གནམ་ལོ་གསར་ཚེས་བསུ་ན་གསར་ཚེས་སུས།།
གནམ་ལོ་གསར་བར་རེ་བ་གསར་བ་རྒྱོབ།།
དགའ་སྟོན་རྟེན་འབྲེལ་བྱེད་ན་རྟེན་འབྲེལ་གྱིས།།
དགའ་སྐྱིད་སྣང་བས་སྙིང་སྟོབས་སྤོབས་པ་སྐྱེད།
སེམས་སྡུག་མྱ་ངན་བྱེད་ན་མྱ་ངན་གྱིས།།
སེམས་སྡུག་མཆི་མས་རང་བཙན་དྲན་གསོ་གྱིས།།
གདུང་སེམས་མཉམ་སྐྱེད་བྱེད་ན་མཉམ་འཛོམས་བྱོས།།
གདུང་རུས་མེར་བསྲེགས་སྤུན་ཟླའི་ཚེ་སྲོག་སོམས།།
མཆོད་འབུལ་སྨོན་ལམ་བྱེད་ན་སྨོན་ལམ་ཐོབས།།
མཆོད་ཡུལ་གོང་མར་བོད་མའི་སྐྱིད་སྡུག་འཆོལ།།
གཞན་གྲོགས་ཕྱི་མི་འབོད་ན་ཕྱི་གྲོགས་བོས།།
གཞན་ཡུལ་འཁྱམས་དགོས་རང་ཡུལ་ལོ་རྒྱུས་ཤོད།།
ཞབས་བྲོ་རྐང་བྲོ་རྡུང་ན་རྐང་བྲོ་རྡུངས།།
ཞབས་རྐང་རྡོག་སྒྲས་དགྲ་བོའི་མགོ་བོ་ཆོམས།།
གླུ་དབྱངས་སྙན་མོ་ལེན་ན་གླུ་དབྱངས་ལོངས།།
གླུ་ངག་གཉོམ་པོས་རང་རིགས་སེམས་ཤུགས་སྤོར།།
ཆང་དཀར་ཞིམ་མངར་གསོལ་ན་ཆང་དཀར་མཆོད།།
ཆང་དྲི་བཙན་པོས་དཔའ་རྒོད་སྙིང་བཅུད་ཁུག །།
བོད་མིའི་གཅིག་སྒྲིལ་བྱེད་ན་གཅིག་སྒྲིལ་བྱོས།།
བོད་མིའི་རང་བཙན་གཅིག་སྒྲིལ་ལམ་ནས་རྩོད།།
བླ་མར་དད་པ་བྱེད་ན་དད་འདུན་གྱིས།།
བླ་མར་རྨོངས་དད་དོར་ནས་དུང་དད་སྒོམས།།
དམངས་ལ་བྱམས་སྐྱོང་བྱེད་ན་བྱམས་སྐྱོང་མཛོད།།
དམངས་ཀུན་རང་གི་ཕ་མ་ལྟར་སྐྱོངས་ཤིག །།
བཅུ་གསུམ་གཉིས་སྟོང་ལོ་ནས་ཕྱིར་དྲན་གྱིས།།
བཅུ་གསུམ་བཅུ་དགུའི་རང་བཙན་ཉིན་མོ་ཡིན།།