ཆང་སྐྱེས།
གནམ་ལོ་གསར་ཏུ་ཚེས་བའི་དུས་བཟང་ལ།།
ཤིས་ཚིག་མེ་ཏོག་ཕྲེང་བའི་མཆོད་པ་འབུལ།།
ཉི་ཟླ་གཟའ་སྐར་ཡག་པའི་ཉིན་མོ་ལ།།
བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་འཇོག།
ཕྱག་ན་པད་མོ་སྐྱབས་མགོན་སྤྱན་རས་གཟིགས།།
རྒྱལ་བའི་དབང་བོ་བསྟན་འཛིན་རྒྱ་མཚོ་མཆོག།
མི་འཇིགས་སེང་གེ་དཀར་མོའི་གདན་སྟེང་ན།།
ཞབས་པད་སྲིད་མཐའི་བར་ཏུ་བརྟན་གྱུར་ཅིག།
ལོ་གསར་ཉི་གཞོན་འཛུམ་པའི་འོད་སྣང་གིས།།
གེགས་དང་བར་ཆད་མ་ལུས་རབ་བསལ་ནས།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་།།
ཅི་བསམ་དོན་དུ་འགྲུབ་པའི་ཁ་གཡང་འབོད།།
ཏོག་དབྱིབས་གསར་བའི་བདུད་ཀྱི་ཆོ་འཕྲུལ་འདི།།
སྐད་ཅིག་ཉིད་ལ་རྨང་ནས་རབ་ཞི་སྟེ།།
སྐྱོ་གདུང་དྲག་པོས་མནར་བའི་སྐྱེ་འགྲོ་ཀུན
གཏན་ཏུ་བདེ་བ་ཐོབ་པའི་སྨོན་ལམ་འདེབས།།
དམག་འཁྲུག་དང་ནི་མུ་གེ་ནད་ཡམས་སོགས།།
ནམ་ཡང་འབྱུང་བ་མེད་པར་བདེ་ལེགས་ངང་།།
མཐུན་སྒྲིལ་ལག་ཟུང་གཅིག་ཏུ་སྦྲེལ་ནས་ནི།།
འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུ།།
གངས་དཀར་སེམས་ཀྱི་ཁ་གཡང་དྲོན་མོ་འདི།།
ཁ་བཏགས་དཀར་པོ་ཞིག་གི་ཚུལ་ཏུ་ནི།།
ཆོལ་གསུམ་བོད་མི་ས་ཡ་དྲུག་པོ་ལ།།
ལོ་གསར་ལག་སྐྱེས་ཤིག་གི་ཚབ་ཏུ་འབུལ།།