ཤེད་བུ།
གཏམ་ངན་དེ་ཐོས་པ་ནས་བཟུང་། བསམ་བློ་ཡང་ཡང་དེ་རུ་འཁོར་ཞིང་བསམ་ཞིང་བསམ་ཞིང་ཕངས་སེམས་དང་སྐྱོ་གདུང་གནོན་པར་དཀའ་བའི་ཚུལ་དུ་སླེབས། རྗེས་དྲན་གྱི་ཤོ་ལོ་ཀ་ཁ་ཤས་འབྲི་བསམ་ཡང་གང་ནས་མགོ་འཛུགས་དགོས་པའང་མི་ཤེས་པ་ལྟ་བུ་ཞིག་གིས་ད་བར་དུ་ལྷག ཡིན་ནའང་། ཕྱིར་རྟོག་གི་སྣང་བརྙན་མང་པོ་ཞིག་གློག་བརྙན་བཞིན་མིག་ལམ་ལ་འཚང་ཁས་བཅར་ནས་ཡོང་ཞིང་། འཆད་རྩོད་ཀྱི་གཤོག་ཟུང་རབ་ཏུ་རྒྱས་པའི་སྐྱེས་མཆོག་གང་གིས་ཕྲེང་བ་མགོ་ལ་བསྐོར་ནས་རྟགས་གསལ་གཏོང་བ་དང་། སྒྲ་དག་གསལ་གསུམ་དང་གོ་རིགས་ཟུང་འབྲེལ་གྱི་འཆད་ཁྲིད་བྱེད་པའི་རྣམ་པ་ཚུན་ཆད་རྣ་ལམ་དུ་གྲགས་པའི་སྣང་བ་ཞིག་འདུག ཨ་ཙི། དངོས་གནས་བདེན་པ་ཡིན་ནམ། ཞེས་ས་སྟོང་ལ་ཡང་ཡང་དྲི་བ་བཀོད། ཡིན་ནའང་། མི་རིགས་དང་བསྟན་པ་མར་འགྲིབ་ཀྱི་སྐབས་སུ་བཀྲ་ཤིས་སྣ་ནག་མ་ཅིག་ལ་མི་བདེན་པ་ཞིག་གང་དུ་ཡོད།
དང་པོ། བོད་གངས་ཅན་ལྗོངས་སུ་མཇལ་བ།
འདི་ནས་ཡར་བརྩིས་པའི་ལོ་ཉི་ཤུ་ཙམ་གྱི་ཡར་སྔོན་དུ། རྫ་ཆུ་ཁ་བ་མཁར་ནང་དགོན་པར་འཇང་དགུན་ཆོས་འཚོགས་ཤིང་། སྐབས་དེར་རྒྱ་གར་གྱི་དཔེ་ཆ་བ་སྐད་གྲགས་ཅན་བྱ་བྲལ་ཧྲེ་ཧྭོ་ཕེབས་ཡོད་རེད་ཅེས་པའི་རླུང་ཡན་ཞིག་ཟླ་ཤས་ཡར་སྔོན་ནས་དགོན་པ་སོ་སོར་ལྡང་ཞིང་། དེ་དང་མཉམ་དུ་བྱ་བྲལ་ཧྲེ་ཧྭོས་གཟུགས་པོ་ཁྲུ་ཞོར་སྤྱི་དོན་རོལ་མཚོ་བློ་སྐྱོར་གནང་གི་རེད། མཚན་ལ་སྐ་རགས་མ་བཀྲོལ་བར་གཉིན་ཐུན་རེ་བླངས་ནས་དཔེ་གཟིགས་གནང་གི་རེད། འཛིན་གྲྭ་ནང་དུ་ཁོང་དང་ཁམས་ཚན་གཅིག་པ་ཚང་མ་ཞག་མགོའམ་དཔེ་ཆ་མི་ཤེས་མཁན་ཡིན་རབས། ཆོས་གྲྭའི་ནང་དུ་གྲྭ་པ་དག་རུབ་ནས་ཁོང་ལ་རྟགས་གསལ་གཏོང་མ་བཅུག་པ་སོགས་ཀྱི་གཏམ་རྒྱུད་མགོ་ཆད་ར་ཆད་གྲངས་མེད་པ་ཞིག་ཀྱང་མཉམ་དུ་ཐོས།
གཏམ་རྒྱུད་དེ་དག་དང་འགྲོགས་ནས་ཁོང་དང་མཇལ་འདོད་དང་ཁོང་གི་རྩོད་པའི་རིགས་ལམ་ལ་ལྟ་འདོད་ཀྱི་འདུན་པ་དྲག་ཏུ་གཡོས་པའི་ང་དང་དགེ་རྒན་རིན་པོ་ཆེ་ཡང་རྫ་འབུམ་གསར་དགོན་པའི་དགེ་འདུན་པ་རྣམས་དང་ལྷན་དུ་འཇང་དགུན་ཆོས་ལ་བཅར་ཞིང་། ཉིན་དང་པོ་རང་ལ་མང་དགེ་བ་དཔལ་འབྱོར་དང་ངེད་གཉིས་བཞུག་གཅོད་དམ་བཅར་སྡོད་པའི་སྐབས་སུ་གྲྭ་མང་གིས་མཐའ་ནས་བསྐོར་ཞིང་། དགེ་རྒན་དག་ཀྱང་མཉམ་རུབ་ཀྱིས་རྟགས་གསལ་བཏང་། བར་སྐབས་ཤིག་ལ་མིག་ཤེལ་ནག་པོ་དང་སྟོད་འགག་སེར་པོ་ཅན་གྱི་བླ་རྒན་གཉིས་ཀྱིས་ཕར་ཚུར་བྱས་ནས་རྟགས་གསལ་བཏང་མོད། སྤྱིར་བཏང་གི་དགེ་རྒན་ཞིག་ཡིན་སྣང་ལས་སྐད་གྲགས་ཅན་གྱི་དཔེ་ཆ་བ་བྱ་བྲལ་ཧྲེ་ཧྭོ་དང་། བྱ་བྲལ་རོང་ཊཱིཀ་པ་གཉིས་ཡིན་པ་ཡིད་དུའང་མ་ཤར།སྐབས་དེར་ངེད་གཉིས་ལའང་ངེད་གཉིས་ཚོད་ཀྱི་ཁ་རྒྱགས་ཡོད་ལ་ང་རྒྱལ་ཡང་ཡོད་པས་ཁྱད་མེད་དུ་ཁ་རྒྱགས་དང་ལྷན་དུ་དམ་བཅའ་བཙུགས། རྣམ་པ་གཉིས་ཀྱིས་གདན་ས་ཆེན་པོའི་རིགས་ལམ་ཞེས་ཁ་ཤོམ་དང་ལྷན་དུ་དང་པོ་མཐེ་བོང་རྡེབ་ནས་རྟགས་གསལ་བཏང་། བར་དུ་ལག་པ་བརྡབ་ནས་བཏང་། ཐ་མར་མདུན་དུ་མཆོང་ཏེ་གཟན་སྐེད་པར་དཀྲིས་ནས་རྟགས་གསལ་གཏོང་གི་འདུག སྐབས་དེར་གྲྭ་མང་གིས་ཡོངས་སུ་མཐའ་བསྐོར་ཞིང་། ངའི་དགེ་རྒན་རིན་པོ་ཆེ་དང་རྒན་དགྲ་ལྷ་གཉིས་ཀྱང་ངེད་གཉིས་ཀྱི་རྒྱབ་ལ་བཞེངས་ནས་ལན་རྒྱག་རོགས་གནང་གིན་འདུག འཁྲུག་ཆ་ཆེ་བའི་བཞུག་གཅོད་དམ་བཅའ་དེ་གྲོལ་ནས་ནང་ལ་ཡོང་དུས་གཞི་ནས་རྟགས་གསལ་གཏོང་མཁན་དེ་སྐད་གྲགས་ཅན་གྱི་དཔེ་ཆ་བ་བྱ་བྲལ་ཧྲེ་ཧྭོ་ཡིན་པ་ཤེས་རྟོགས་བྱུང་། འཇང་དགུན་ཆོས་དེའི་མགོ་མཇུག་བར་གསུམ་ལ་ཁོང་གིས་ཆེ་ཚུགས་དང་སྦམ་ཚུགས་ཅི་ཡང་མི་འཛིན་པར་སློབ་གཉེར་བ་རྒན་དར་གཞོན་གསུམ་ཁྱད་མེད་དུ་རྟགས་གསལ་བཏང་ནས་རིགས་ལམ་གྱི་སྐྱེས་མང་དུ་གནང་མཁན་ཞིག་རེད་འདུག་པས། ཁོང་གི་རིགས་ལམ་མམ་རྣམ་དཔྱོད་ཀྱི་དྲག་རྩལ་ལ་མཇལ་བའི་སྐལ་བཟང་གི་བསོད་ནམས་མང་དུ་ལྡན། དུས་དེ་ནས་བཟུང་ཏེ་རྒྱ་གར་ལ་འགྲོ་འདུན་གྱི་འདུན་པའང་འགོག་མེད་ཅིག་སྐྱེས་ཤིང་། ངའི་དགེ་རྒན་རིན་པོ་ཆེའང་ང་རྒྱ་གར་ལ་མངགས་པའི་ཐུགས་འདུན་སྐྱེས། གང་ལྟར་རྣམ་དཀར་ཆོས་ཀྱི་བགྲོ་བ་དང་འབྲེལ་བའི་བརྒྱུད་ལམ་ནས་གསེར་གྱི་རི་དབང་ལྟ་བུའི་སྐྱེས་མཆོག་ཁོང་ལ་མཇལ་སྐལ་ལྡན་པ་ནི། ཇི་འདྲའི་བསོད་ནམས་ཆེའང་སྙམ་པ་ཞིག་བླུན་པོ་ང་ལ་ད་ལྟའི་བར་དུ་སྐྱེས་མ་མྱོང་ཡང་། ད་ནི་དེ་ཙམ་ཡང་བརྗེད་མི་ཐུབ་པའི་བསོད་ནམས་ཀྱི་དྲན་ཤིང་ཞིག་རེད།
གཉིས་པ། རྒྱ་གར་འཕགས་པའི་ཡུལ་ནས་མཇལ་བ།
སྤྱི་ལོ་༢༠༠༤ ལོར་རྒྱ་གར་སེར་བྱེས་གྲྭ་ཚང་ལ་ཞུགས་དུས་གསར་ཞུགས་པ་རེ་རེར་ཁག་ཐེག་དགེ་རྒན་རེ་དགོས་པ་ལྟར་ང་ལའང་ཁག་ཐེག་དགེ་རྒན་ཞིག་བཞག་འདུག་ལ་མཇལ་བར་འགྲོ་དུས་ཁོང་ཚང་རེད། ཁོང་ཚང་ཡང་ཧ་ཅང་ཐུགས་མཉེས་པོའི་སྒོ་ནས་རྒན་བསྟན་པ་ཆོས་འཕེལ་གྱི་དགེ་ཕྲུག་ཅེས་དགྱེས་བརྩེ་ཆེན་པོས་ལམ་སྟོན་གྱི་གནང་སྒོ་ཆ་ཚང་གནང་བ་མ་ཟད། ངེད་གཉིས་ལ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡག་པོ་འདུགབོད་ཁ་བ་ཅན་ནས་ངེད་གཉིས་ངོ་ཤེས་ཤིང་འདི་རུའང་ངའི་དགེ་ཕྲུག་ལ་འཁེལ་བ་རེད། ཧ་ཅང་རྟེན་འབྲེལ་ཡག་པོ་འགྲིག་ཅེས་དགྱེས་བརྩེ་ཆེན་པོས་འཛིན་གྲྭ་འཕར་བར་དམ་བཅའ་འཇོག་ལུགས་སོགས་སློབ་གཉེར་དང་འབྲེལ་བའི་ལམ་སྟོན་དང་བཀོད་སྒྲིག་རྒྱས་པར་གནང་།
དུས་དེ་ནས་བཟུང་ཁོང་ནི་ངའི་རྒྱབ་རི་ལྟ་བུར་བཞེངས་ཤིང་། ང་ལས་སྣེ་བླུན་པོ་དག་གི་ངོ་གདོང་ལ་ལངས་ནས་གདན་སའི་རྟ་ལྕག་ལམ་ལུགས་ལ་དགག་སྒྲུབ་ཚ་ནན་གཏོང་བའི་སྐབས་སུའང་རྒན་ལགས་ཀྱིས་དང་པོར་རང་གི་སློབ་གཉེར་ལ་བསམ་བློ་གཏོང་དགོས་པའི་བསླབ་བྱ་མང་དུ་གནང་ཡང་བླུན་པོར་བླུན་པོའི་ཨུ་ཚུགས་ཡོད་པས། གཏན་ནས་ངོས་ལེན་མ་བྱས་པ་མ་ཟད་ཚིག་ནག་རེའང་མནའ་བསྐྱལ་ནས་ཕུལ་བའི་སྐབས་སུ།རྒན་ལགས་ཀྱིས་ཁྱེད་རང་ལ་བདེན་པ་བརྒྱ་ཆ་བརྒྱ་ཐམ་པ་འདུག ང་ཁྱེད་ཀྱི་རྒྱབ་རྩར་ཡོད་ཅེས་བློ་སྤོབས་གནང་མྱོང་ལ། རིགས་ཆུང་ཚོགས་ལངས་དང་རྒྱུགས་སྤྲོད་ཆེ་ཆུང་སོགས་ཀྱི་སྐབས་སུ་དཀའ་གནས་ལབ་གླེང་གི་བཀའ་དྲིན་གྱིས་བསྐྱངས་པ་དང་ཁོང་གི་དཔེ་ཁྲིད་ཀྱི་སྒྲ་སྡེར་ལ་ཉན་པ་སོགས་བཀའ་དྲིན་གཞལ་བར་དཀའ་བའི་རྣམ་དཀར་གྱི་ལས་ལམ་གྲངས་མེེད་ཅིག་རྒན་ཁོང་དང་འབྲེལ་ཡོད་པས། དེ་རིང་གི་གཏམ་ངན་འདིས་ང་རང་ནག་འཐོམ་མེར་བཏང་ཞིང་བསྐལ་བར་གཞལ་དུ་མེད་པའི་བཀའ་དྲིན་གྱི་བང་རིམ་ནམ་མཁར་ཟུག་པའི་སྣང་བ་ཞིག་འཁོར། ལྷག་པར་ལྗང་རླུང་དང་ཁམས་ཚན་གྱི་ལོ་རྒྱུས་རྩོམ་སྒྲིག་སོགས་ཀྱི་སྐབས་སུ་སྤྱོད་ལོག་བྱས་པའང་རེ་ཟུང་ཡོད་པས་ད་ནི་མཐོལ་བཤགས་ཀྱི་ཚིག་སྐམ་རེ་འབུལ་བའི་སྐབས་ཀྱང་གཏན་དུ་ཆད་པར་བསམས་ན་དེ་ནི་ཅི་འདྲའི་སྙིང་ལ་གདུང་བ་ཞིག་རེད་ཨང་།
གསུམ་པ། བརྩོན་འགྲུས་ཀྱི་གཤོག་ཟུང་ཚེ་ལ་བསྲིངས་པའི་སྐྱེས་མཆོག
གདན་ས་ཆེན་པོའི་དཔེ་ཆ་བ་གྲགས་ཆེན་ལ་ཤེས་རབ་དང་བརྩོན་འགྲུས་ཟུང་ལྡན་ཅན་གྱི་ཁྱབ་མཐའ་བཅད་ཀྱང་ལོས་འགྲིག་ཏེ། དེ་ཡི་ནང་དུའང་ཤེས་རབ་ཀྱི་ཤེད་དང་ལྡན་པ་དང་བརྩོན་འགྲུས་ཀྱི་ཤེད་དང་ལྡན་པའི་རིགས་གཉིས་སུ་ཡོད་ལ། ཤེས་རབ་ཆེན་པོ་ཅན་དག་གིས་གཞུང་གཅིག་ཐེངས་བརྒྱ་ལ་ཁྲིད་ན་དོགས་པ་བྱེད་སྟངས་དང་དཔྱད་པ་རྒྱག་སྟངས་ཡང་མི་འདྲ་བ་ཡིན་ལ། གཞུང་གཅིག་ལ་རྟགས་གསལ་བཏང་ནའང་དེ་ལྟར་རིགས་ལམ་མི་འདྲ་བ་ཡིན། བརྩོན་འགྲུས་ཀྱི་ཤེད་ཅན་དག་གིས་ནི་གཞུང་གཅིག་ན་ནིང་ཁྲིད་པ་ད་ལོར་ཁྲིད་ན་དོགས་གནས་དང་དཔྱད་པ་རྒྱག་སྟངས་འདྲ་བོ་ཡིན་ལ། གཞུང་གཅིག་ལ་རྟགས་གསལ་བཏང་ནའང་རང་ཉིད་ཀྱི་རིགས་ལམ་སྟེད་དུ་འཁྲིད་པ་ཡིན། འདི་ནི་གདན་ས་ཆེན་པོའི་མཁས་པ་དག་གི་འཆད་ཁྲིད་དང་རིགས་ལམ་ལ་རྒྱུས་ཡོད་ཅན་དག་གིས་དགར་ནུས་པའི་རྣམ་དབྱེ་ཞིག་ལས་བླུན་པོ་རྣམས་ཀྱི་བློ་ཡིད་དུ་འཕྲོད་པ་ཞིག་ཡིན་མིན་ཅི་ཆའང་ཚན་པ་འདིའི་སྤྱི་བཤད་དུ་འདི་འདྲ་ཞིག་ཀྱང་འབྲི་བར་འདོད་དོ། །
དཔལ་ལྡན་ཟླ་བ་གྲགས་པས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །ཞེས་དང་། བརྩོན་འགྲུས་གང་དུ་འབར་བར་གྱུར་པ་ཡི། །ས་དེ་བཞི་བའོ་ནི་འཕྲོ་བའོ། །ཞེས་པ་ཡིད་དུ་བྱར་ཐེངས་རེར་རྒན་ཁོང་དྲན་ཞིང་། རྒན་ཁོང་ནི་གཞུང་ཚིག་འདི་ཡི་གསོན་དཔེ་ཞིག་ཏུ་རྟག་པར་སྙམ། རྒན་ཁོང་གི་ཀློང་བརྡོལ་བ་ལྟ་བུའི་ཤེས་རབ་དང་ཡོན་ཏན་ལ་སྐྱ་སེར་རིལ་གྱིས་ངོ་མཚར་ཞིང་ཡི་རངས་པར་གྱུར་ཡོད། དེ་ནི་རྒན་ཁོང་ལ་གཞན་ལས་ལྷག་པའི་ཤེས་རབ་ཀྱི་མེ་འབར་བས་མིན་པར། གཞན་ལས་ལྷག་པའི་བརྩོན་འགྲུས་ཀྱི་རྒྱུན་རིང་བས་ཡིན་པར་ཁོ་བོས་འདོད་དེ། གཞོན་པ་ཤ་དར་ཁྲག་དར་གྱི་སྐབས་སུ་ལྟ་ཅི་རྒན་པ་བཀའ་རམས་ལྷ་རམས་ཀྱི་དགེ་བཤེས་གཏོང་བའི་སྐབས་སུའང་ནང་སྔ་ལངས་དང་ཞོགས་འཕྱི་ཉལ། ཐ་ན་ཉིན་གུང་ཚུན་ཆད་དུ་དཔེ་ཆ་སྐྱོར་སྦྱངས་ཀྱི་དུས་ཀྱིས་འདའ་བ་ནི། སེ་ར་ཐེག་ཆེན་གླིང་གི་གྲྭ་མང་རིལ་བོའི་མིག་ལ་གཟན་པ་ལྟ་བུ་ཞིག་ཡིན།རྒན་ཁོང་གིས་གཏམ་བཤད་སོགས་ཀྱི་སྐབས་སུ། རང་ཉིད་གཞན་ལས་ཁྱད་དུ་འཕགས་པར་འདོད་ན་གཞན་ལས་ཁྱད་དུ་འཕགས་པའི་དཀའ་སྤྱད་དང་སློབ་སྦྱོང་བྱེད་དགོས། འདི་ངའི་ཉམས་མྱོང་ཡིན་ཞེས་གསུང་གིན་པའང་འདི་ཡི་རྒྱུ་མཚན་དུ་འགྲོ་ཞིང་། སྤྲོ་སེམས་ལྡན་པའི་རྒྱུན་བསྲིངས་ཀྱི་བརྩོན་པ་ལས་ཁོང་ལ་ཤེས་རབ་ཀྱི་དབལ་འབར་ཞིང་། རྣམ་དཔྱོད་ཀྱི་འོད་འཕྲོ་བར་གྱུར།
བཞི་པ། ཤེས་བྱའི་མཛོད་འཛིན་གྱི་སྐྱེས་མཆོག
དགེ་བཤེས་ཆེན་མོ་དག་གི་ནང་དུའང་གྲུབ་མཐའ་ཕྱོགས་རིས་ཅན་ཡོད་པ་མ་ཟད། གཞུང་ལའང་ཕྱོགས་རེ་དང་ཕྱོགས་རིས། མཆོག་དམན་དང་གཙོ་ཕལ་གྱི་རྣམ་གཞག་དགར་ནས་གཞུང་རྐྱང་བ་ལས་ཐ་སྙད་རིག་གནས་ལྟ་ཅི། ཐ་ན་ལམ་རིམ་ཆོས་འབྱུང་སོགས་ལའང་སྤྱན་མི་གཡོ་བ་ཧ་ཅང་མང་། རྒྱུ་རྐྱེན་དེའི་དབང་གིས་གསེར་གྱི་རི་དབང་ལྟ་བུའི་སྐྱེས་མཆོག་གྲངས་མེད་ཅིག་གི་རྣམ་དཔྱོད་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་དང་ལྷན་དུ་ས་ལ་འཐིམས་ཡོད། འདི་ནི་ཆེས་བཟོད་མི་ཐུབ་པའི་ན་ཟུག་ཅིག་ཡིན་ལ། རྗེ་རིན་པོ་ཆེས། གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་པའི་དང་པོ་དེ་དང་དེའི་རིགས་ལམ་ལས་བསྟན་པའི་གནད་དག་ལ་ཐུགས་སྣང་མ་མེད་པའི་སྐྱོན་ཞིག་ལ་སྙམ་ཞིང་། ངོས་འདི་བོད་ཀྱི་ཆོས་ལུགས་པའི་མཁས་ཆེན་དག་གི་ཁྲོད་དུ་གནའ་ནས་ད་ལྟའི་བར་དུ་ཚབས་ཆེན་པོས་གནས་མོད། དེང་སྐབས་སྒྲ་འཇུག་དང་བརྙན་འཇུག་དར་བས་སྟོང་ཆ་ཅུང་ཟད་བསྐང་ཡོད། རྒན་ལགས་ཀྱང་དེ་དག་གི་ཁྲོད་ཀྱི་དཔེ་མཚོན་ཞིག་ཡིན་པས་ཚན་ཆུང་འདི་ལ་སྤྱི་བཤད་འདི་འདྲ་ཞིག་ཐལ།
མགོན་པོ་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས། མཁས་པ་ལེགས་བཤད་ཀྱིས་མི་ངོམས། །རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །ཅེས་དང་། དེ་ཡི་དོན་འགྲེལ་དུ་ས་པཎ་གྱི་མཁས་པ་བརྟག་པ་ལས། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །ཅེས་གསུངས་པ་ལྟར་རྒན་ཁོང་ནི་གཞུང་ལུགས་འཆད་རྩོད་ལས་གཞན་དུ་ཐུགས་སྣང་མི་མཛད་པ་དེ་འདྲ་མིན་པར། དབྱིན་ཡིག་དང་གློག་ཀླད། ལོ་རྒྱུས་དང་ཆོས་འབྱུང། ཐ་སྙད་རིག་གནས། ཐ་ན་གཞས་ཚིག་དང་བཅས་པར་ཐུགས་སྣང་གནང་མཁན་ཞིག་ཡིན། ཉིན་ཞིག་ཁོང་གིས་བྲིས་པའི་གཞས་ཚིག་ཁ་ཤས་ང་ལ་བསྟན་ཞིང་གཞས་ཚིག་དང་འབྲེལ་བའི་དགོངས་ཚུལ་གསུངས་པས། རྣམ་ཀུན་རྒན་ལགས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་འཆད་དང་རྩོད་ལས་རྩོམ་པ་ལ་སྐྱོ་བོ་ཡིན་སྙམ་གྱི་ངའི་བསམ་ཚུལ་ལའང་འགྱུར་བ་ཐེབས་པར་བཅུག
ད་དུང་སྐབས་དེར་སེར་བྱེས་བྱ་བྲལ་ཁམས་ཚན་གྱི་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཤིང་།ངེད་ཚོ་ཁ་ཤས་རྩོམ་སྒྲིག་ཚོགས་མི་དང་། རྒན་ཁོང་དང་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་གཉིས་སློབ་སྟོན་པར་བསྐོས། དེ་འབྲེལ་ལོ་རྒྱུས་འབྲི་ཐབས་དང་ཐ་སྙད་བེད་སྤྱོད་གཏོང་སྟངས་སོགས་སྤྱི་སྒྲོམ་དང་འབྲེལ་བའི་གྲོས་བསྡུར་འགའ་ཤས་བྱུང་བའི་སྐབས་སུའང་རྒན་ཁོང་གིས་ཡང་ཡང་ངོ་མཚར་བར་བཅུག
ད་དུང་སྐབས་དེར་དགོན་པས་གློག་ཀླད་གཏན་འགོག་གི་དུས་སྐབས་ཤིག་ཡིན་ཡང་རྒན་ཁོང་ནི་གློག་ཀླད་ལས་ཇུས་འགོད་དང་སྒྲ་བཟོ་བཅད་གཏུབ་མཐུད་གསུམ་བྱེད་པར་བྱང་ཆ་ཡོད་པ་མ་ཟད། དེ་འབྲེལ་གྱི་ཅ་ལག་ཡང་ཚང་མ་ཡོད།
སྐབས་དེར་ངེད་ཚོ་སྐོར་ཁག་ཅིག་གིས་ལྗང་རླུང་ཚོགས་པ་བཙུགས་ཡོད་ལ། ཚོགས་པའི་ངོས་ནས་གདན་ས་ཆེན་མོར་བོད་ཀྱི་ཐུན་མོང་རིག་གནས་འཆད་འཁྲིད་ཀྱི་ལས་གཞི་སྤེལ་གྱིན་ཡོད། སྐབས་དེར་ངེད་ཚོས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་གདན་ཞུས་ཀྱིས་ཐོན་མིའི་ཞལ་ལུང་གི་ལུང་རྒྱུན་དང་འབྲེལ་བའི་འཆད་ཁྲིད་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་སྤེལ་སྐབས། རྒན་ལགས་ཀྱང་སློབ་གཉེར་བ་དཀྱུས་མ་ལྟར་ཉིན་གུང་གི་གཉིད་བཅག་ནས་ལུང་རྒྱུན་ཞུ་བར་ཕེབས་པ་མ་ཟད། སྐབས་དེའི་སྒྲ་འཇུག་གི་འགན་ཡོངས་རྫོགས་རྒན་རང་གིས་ཁུར། སྐབས་དེ་ནི་རྒན་ལགས་ཀྱི་མཚན་སྙན་ཆེས་འབར་བའི་རྫོགས་ལྡན་གྱི་ལོ་དྲུག་གི་སྐབས་ལས་ཀྱང་ལྷ་རམས་ཀྱི་ལོར་འཁེལ་ཡོད་པས་སློབ་གཉེར་གྱི་ཐུགས་བྲེལ་ཧ་ཅང་ཆེ་བའི་སྐབས་ཡིན་ཡང་དེ་ལྟར་ལུང་རྒྱུན་དེ་གལ་ཆེན་དུ་དགོངས་ཡོད། དགེ་བཤེས་ཀླད་མཁྲེགས་ཤིག་ཡིན་ན་དེ་འདྲའི་ལུང་རྒྱུན་ཙམ་གཙིགས་ཆེན་མི་བྱེད་ལ་སློབ་གཉེར་བ་དཀྱུས་མ་དང་མཉམ་དུ་རང་ལས་འཛིན་གྲྭ་དམའ་བའི་མི་ཞིག་གི་མདུན་དཔེ་ཁྲིད་ལ་ཡོང་བར་འཛེམ་ཟོན་བྱེད་མོད། རྒན་ལགས་ནི་དེ་ལྟའི་སྨྲ་བ་དང་རྣམ་རྟོག་ཡོད་ཚད་གད་སྙིགས་ནང་གཡུག་མཁན་ཞིག་ཡིན་པ་གཅིག་བུས་ཀྱང་སྐད་མགོ་མཐོན་པོ་འདུག་པས་བཤེས་གཉེན་ཡིན་ཡང་དུལ་བ་དང་ཞི་བ་མ་རེད་ཅེས་པའི་གླེན་བཤད་དག་གད་སྙིགས་སུ་བསྐྱུར་མི་འདུག་གམ།
ལྔ་པ། རྫོགས་ལྡན་མཚན་སྙན་གྱི་ལོ་རྒན་དྲུག
སྔོན་གྱི་དུས་སུ་རྟགས་གསལ་ཁྱབ་སྐོར་གཅིག་གིས་མཁས་པར་གྲགས་པ་ཡོད་པས། མཁས་པའི་སྙན་པ་གྲགས་སླ་ཞིང་བརྟན་པོའང་ཡིན། ཡིན་ནའང་། བརྡ་འཕྲིན་དུས་རབས་ལ་གྱུར་པ་དང་མཁས་པ་དང་དམ་པའི་སྙན་པ་ཡོད་ཚད་ཀྱང་དུས་ཡུན་ཅན་དང་ཚད་བཀག་ཅན། ཐ་ན་རྒུད་པ་དང་འཆའ་སྨོད་ཀྱི་གནས་སུའང་ལྷུང་སྲིད་པ་སོགས་སྙན་གྲགས་ཀྱི་དུས་ཚོད་ནི་སྐད་ཅིག་མ་དང་གློ་བུར་བའི་གནས་བབ་ཞིག་ན་ཡོད། གདན་ས་ཆེན་པོར་མཚོན་ན། སྙན་གྲགས་རྒྱས་སའི་སྡིངས་ཆ་གཉིས་ལས་གཅིག་ནི་འཇང་དགུན་ཆོས་དང་གཉིས་ནི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཡིན། སྡིངས་ཆ་འདི་གཉིས་སྔར་ནས་ཡོད་ནའང་། དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་དེ་གཉིས་ཀྱང་སྔ་མ་ལས་ཁྱབ་སླ་ཤིང་ཚད་མཐོན་པོར་གྱུར་ཡོད།
བྱེ་བྲག་གི་དོན་ལ་བབས་ན་རྒན་ཁོང་གི་ལྷ་རམས་ཀྱི་ལོ་དྲུག་དེ་ཁོང་གི་རྫོགས་ལྡན་མཚན་སྙན་གྱི་ལོ་དྲུག་ལ་གྱུར་ཡོད། དྲང་མོར་ཞུས་ན། གདན་ས་རུ་རྒན་ཁོང་ལྟ་བུའི་འཆད་རྩོད་ཀྱི་མཁས་ཚད་ཅན་གྲངས་ཀ་མི་ལོན་པའི་ཚད་མིན་ཡང་བརྩི་རྒྱུ་མེད་པ་གཏན་ནས་མིན། ལྷག་པར་ཁོང་གི་རྗེས་དེ་ག་རང་ལྷ་རམས་པ་དགའ་ཀླུ་བསོད་ནམས་རྒྱ་མཚོ་དང་ལྷ་རམས་པ་སེར་བྱེས་ཧར་གདོང་ཐབས་མཁས་རྣམ་པ་གཉིས་ཀྱིས་ལོ་དྲུག་པོ་བསྟུད་མར་ཨང་དང་པོའི་དང་པོ་བླངས་ཡོད་ལ། མཚམས་མཚམས་ཨང་དང་པོའི་དང་པོ་དང་ཨང་དང་པོའི་གཉིས་པའི་བར་དུ་སྐར་མ་སུམ་ཅུ་ལྷག་རེ་ཤོར་གྱིན་ཡོད། འདི་ནི་ལྷ་རམས་རྒྱུགས་སྤྲོད་ཀྱི་ཟིན་ཐོ་གཏོར་བའི་ཚན་པ་ཡིན་པ་མ་ཟད། རྒན་ཁོང་ཡང་ཁོང་རྣམ་པ་གཉིས་ལྟ་བུ་ཞིག་གི་འགྲན་ཡར་ལངས་ཡོད་ན་འགྲན་ཡར་ཡོང་དཀའ་ཚོད་ཡིན་རྒྱུ་རེད། ཡིན་ནའང་། ཁོང་རྣམ་པ་གཉིས་ཀྱང་དོ་སྣང་དང་སྙན་གྲགས་ཀྱི་ཆ་ནས་རྒན་ཁོང་ལས་བརྒལ་མེད། འོ་ན། རྒན་ཁོང་ལྷ་རམས་རྒྱུགས་སྤྲོད་ལ་ཕེབས་པའི་ལོ་དྲུག་དེ་ཅིའི་ཕྱིར་རྫོགས་ལྡན་མཚན་སྙན་གྱི་ལོ་ཟླར་གྱུར་བ་རེད་ཅེ་ན། གདན་ས་གསུམ་དང་དེ་ལས་ཀྱང་གྲྭ་ཚང་དྲུག་གི་ནང་དུ་རྣམ་ཀུན་འཆད་པའི་རིགས་ལམ་ལས་ར་བརྡར་རེས་བྱེད་མཁན་གྱི་གྲྭ་ཚང་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དང་མཁས་མང་བློ་གསལ་གླིང་གྲྭ་ཚང་གཉིས་ལས་སྐད་གྲགས་ཅན་གྱི་དཔེ་ཆ་བ་གཉིས་འཛིན་གྲྭ་གཅིག་ལ་འཁེལ་བ་དང་།ཁོང་གཉིས་ཀྱིས་ཀྱང་འགྲན་རེས་ལྟ་བུ་ཞིག་གི་སྣང་ཚུལ་ཅན་དུ་ལོ་རེས་མོས་ཀྱིས་ཨང་དང་པོའི་དང་པོའི་མཚན་སྙན་འདེགས་རེས་བྱས་པ་དེས་དམིགས་བསལ་དོ་སྣང་གི་མིག་མདུན་དུ་འགྲེང་བ་ཡིན། དེར་བརྟེན། ལོ་དང་པོ་ནས་བཟུང་ཏེ་ལོ་དྲུག་པོའི་རིང་གདན་ས་རིས་མེད་དུ་འཇམ་དཔལ་བློ་ཤེས་དང་ཟླ་བ་ཚེ་རིང་གཉིས་གླེང་དགོས་པ་ལྟ་བུར་གྱུར་ཅིང་། བར་ལམ་ཞིག་ལ་དགེ་ལུགས་རྒྱུགས་སྤྲོད་ཀྱི་རྒྱུགས་འབྲས་བཀྲམ་ལ་ཉེ་བའི་སྐབས་ནས་ད་ལོ་ཁོ་གཉིས་ལས་དང་པོ་སུ་ཡིན་ཨང་། ན་ནིང་ཟླ་བ་ཚེ་རིང་རེད་ད་ལོ་ཁོང་ཡིན་རྒྱུ་རེད་ཟེར་བ་ལྟ་བུའི་བགྲོ་གླེང་དང་རེ་སྒུག་ཞིག་ལ་གྱུར་། དེ་ནི་གདན་ས་ཆེན་པོའི་འཇང་དགུན་ཆོས་སོགས་ལས་བྱ་བྲལ་ཧྲེ་ཧྭོའི་མཚན་ཐོགས་ནས་གྲགས་སྐད་འབར་བ་དང་། བོད་དུ་གཏམ་བཤད་འཆད་ཁྲིད་སོགས་ལས་མཚན་སྙན་རྒྱས་པ། སྐུ་གཤེགས་དུས་རྗེས་དྲན་གྱི་སྙན་གྲགས་རྒྱས་པ་དག་ལས་ཀྱང་དགེ་ལུགས་རྒྱུགས་སྤྲོད་ཀྱི་ལོ་དེ་དོན་ལྡན་གྲགས་སྙན་གྱི་རྔ་བོ་ཆེ་བར་མེད་དུ་བརྡུངས་པའི་རྫོགས་ལྡན་མཚན་སྙན་གྱི་ལོ་རྒན་དྲུག་རེད་སྙམ།
བོད་དུ་ཕེབས་པ་དང་སྐུ་གྲོངས་པའི་སྐབས་སུ་བོད་ཁམས་རིལ་གྱིས་འདར་ཡོམ་ཐེངས་ཤིག་བྱས་པའི་སྣང་ཚུལ་ཞིག་དང་དེ་ལས་ཀྱང་ཤེས་ཡོན་པའི་སྡེ་རུ་ངུ་འབོད་ཀྱིས་གནམ་ས་གཡོས་པ་དེ་འུར་སྒྲ་དང་ཁྱབ་རྒྱ་སྔ་མའི་སྐབས་ལས་ཀྱང་ཤིན་ཏུ་རབ་ཏུ་ཆེ་བ་སྨྲོས་མི་དགོས་ཀྱང། དེའི་ནང་དུ་འུར་དང་སྒྲོ་བཏགས་ཀྱི་ཆ། ལད་ཟློས་ཀྱི་ཆ། ཐ་ན་བཀའ་ལོག་གི་ཆའང་ཡོད་པས་གྲགས་པ་དོན་ལྡན་དུ་གྱུར་ཡོད་མེད་ལྐོག་ཏུ་གྱུར་ཡོད།
དྲུག་པ། སྙིང་སྟོབས་ཆེན་པོའི་སྐྱེས་མཆོག
ཀ་ཁ་ག་ང་སྦྱངས་ནས་ཁ་གསོ་མི་ཐུབ་པའི་ངོས་འཛིན་ཞིག་ཡོངས་ཁྱབ་རང་བཞིན་དུ་ཡོད་ཀྱང་། དཔེ་མཚོན་རགས་མོ་བྱས་ནས་བཤད་ནའང་བོད་ཡུལ་གྱི་གྲྭ་ཇོ་འབུམ་ཕྲག་ཁ་ཤས་ཡོད་པ་ཚང་ན་ཀ་ཁ་ག་ང་ལ་བརྟེན་ནས་འཚོ་བ་རོལ་ཡོད་ལ། མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ཞིག་ཀ་ཁ་ག་ང་སྦྱངས་ནས་མཚན་གྲགས་ཀྱིས་ས་འདར་གནམ་གཡོ་བྱས་ཡོད། ཡིན་ནའང། དེ་དག་གི་ནང་དུ་ཀ་ཁ་ག་ངས་གནང་བའི་མཚན་སྙན་དང་ཤེས་རབ་བོད་ཁ་བ་ཅན་དུ་མི་འབུལ་བར་རྒྱ་ཡུལ་དང་ནུབ་ཕྱོགས་ལུང་བའི་པོ་རྡོ་མོ་རྡོ་སྲོག་རླུང་བ་ཚོར་རླུང་བཅོས་ཀྱི་ཕྱིར་དུ་འབུལ་མཁན་ཡོད་ལ། ཡར་བསྟུན་མར་བསྟུན་དང་ཇོ་བཟང་གི་མཚན་སྙན་བླངས་ནས་ལེགས་ཉེས་ཀྱི་རྣམ་གཞག་ཤེས་ཀྱང་ངག་མི་ཁྲོལ་བའང་མང་། ལྷག་པར་གདུག་རྩུབ་ཀྱི་སྲིད་བྱུས་ལ་བསྟུན་མཁས་ཀྱིས་གནས་བབ་དམར་དམར་རོ་དམར་དམར་རྗེན་རྗེན་དུ་སྐད་གསེང་མཐོན་པོས་སྒྲོག་མཁན་དང་། རྒྱལ་མཆོག་ཡིད་བཞིན་ནོར་བུའི་ལེགས་ཉེས་བླང་དོར་གྱི་རྣམ་གཞག་མ་ལུས་བོད་ཁ་བ་ཅན་དུ་སྐད་གསེང་མཐོན་པོ་དང་མ་ནོར་བར་སྒྲོག་མཁན་གྲངས་ཀ་བརྩིས་ཀྱང་མི་ལོན་པའི་གནས་སུ་མེད། མཐར་གཏུགས་ན་དེ་ཚང་མ་སྙིང་སྟོབས་ཀྱིས་མ་ལྕོགས་པ་དང་ཁེ་བཟང་མ་ཀློད་པར་ཐུག་ཡོད།
རྒན་ལགས་བོད་དུ་ཕེབས་པ་ནས་སྐུ་བདེ་བར་གཤེགས་པའི་བར་དུ། འཛེམ་ཟོན་དང་འཇིགས་སྣང་སྤུ་ཙམ་མེད་པར། རྒྱལ་བ་དོན་གྱི་བདག་པོ་དང་བླ་མ་རིན་པོ་ཆེ་ཞེས་ཁྲོམ་ཆེ་ས་དང་མི་མང་ས་ནས་བཀའ་སློབ་ལུང་འདྲེན་གྱིས་ལམ་སྟོན་གནང་མཁན་ཞིག་དང་། དེ་ཡང་རང་ཉིད་ཀྱི་འདོད་ཕྱོགས་སྒྲུབ་པ་ཙམ་དང་། རང་ཉིད་ཀྱིས་ཤེས་རབ་ཡིན་མདོག གོ་ལོག་དང་རྒྱུས་མེད་རྒྱུས་གཏམ་སྒྲོག་པ་སོགས་ཅི་ཡང་མིན་པར་རྒྱལ་བའི་དགོངས་པར་རྒྱུས་ཡོད་པ་དང་། རྒྱུས་ཡོད་པ་བཞིན་སྒྲོག་ཕོད་པ་དེ་དུས་ཚོད་དང་སྲིད་བྱུས་ཀྱི་གནས་བབ་གང་ནས་བལྟས་ཀྱང་སྙིང་སྟོབས་ཆེན་པོ་ཞིག་ཡིན་པར་བསྙོན་དུ་མེད་པ་མ་ཟད་རྒྱལ་བ་དོན་གྱི་བདག་པོའི་གསུང་གི་ཕོ་ཉ་དོན་ལྡན་པ་ཞིག་བྱས་ནས་སྐུ་ཚེ་མཐའ་བསྐྱལ་བ་དེ་ནི་ཇི་འདྲའི་རླབས་ཆེ་བའི་བསོད་ནམས་ཀྱི་གངས་རི་ཞིག་བཞེངས་ནས་ཕེབས་པ་རེད་ཨང་།
གསེར་གྱི་རི་བོ་དང་ཆོས་ཀྱི་རྒྱལ་མཚན། རིགས་པའི་མདའ་གཞུ་སོགས་ཐ་སྙད་གང་ཞིག་སྦྱར་ཡང་རྒན་ལགས་སུ་སྦྱོར་འོས་པ་ལོས་ཡིན་ཏེ། དེ་ལས་ཀྱང་། རྣམ་ཀུན་སྦྱངས་ན་ཕོར་བ་མི་གང་བའི་ངོས་འཛིན་ཅན་གྱི་ཀ་ཁ་ག་ངའི་སྣོད་བཅུད་ལས་འཚར་ལོངས་བྱུང་ཞིང་སྙན་པ་རྒྱས་པ་དེར་ངོས་འཛིན་དང་། ལྷག་པར་ཀ་ཁ་ག་ངས་གནང་བའི་ཤེས་རབ་དང་སྙན་པ་མ་ལུས་སྙིང་སྟོབས་ཆེན་པོས་ཀ་ཁ་ག་ངའི་རི་ལུང་ཐང་གསུམ་ལ་ཕུལ་བ་དེའང་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།
ལྷག་པར་ཆོས་པའི་གཟུགས་དང་ཆོས་ཀྱི་གོ་ཐོབ་ཅན་བླ་མ་དང་སྤྲུལ་སྐུ། ལས་ཀྱི་སྣེ་མོར་གཏོགས་པའི་ཆོས་ཀྱི་གཤེད་དུ་ལངས་པ་མཐའ་དག་ལ་རེ་རེ་བཞིན་དཔེ་དང་བཅས་ནས་སུན་འབྱིན་གྱི་གཏམ་བཤད་འཇིགས་ཞུམ་མེད་པར་གནང་བ་དང་། གྲྭ་བཙུན་དང་སྐྱ་སེར་རིས་སུ་མ་ཆད་པ་སློབ་གཉེར་གྱི་ལམ་དུ་བཙན་འདེད་ཐེངས་ཤིག་བྱས་པའི་མཛད་པ་དེ་ནི་བོད་ཁ་བ་ཅན་གྱི་ཕྱི་ནང་གསང་གསུམ་ལ་ཆག་འཇིག་གི་ཡོ་ལང་དར་བའི་སྐབས་སུ་རྣག་ཐོག་གཙག་འཁེལ་རང་ཡིན་པས་འདི་ལས་བཀའ་དྲིན་ཆེ་བ་ཞིག་གང་དུ་ཡོད།
བདུན་པ། ཕངས་སེམས་ཆེན་པོས་མྱ་ངན་ཞུ་བ།
མགོན་པོ་ཀླུ་སྒྲུབ་ཀྱིས། རི་བོ་ཀུན་ལ་ཙན་དན་མེད། །གླང་པོ་ཀུན་ལ་མུ་ཏིག་མེད། །ཡང་དག་དོན་གྱི་གཏམ་སྨྲ་བའི། །མཁས་པའང་ཀུན་ན་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་གནད་དོན་གང་ཡང་དྲང་བདེན་དུ་ངེས་པ་རྙེད་པ་ནས་བཟུང་ལྷ་ཕོགས་ཀླུ་ཕོགས་གང་ལ་འཛེམ་ཟོན་མི་གནང་བར་སྒྲུབ་ཕོད་པ་དང་། བཤད་ཕོད་པའི་སྐྱེས་མཆོག་ཁོང་ལྟ་བུ་ཧ་ཅང་དཀོན་ཞིང་། བོད་ཁ་བ་ཅན་དུ་གློག་འཁྱུག་པའི་ཡུན་ཙམ་གྱི་མཛད་འཕྲིན་ཞིག་བསྐྱངས་ནས་བདེ་བར་གཤེགས་པ་དེ་བསམ་ཞིང་བསམ་ཞིང་ཕངས་སེམས་ཀྱི་ཆུ་གཏེར་བརྡོལ་བའི་གནས་ལས་མ་མཆིས་མོད། གཞུང་ཆེན་ཤ་སྟག་ཆུ་ཚོད་ལྔ་བརྒྱ་ལྷག་གི་འཆད་འཁྲིད་ཀྱི་སྒྲ་བཤུས་བཞག་ནས་ཕེབས་པ་དེ་རིན་ཐང་གཞལ་མཐའ་བྲལ་བའི་ཡིད་བཞིན་གྱི་ནོར་བུ་ཞིག་བཞག་ནས་ཕེབས་པ་དང་འདྲ་བ་མ་ཟད། ཇི་སྲིད་བསྐལ་བ་མ་སྟོང་གི་བར་དུ་མི་འཛད་པའི་འཕྲིན་ལས་ཀྱི་ཆུ་རྒྱུན་ཞིག་དང་འདྲ་བས། འུ་ཅག་གི་བསོད་ནམས་སྡུག་པོ་རང་མིན་པའི་ཚོར་སྣང་ཡང་སྐྱེ་གིན་འདུག རྒན་ལགས་ནི་བྱ་བ་གང་ལའང་ཧ་ཅང་གཟབ་ནན་གནང་མཁན་ཞིག་ཡིན་པས་འཆད་འཁྲིད་དེ་དག་ལའང་ལད་ཟློས་མེད་པ་དང་གནད་འགག་ལ་བསྙབ་པ་ཤ་སྟག་ཡིན་པའི་ཡིད་ཆེས་ཡོད་དེ། རྒྱ་གར་དུ་བཞུགས་དུས་ཐར་ལམ་གསལ་བཤད་དང་ལེགས་བཤད་གསེར་ཕྲེང་ལྟ་བུའི་གཞུང་ཆེན་ཁ་ཤས་ཀྱི་འཆད་འཁྲིད་འོད་སྡེར་ཡོད་ལ། དེ་དག་ཚང་མ་ཚོགས་སྡེ་དང་སློབ་མ་སོགས་ཀྱིས་སྒྲ་བཤུས་བྱས་པ་མིན་པར། རྒན་རང་ཉིད་ནས་སྒྲ་བླངས། བསྐྱར་བཟློས་དང་དགོས་མེད།མི་གསལ་བ་དང་ཆད་པ་ཡོད་ན་བསྐྱར་དུ་སྒྲ་འཇུག་དང་བཅད་གཏུབ་ཀྱིས་ལེགས་སྒྲིག་བྱས་པ་ཤ་སྟག་ཡིན་པ་ཁོ་བོར་ཡང་གསལ་བས། འཆད་འཁྲིད་དེ་དག་ཚང་མ་གཞན་དག་གི་འཆད་འཁྲིད་སྒྲ་བཤུས་དང་འདྲ་བོ་མིན་པའི་ཡིད་ཆེས་ཡོད་པས། དེ་དག་ནི་གཟུར་གནས་བློ་ལྡན་དག་གི་ཤེས་རབ་ཀྱི་ཟས་མཆོག་རོ་བརྒྱ་ལྡན་པ་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད་པས། བཤད་སྟངས་གཞན་ཞིག་ནས་བཤད་ན། རྒན་ལགས་ཀྱི་སྐུའི་བཀོད་པ་བསྡུས་ཀྱང་གསུང་གི་འཕྲིན་ལས་སངས་རྒྱས་ཀྱི་བསྟན་པ་དང་ཀ་ཁ་ནམ་གནས་ཀྱི་བར་དུ་གནས་པར་ཐེ་ཚོམ་ཅི་ཡང་མེད་པས་འདི་ལས་ལྷག་པ་ཅི་ཞིག་དགོས་ཨང་སྙམ་པའི་སེམས་ཚོར་ཡང་ཡོང་གི་འདུག འོན་ཏེ།གསེར་གྱི་རི་དབང་ལྟ་བུའི་ཀ་ཁའི་སྐྱེས་ཆེན་ཞིག་འགྱེལ་བ་ནི་གངས་རི་དཀར་པོས་ཐེག་དཀའ་བའི་ན་ཟུག་ཡིན་པའང་སྨྲ་མ་དགོས་པ་ཞིག་རེད།
རྒན་ཁོང་གིས་ལྷ་རམས་བཏང་རྗེས་རྫ་སེར་ཤུལ་དུ་ཕེབས་པ་ཐོས་དུས། གདན་ས་ཆེན་པོའི་ནང་གི་རིགས་པ་སྨྲ་བ་དག་མི་སྐྱོང་བར་རྫ་ཀོག་སྐམ་པོ་དེར་ཕེབས་ནས་ཅི་བྱ་སྙམ་པའི་སེམས་ཚོར་ཞིག་སྐྱེས་ལ་ཁོང་ལ་རེ་ལྟོས་བྱེད་མཁན་ཕལ་ཆེ་བས་དེ་ལྟར་དགོངས་ཡོད་ཚོད་ཡིན། ཡིན་ནའང་། ད་ལྟ་འདང་ཞིག་བརྒྱབ་ན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་ནི། །སྙིང་རྗེ་ཆེན་པོས་ཞེས་གསུངས་པ་ལྟར་ཡིན་པ་ཞིག་དང་། སེར་ཤུལ་ཁྲི་བ་མཆོག་གིས་ཀྱང་རྒན་ལགས་ཀྱིས་ཅི་གསུང་བཀའ་སྒྲུབ་ཞུ་སྟངས་དག་ཐོས་དུས་ས་ཁུལ་དེ་ལ་ལྟོས་བཅས་ཀྱིས་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་པ་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཅི་གསུང་བཀའ་སྒྲུབ་ཀྱིས་བསྟན་སྲིད་ལ་ལག་རྗེས་བཞག་པ་དང་ཡང་འདྲ་བ་ལ་སྙམ་པ་ཞིག་ཡིད་ལ་འཁོར།
བོད་དུ་ཕེབས་ནས་པེ་རམས་པ་བཏང་བ་ལྟ་བུའི་མི་འདོད་མི་འཐད་པའི་གནས་ཚུལ་རེའང་ཐོས་རྒྱུ་འདུག་མོད། བསམ་བློ་བཏང་ན་དེའང་དགོས་དབང་བཙན་ཤེད་ཀྱིས་བཏང་བ་ཞིག་ལས་རྒན་ཁོང་རང་གི་ཐུགས་འདུན་ལྟར་བཏང་བ་ཞིག་མིན་ཚོད་ཡིན་ཏེ། དྲ་ལམ་སོ་སོར་ཁོང་ཞལ་བཞུགས་དུས་ནས་བཀྲམ་པའི་རྣམ་ཐར་རེའང་འགྲོ་གིན་འདུག་མོད་དེ་དག་གི་ནང་དུ་དེ་ཡི་ཟུར་ཙམ་ཡང་གསལ་བོ་མི་འདུག་པ་སོགས་རྒྱུ་མཚན་འགའ་རེ་ཡོད་ཀྱང་འདི་ཙམ་གྱིས་འཐུས་པར་བྱ།
གཞན་དུ་རྫ་སེར་ཤུལ་དགོན་པའི་ཁྲི་བ་ལགས་གཙོས་ལས་ཀྱི་སྣེ་མོར་གཏོགས་པ་ཡོད་ཚད་ཀྱིས་དམ་པ་དམ་པར་ངོས་ཟིན་པའི་སྟེང་ནས་ཞབས་ཞུ་གང་འཇོན་གྱིས་ཞུས་པ་དང་། སློབ་གཉེར་དང་འབྲེལ་བའི་སྐུ་དབང་ཡོངས་སུ་བསྐུར་བ་སོགས་ནི། རྗེས་སུ་ཡི་རངས་བྱ་བའི་གནས་སུ་གྱུར་འདུག་པས་དེ་དག་ལའང་ཐུགས་རྗེ་ཆེ་ཞུ་བར་འདོད།
དབུས་འགྱུར་ཉི་མ་ལྷ་སའི་ཞིང་ཁམས་ལྟ་བུ་ཡིན་ན་ཆོས་པར་གྲགས་པ་ཆོས་པ་དངོས་དང་ཆོས་ཀྱི་གནས་ལུགས་འབྱེད་ལ་རྨོངས་པ་མི་མངའ་བའི་རྒན་ལམ་རིམ་པ་དང་ཁོང་གི་རྒྱལ་ཚབ་ལྟ་བུར་བཞེངས་པ་དགའ་ལྡན་སྙན་གྲགས་རིན་པོ་ཆེ་ཚང་ལྟ་བུ་ཞལ་བཞུགས་པས། བསོད་ནམས་ཅི་བས་ཆེ་ཡང་། མདོ་ཁམས་ཀྱི་ཕྱོགས་སུ་ཆོས་པར་སྐད་གྲགས་ཆེ་ཡང་ཆོས་ཀྱི་ལམ་སྟོན་པའི་ཤེས་རབ་ཀྱིས་དབུལ་བ་འགའ་ཞིག་གིས་སེར་སྐྱ་ཁྲི་ཕྲག་མང་པོ་བསྡུས་ནས་མགོ་གཡོག་དང་ལོག་ལམ་ལ་འཁྲིད་པའི་གནས་ཚུལ་བསྟུད་མར་གྲགས་བཞིན་པའི་སྐབས་སུ། རྒན་ཁྱེད་རང་་བོད་དུ་ཕེབས་པ་མ་ཟད་ཆོས་པ་ཟོག་པོ་དག་ཐལ་བར་བརླག་པའི་དམ་ཆེན་ཆོས་རྒྱལ་གྱི་སྐུར་བཞེངས་ནས། བསྟན་པ་དང་ཤ་སྐལ་བརྗེ་མི་ཉན་པ་དང་། འབུལ་བ་དང་བརྐུས་ཟས་ནོར་མི་རུང་བ།སྡོམ་པ་དང་གཟན་ཤམ་འབྲལ་མི་རུང་བའི་གད་རྒྱངས་མཐོན་པོར་བསྒྲགས་པའི་སྣང་ཚུལ་དེ་བསམ་ཞིང་བསམ་ཞིང་བཀའ་དྲིན་གྱི་དབུ་རྩེ་སྤྲིན་རུམ་དུ་ཟུག་པའི་སྣང་ཚུལ་ཞིག་གིས་ཡི་རངས་ཀྱི་ལག་ཟུང་སྙིང་ཁར་ཟུམ་ལ་སུ་ཞིག་གིས་དབང་འདུད་ནུས་ཨང་།
སྤྱི་ལོ་ ༢༠༠༩ ལོར་ངས་གདན་སའི་རྟ་ལྕག་དང་འབྲེལ་བའི་ཞུ་སྙན་སྤྱན་འབུལ་ཞུ་སྐབས། འུ་གཉིས་ཀྱི་ཁ་རུ་ཁ་ཐུག་གི་བྱ་སྤྱོད་འདྲ་བོ་འདྲ་བོ་འདིས་ས་ཕོག་གནམ་ཕོག་གི་ཆག་སྒོ་སྣ་མང་ཞིག་སློང་མོད། སྙིང་རྗེས་ཀུན་ནས་བསླངས། རྒྱུ་འབྲས་དཔང་དུ་བཞག རིགས་པས་གཏན་ལ་ཕབ་པའི་གནས་ཤིག་བསྲན་ནས་གསང་དགོས་དོན་མེད་ཅེས་་གསུངས་པ་བཞིན་གླེན་པ་ངས་དེ་རིང་ཡང་དྲན་ཚད་ཚང་མ་ཁ་རུ་ཁ་ཐུག་ཡིག་ལམ་དུ་དྲངས་ནས་ཁྱེད་ལ་རྗེས་དྲན་དུ་ཕུལ་བ་ལགས་ན། ནོངས་པ་ཅི་མཆིས་རྟེན་འབྱུང་དམིགས་པ་མེད་པའི་དབྱིངས་སུ་བཟོད་པར་གསོལ་ལོ། །
རྒན་ཁོང་ལ་ཆོས་འབྲེལ་ཅན་གྱི་སློབ་མ་མིན་པས་དད་པའི་ཕྱོགས་སུའང་ལྷུང་མེད་ཚོད་ཡིན་ལ། རྒན་ཁོང་ལ་ཆ་རྒྱུས་ཅུང་ཡོད་པའང་གོང་གསལ་ལྟར་ལགས་པས་རྒྱུས་མེད་རྒྱུས་གཏམ་ཡང་མིན་ཚོད་ན་སོ་སྐྱེས་ཐ་མལ་བ་བདག་གི་མཐོང་སྣང་གི་སྐྱེས་བུ་ཆེན་པོ་དེ་ནི་འདི་ལྟར་རོ་ཞེས་མགྲིན་པ་བཏེགས་ནས་རྗེས་སུ་དྲན་མཁན་ནི་བོན་རྒྱ་བ་བསྟན་འཛིན་རབ་རྒྱས་སམ་ཤེད་བུའོ། ། སྤྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ ཉིན་ཧྥ་རན་སིར།
བོན་རྒྱ་བ་ལེགས་སོ།། རྩོམ་ཡིག་དོན་དང་ལྡན། ང་ཡང་སེམས་བློང་བློང་པོར་གྱུར།