རྣམ་གྲོལ་གླིང་། དགའ་དགའ།
སྤྲིན་ནག་དྲག་ཏུ་ཁོལ་བའི་རི་རྩེ་ནས།།
དགུན་གྱི་ལྷགས་རླུང་ངར་མས་གཙག་ས་ནས།།
ལུས་པོ་དམར་རྗེན་རྒྱུག་པའི་ཕོ་ཧྲེང་ངས།།
སེམས་ཀྱི་སྙན་ངག་མཁའ་རུ་གྱེར་གྱིན་ཡོད།།
གནམ་ས་ཁ་ཐག་ཉེ་བའི་མཐོ་སྒང་དེར།།
ཆོས་ལུགས་ཤིག་གི་དྲི་མས་འཐུམ་ས་ནས།།
མ་ཤི་གསོན་པོ་དམྱལ་ཁམས་འགྲིམ་བཞིན་དུ།།
ནང་གི་ཚོར་འདུ་སྲིད་པར་བསྒྲགས་ནས་ཡོད།།
སྐྲ་ལོ་ཉིལ་ཉིལ་མགོ་བོ་དགྱེ་བཞིན་དུ།།
རྐང་པའི་རྟིང་ནས་ཤུགས་ཀྱི་འགྲེང་ཚུལ་དང་།།
པགས་ཙག་རལ་པོ་ལག་པས་འཕྱར་བ་ནི།།
རི་བོའི་སྤོ་ནས་རང་དབང་སྤྱོད་ཚུལ་ཡིན།།
འཕོངས་ཤ་རྡོག་རྡོག་རླུང་གི་བསིལ་གཡབ་ཡིན།།
སྒལ་ཚིགས་དྲང་པོ་རིགས་ཀྱི་སྲོག་ཤིང་རེད།།
བྲང་གཞུང་ལེབ་མོས་གངས་འཁྱཊ་བཞུ་བཞིན་ཡོད།།
ཅི་ཡང་གཏད་སོ་མེད་པའི་མི་ཞིག་མིན།།
ཟུང་ཁྲག་དྲོན་མོ་འཚོ་བའི་དཔང་རྟགས་ཡིན།།
དབུགས་ཀྱི་རྒྱུ་བ་མ་ཆད་སྔོན་རོལ་དུ།།
བཅོས་མིན་རྣམ་འགྱུར་ངོམ་ལུགས་མི་ཤེས་ཀྱང་།།
གྲུབ་མཐའ་ཟེར་བའི་འོག་ན་སྡོད་འདོད་མེད།།
མེས་པོ་གོང་མས་སྣང་སྲིད་བསྡུ་ས་ནས།།
སྤུན་ཟླའི་སྙིང་ཁྲག་ལམ་གྱི་བཞི་མདོར་བྱོ།།
ལྷ་དང་འདྲེ་ལ་གསོལ་མཆོད་མ་བྱས་མིན།།
ང་ཡི་རིགས་ཀྱི་བདེ་སྡུག་དེ་ཙམ་མོ།།
ཁ་ནས་མ་ཎི་བགྲང་བའི་གླེན་རྒན་འགས།།
ཚེ་རབས་མང་པོར་རེ་བའི་འབྲས་བུ་ཞིག །
འགྲུབ་རྒྱུ་ཐོབ་རྒྱུ་མེད་པའི་ལྐོག་གྱུར་དེས།།
མི་རིགས་ཤིག་གི་རྩ་སྒོ་བསྡམས་ནས་སོང་།།
སྨྱོན་པ་ང་ཡི་སྨྱོ་གཏམ་ཡ་མཚན་ཞིག།
དྲན་པའི་ཀློང་ནས་ཐོལ་གྱི་འཕྱུར་བཞིན་དུ།།
སེམས་ཀྱི་སྡུག་བསྔལ་བྱང་ཐང་སྤུར་མཁན་དེ།།
གདོང་དམར་བོད་པ་ཚང་གི་ཕོ་རྒོད་ཡིན།།