བོད། ལྷ་ཀླུ་གཉན་གསུམ་ནས།
སུ་ཚང་གི་སྒོ་འགྲམ་ཞིག་ནས། ངས་རང་ཉིད་ཅེས་པའི་ཐ་སྙད་དེར་བསམ་བློ་བཏང་བ་ནས་བཟུང་། གནམ་འོག་གི་འཇིག་རྟེན་འདི་ན་བདེན་པ་ཞིག་ཡོད་པར་ཡིད་ཆེས་བྱས་པ་ཡིན། ཡིད་ཆེས་དེ་ལ་བཅོལ་བའི་ང་ཡི་སྙིང་སྟོབས་ཀྱང་རིགས་ཀྱི་ནུས་པ་ལས་བྱུང་བ་ཡིན། དེ་ནས་བཟུང་། ངས་གནམ་འོག་ནས་སྐད་ཆ་ཞིག་བཤད་ས་བཙལ་ནས། རང་གིས་སྐད་ཆ་བཤད་རྒྱུར་མུ་མཐུད་དུ་སྤྱངས།
ལོ་ངོ་ནི་ཆུ་རྒྱུན་བཞིན་དུ་བཞུར། ང་རང་ཡང་དེ་དང་འགྲོགས་ནས་གནམ་འོག་འདི་ལ་སྐད་ཆ་བཤད་སའི་ཁོར་ཡུག་ཞིག་འཚོལ་དུ་བྱིན། རི་གཟར་ས་དང་ལམ་དོགས་ས། ཉེན་ཁ་ཆེ་ས་དང་མི་ཁ་རྒོད་ས། མ་སོང་བའི་ས་ཞིག་རང་གི་ཚོད་ཀྱི་མེད་པར་བྱས། ད་དུང་། ངས་གནམ་འོག་འདི་ནས་སྐད་ཆ་ཞིག་བཤད་ས་མ་རྙེད། གཅིག་བྱས་ན་རང་གིས་ཀྱང་བཤད་མ་ཤེས་པ་ཡིན་སྲིད་ལ། གཅིག་བྱས་ན་ཉན་མཁན་དག་གིས་ཀྱང་ཉན་མ་ཤེས་པ་ཡིན་སྲིད། གང་ལྟར། ཕྱོགས་གཅིག་ན་ནོར་འཁྲུལ་ཞིག་ཡོང་གི་ཡོད་པ་ནི་བདེན་པ་རེད་འདུག
ང་རང་ལ་མྱི་ཞིག་གི་སྐྱེ་བ་བླངས་ཡོད་པ་དང་། དེ་ཡི་ནང་ནས་བོད་རིགས་ཀྱི་ཁུངས་སུ་བོད་པ་ཟེར་བའི་མི་ཞིག་གི་སྐྱེ་བ་བླངས་པ་དེ་ནི་ང་རང་གི་སྐྱེ་བ་སྔོན་མའི་གདམ་ག་བྱས་པ་དེ་ལེགས་འགྲུབ་བྱུང་མིན་སོགས་བདག་གིས་མི་ཤེས་ཀྱང་། ལྡོག་དུ་མེད་པ། དངོས་སུ་མིག་གི་མཐོང་བ་དང་། ལག་པའི་རེག་རྒྱུ་ཡོད་པ་སོགས་ཀྱི་ལམ་ཕྲན་འདི་རྒྱུད་དེ་རང་ལ་བལྟས་དུས། ངས་བཤད་ཤེས་པ་བོད་སྐད་དང་། ང་རང་འཚར་ལོངས་བྱུང་ཡུལ། ངའི་སྐྱེ་ཡུལ། ང་ཡོང་སའི་ལྗོངས། གང་ལ་ཡང་བོད་ཟེར་ནས་འབོད་ཀྱི་འདུག དེ་ཡིན་དུས་ང་རང་ཡང་བོད་པ་ཡིན་དགོས་པར་ཐེ་ཚོམ་མི་འདུག་པ་ང་ཡིས་ཐག་བཅད་ཀྱང་འགྲིག
ཐག་གཅོད་དེ་ཡི་སྔ་གཞུག་ལ་ངས་རང་ཉིད་ཀྱི་གནམ་འོག་འདིའི་བོད་མི་དག་ལ་བཤད་འགོ་བཙུགས། བོད་མི་དག་གིས་ཀྱང་ང་རང་ལ་ཁོང་ཚོས་སྐད་ཆ་བཤད། ངས་ཀྱང་རང་གིས་བཤད་འདོད་པ་དག་བཤད། གང་ལྟར། ང་ཚོ་ཚང་མས་བཤད་ཀྱང་། གནམ་འོག་འདི་ན་དོན་དམ་པའི་སྐད་ཆ་ཞིག་བཤད་ས་མེད་པ་ཡིན་ནམ་ཅི། ང་ཚོ་ཡ་ལན་མེད་པའི་ལོ་ཟླ་ཞིག་གི་ཁྲོད་དུ་ལུས་འདུག ཨོ་རེད། གནམ་འོག་གི་མི་མང་ཤོས་དེར་ཁག་ཅི་ཡོད། ཁོང་ཚོས་བོད་སྐད་དང་བོད་ཡིག་མི་ཤེས། འོ་ན། ཤེས་མཁན་གྱི་རིགས་རུས་གཅིག་པ་དེ་དག་ལ་ཅི་ལན་ཡོད་དམ་སྙམ་ཞོར། ངས་གནམ་འོག་འདི་ནས་སྐད་ཆ་བཤད་ས་མ་རེག
ཨ་ཨ་ཨ་དངོས་ནས་བཤད་ན་ལྷ་ཀླུ་གཉན་གསུམ་ལ་སྐད་ཆ་བཤད་ས་མ་རེག་ན་ད་ཅི་བྱེད། ང་ཚོ་མི་དེ་ཚོས་ཅི་བྱེད། ཧ་ཧ་ཧ་ཧ་
བཤད་མ་ཤེས་པ་ཡིན་ནམ། བཤད་ས་མེད་སོང་བ་ཡིན་ནམ། ཉན་མཁན་མེད་སོང་བ་རེད་དམ། ཉན་འདོད་པའི་སྐད་ཆ་ཞིག་ངའི་ངག་ན་མེད་སོང་བ་ཡིན་ནམ། ཡང་ན། ངས་སྐད་ཆ་བཤད་པ་དེར་དོན་སྙིང་མེད་སོང་བ་ཡིན་འགྲོ དེ་འདྲ་ཞིག་མ་རེད་དམ།