྨི་ལམ་ནང་ལ་ཡོང་མི་ཡོང་གི་དཀའ་ལས་ཀྱིས་ཅི་བྱེད།