ཡ་མ་ཚེ་རིང་།
གདན་ས་འདིར། དབྱར་དགག་དབྱེ་ཚར་ནས་ཉིན་ཤས་ལ་གུང་སེང་འཇོག་སྲོལ་ཡོད། སྐབས་དེར་གྲྭ་པ་ཚོས་སོ་སོའི་ཁང་ཚན་གྱི་ར་བའི་ནང་དགག་བྱ་མེད་པའི་རྩེད་མོ་སྣ་ཚོགས་རྩེ་ཆོག་པའི་དམིགས་བསལ་འདུག ད་ལོའི་དགག་དབྱེ་ལ་ངའི་གྲོགས་པོ་ཚོ་ཁ་ཤས་སྤོ་ལོ་རྩེ་རྒྱུར་གཡེངས། འགའ་ཞིག་ཀེ་རོམ་དང་རྩེད་མོའི་རིགས་གཞན་ལ་མགོ་འཁོར། ངས་ནི་ངལ་གསོའི་དུས་ཚོད་མང་ཆེ་བ་དྲ་ཉུལ་བྱས་ནས་བསྐྱལ་བ་ཡིན། དེ་རིང་ཁ་རྩང་གི་སྤྱི་ཚོགས་དྲ་ལམ་ནི་རྙོག་འཛིང་ཆེ་ལ་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་རེད།
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་མགོ་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༢ པའི་ཐོག་ཕན་ཚུན་ཁ་གཏད་དུ་གྱུར་པའི་རྒྱལ་ཁབ་ཨ་རི་དང་བྱང་ཀོ་རི་ཡ། རྒྱ་གར་དང་པ་ཀི་སི་ཐན་སོགས་ཀྱིས་ཕན་ཚུན་ལ་སྐྱོན་བརྗོད་དང་ཁྱོད་ཤི་ང་གསོན་གྱི་སྡིགས་ར་སྐུལ་རེས་བྱས་ཏེ་འཛམ་གླིང་འདི་སྐར་ཆ་རེ་རེ་ལ་ཛ་དྲག་དང་ཉེན་ཁའི་ཕྱོགས་སུ་འདེད་ཀྱིན་ཡོད།
ཡང་ཕྱི་ཚེས་ ༡༩ ཉིན་ནས་དྷ་རམ་ས་ལར། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཞི་པའི་སྟེང་། ཆོས་བརྒྱུད་སྤྱི་འཐུས་འགས་ཆོལ་ཁ་ཆོས་བརྒྱུད་བར་གྱི་འཆམ་མཐུན་གཏོར་བཤིག་གཏོང་བ་དང་། སྐུ་ཚེ་གང་པོར་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་པའི་རྒྱལ་བའི་བཀའ་དྲིན་ལ་ཅི་མི་སྙམ་པར། སྒེར་གྱི་ཁེ་ཕན་ཉི་ཚེ་བ་རེའི་ཆེད་དུ་ཁོང་རིན་པོ་ཆེ་ལ་ཟུར་ཟ་སྐུར་འདེབས་ཀྱི་མཚན་ཤས་བཟོ་བ་སོགས་ཆེས་མི་འོས་པ་དུ་མ་ཞིག་མཐོང་ལམ་དུ་གྱུར། འདི་ལས་རང་རེའི་འཐབ་རྩོད་ཀྱི་གནས་བབ་ཚད་གང་ཞིག་ཏུ་སླེབས་ཡོད་མེད་ཀྱང་ཟུར་ཙམ་དཔོག་ཐུབ་ངེས་རེད།
འོན་ཀྱང་འདིར། ཁོ་བོས་གླེང་འདོད་པ་ནི་ཉེ་ལམ་དྲ་ཐོག་གི་གནས་ཚུལ་གཞན་ཞིག་སྟེ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྣང་ཞིག་དགོན་གྱི་བོན་ཕྲུག་ཅིག་ལ་ཁ་པར་ལམ་ནས་བཀའ་མོལ་བྱས་པ་དེ་རེད། ཁོང་གཉིས་ཀྱི་གྲོས་མོལ་ནི་མཁན་པོ་ཁོང་གིས་ལོ་འགའི་སྔོན་དུ་རྒྱ་ཡིག་ཐོག་བྲིས་པའི་«ཤེས་རབ་སྒྲོན་མེ་» ཞེས་པའི་ཕྱག་དེབ་ཅིག་ཏུ་བོན་པོའི་གྲུབ་མཐའ་ངོ་སྤྲོད་མདོར་བསྡུས་ཤིག་བྱས་པ་དེར་ «བོན་པོའི་ཆོས་ནི་སངས་རྒྱས་ཆོས་ལུགས་སུ་མི་གཏོགས།» ཞེས་པ་དང་། «བོན་པོའི་ཆོས་ལུགས་འདི་ལ་སངས་རྒྱས་ཆོས་གཞུང་ནས་གསུངས་པའི་མཐར་ཐུག་གི་ཐར་པ་མེད།» ཅེས་གསུངས་པའི་སྐོར་ལ་རེད།
འདི་ལ་བོན་བསྟན་རྗེས་འཇུག་པ་ཚོ་དང་། ལྷག་པར་དུ་བོན་ཕྲུག་དེ་རྣམ་རྟོག་ཟ་ཞིང་ཡིད་མ་རངས་པར་གྱུར་པ་ཐུགས་ཁག་མེད་དུ་ཆུག་ཀྱང་། མཁན་པོ་ཁོང་གིས་«ཤེས་རབ་སྒྲོན་མེ་»ལ་དེ་ལྟར་བཤད་པ་ནི་སྤྱིར་བཏང་བོན་སངས་རྒྱས་པའི་ཆོས་མིན་པ་དང་། འདི་ལ་མཐར་ཐུག་པའི་ཐར་པ་མེད་ཅེས་པའི་དོན་མ་ཡིན་པར། འདི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་མིན་པ་དང་། དེ་ལས་འབྱུང་བའི་མཐར་ཐུག་གི་ཐར་པ་མེད་པའི་དོན་ལ་གོ་དགོས་ཏེ། རྒྱུ་མཚན་ནི་«ཤེས་རབ་སྒྲོན་མེ་» རྒྱ་ཡིག་ནང་བྲིས་པ་ཡིན་པས། རྒྱ་ཡིག་ལ་སངས་རྒྱས་པའི་ཆོས་ཟེར་ན་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལ་གོ་ཞིང་། དེབ་དེའི་ནང་དུ་སངས་རྒྱས་པའི་ཆོས་བོད་དུ་མ་དར་གོང་ནས་བོན་གྱི་ཆོས་ཡོད་ཅེས་བཤད་པ་འདིས་ཀྱང་སངས་རྒྱས་པའི་ཆོས་ཟེར་བ་དེ་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལ་ཤོད་ཀྱི་ཡོད་པ་ཚེགས་མེད་དུ་ཤེས་ནུས་ཞེས་གསལ་བཤད་བྱས།
ད་རུང་ཁོང་གིས་དེ་གས་ཐུགས་དོགས་མི་སེལ་ན། ངའི་རྩོམ་ཡིག་ལ་བསྒྱུར་བཅོས་གཏང་ཆོག ཁྱེད་ཚོ་ལ་ཐུགས་ཁག་མི་འདུག་ཅེས་གུས་ཞབས་དང་ངག་འཇམ་པོའི་སྒོ་ནས་ཁ་བརྡ་བྱས་ཀྱང་། བོན་ཕྲུག་དེས་གསན་འཇོག་གཏན་ནས་མ་གནང་བའི་ཁར། ཡང་བསྐྱར་ཨུ་ཚུགས་ཀྱིས། མཁན་པོ་ལ་སྤྱིར་བཏང་བོན་པོ་ནང་པ་ཡིན་ནམ། འདི་ལ་མཐར་ཐུག་གི་ཐར་པ་ཡོད་དམ་ཞེས་ཚ་འདྲི་བྱས་ཀྱང་། དེ་ལ་མཁན་པོ་ལགས་ཀྱིས་ཡིན་མིན་གྱི་ཁ་ཚོན་མ་བཅད་པས། ཁྱེད་ཀྱི་དམིགས་འདུན་རེ་ཞིག་ལམ་ལྷུང་མ་བྱུང་བ་ཡིན་ནོ།།
མ་གཞི་ནས་བོན་པོ་སངས་རྒྱས་པ་ཡིན་མིན་དང་། འདི་ལ་མཐར་ཐུག་གི་ཐར་པ་ཡོད་མེད་སོགས་ནི། བོན་པོའི་གཞུང་ནས་བཤད་པའི་གཞི་ལམ་གྱི་རྣམ་གཞག་ཡིད་བརྟན་འཕེར་ཞིང་ཁུངས་འཁྱོལ་བ་ཞིག་ཡོད་མེད་ལ་རག་ལུས་པ་ལས། མཚན་སྙན་ཡོད་པའི་མི་ཞིག་གིས་རྒྱབ་སྐྱོར་ཡོད་མེད་ལ་ཐུག་ག་ལ་ཡོད། དེའི་ཕྱིར་ན་བོན་པོ་གང་ཞིག་ཡིན་མིན་མཁན་པོ་ཚུལ་བློ་གྲོས་ཀྱི་གསུང་གི་རྗེས་སུ་འགྲོ་ལྡོག་བྱེད་རྒྱུ་ཞིག་གཏན་མིན་ནོ།།
རྣམ་པ་ཚོས་སེམས་རྣལ་དུ་ཕབ་ནས་དགོངས་བཞེས་ཡག་པོ་ཞིག་གནོངས་དང་། མཁན་པོ་ཁོང་གིས་གསལ་བཤད་ལས། སྤྱིར་བཏང་བོན་སངས་རྒྱས་པ་མ་ཡིན་ཞེས་བཤད་པ་མིན་པར་གྲུབ་ལ། ཚིག་ཟིན་ལ་གཞིག་ན་དེ་ལས་གོ་ས་གཞན་མི་འདུག་སྙམ་ན། རྩོམ་ཡིག་ལ་བསྒྱུར་བཅོས་གཏང་ཆོག་གསུངས་སོང་བས། ད་ནི་ཁྱེད་ཚོའི་བསམ་དོན་ཡོངས་སུ་འགྲུབ་སོང་བ་མིན་ནམ།
ལར་ནས་བསྟན་བཅོས་དེ་དང་དེར་གང་བསྟན་པ་ཐམས་ཅད་དེ་ལྟར་སྟོན་པ་པོའི་དགོངས་ཚུལ་ཡིན་པའི་ངེས་པ་མེད་དེ། གསུང་གི་དགོངས་པ་ལ་གསུང་པ་པོའི་དགོངས་པ་ཡིན་པས་མ་ཁྱབ་ཅེས་ཁ་ན་རེག་དང་། ལག་ཚ་རེག་བར་དུ་ཆོས་གྲྭའི་ནང་ནས་རྩོད་པ་བྱས་པ་མིན་ནམ། ཐུགས་བསམ་བཞེས་རོགས།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་བོན་ཕྲུག་ཅིག་ལ་ཁ་པར་ལམ་ནས་བགྲོ་གླེང་བྱས་པའི་བརྒྱུད་རིམ་ནང་ཆེ་ཚུགས་དང་སྒམ་ཚུགས་དོར་ཞིང་། ངང་རྒྱུད་རིང་པོ་དང་། གུས་ཞབས་དང་བརྩི་བཀུར་ལྡན་པ། ཆོས་བརྒྱུད་ཕན་ཚུན་བར་གྱི་མཐུན་ལམ་དམ་ཚིག་ལ་དགོངས་པ་ཆེ་བཞེས་ཀྱིས་མི་སེམས་དཀྲུགས་པའི་ཚིག་ངན་པ་གཅིག་ཀྱང་ཞལ་ནས་མ་ཐོན་ཞིང་། ཐ་ན་སྐད་ཤུགས་མཐོ་དམན་ཞིག་ཀྱང་མ་ཤོར་བ་ནི་མཁན་པོ་ཁོང་གི་གཟི་བརྗིད་དང་། ཤེས་པ་རང་བཞིན་དུ་གནས་པ་སུས་ཉན་ཀྱང་དང་བ་འདྲེན་པ་ཞིག་རེད་འདུག
བོན་ཕྲུག་གིས་དེ་ལས་ལྡོག་སྟེ། ཁོ་པོ་བོན་དགོན་མང་པོ་ཞིག་གི་ཚབ་མཚོན་དྲུང་ཆེ་ཞིག་ཡིན་པ་དང་། བོད་ཡུལ་དུ་བོན་པོའི་དགོན་པ་བདུན་བརྒྱ་ལྷག་ཡོད་པ་དང་། བོན་པོ་ལ་མཁས་པ་མང་རབས་སོགས་ཀྱིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་དཔུང་ངོམ་དང་གནོན་ཤུགས་སྤྲད། ད་དུང་ཁྱེད་ལ་ཁ་པར་བཏང་སྟེ་སྡིགས་ར་སྐུལ་མཁན་ཡོད་པ་མ་ཟད། ཁྱེད་རང་གསོད་དགོས་ཟེར་བ་ཡང་ཡོང་ངེས་རེད་ཅེས་འཇིགས་སྐུལ་བྱས་ཤིང་། ཁ་བརྡའི་མགོ་རྔ་ཀུན་ཏུ་མི་སེམས་ལ་ཕོག་པའི་ཚིག་ངན་སྣ་ཚོགས་སྨྲས། སྐད་ཆ་འདི་ཚོ་ལ་བལྟས་ན་ཁྱེད་ལ་མི་ལོ་སུམ་ཅུའི་ཡུན་ལ་བོན་པོའི་ཆོས་ལ་ཐོས་བསམ་སློབ་གཉེར་བྱས་པའི་ཚུགས་ཀ་ཞིག་རྩ་བ་ཉིད་ནས་མི་འདུག
ཡང་བོན་ཕྲུག་དེས། ཕྱོགས་གཞན་ཞིག་ནས་ཁོ་ལ་ཤེས་འཇོན་ཅི་ཡང་མེད། མཁན་པོ་ཁྱེད་ཀྱི་གསུང་དེ་ཚོ་མཇལ་ཡང་མ་མྱོང་། སྒེར་གྱི་བསམ་ཚུལ་ཙམ་ཞུ་ཡི་ཡོད་ཟེར། དེ་འདྲའི་རང་ཚིག་སྔ་ཕྱི་འགལ་ཞིང་། དངོས་ཤུགས་མི་མཚུངས་པའི་བཀའ་མོལ་དེ་ཚོ་ལྷས་གསན་ན་ངུ་ཤོར་ཞིང་། འདྲེས་ཐོས་ན་དགོད་ཤོར་བ་ཞིག་རེད་ལགས།
ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༧ ཉིན་ལ།